གཡང་སྒྲོལ། (༣)

images/stories/Gangkarsem/22.jpg( གསུམ་པ།)

( བརྩམས་སྒྲུང་། )
The girl ( novel )
央卓女 ( 小說 )

གཡང་སྒྲོལ་མགོ་སེར་དང་གཤིབས་པའི་ལོ་གསུམ་གྱི་རྗེས་སུ། ཉིན་ཞིག་གི་མཚན་མོར་གཡང་སྒྲོལ་ཅུང་ངོ་ཚ་དང་བཅས་མགོ་སེར་ལ། ང་ལ་ཕྲུ་གུ་འཁོར་འདུག ཅེས་བཤད། མགོ་སེར་དགའ་ཐག་ཆོད་དེ་ནོར་བུ། དངོས་གནས་རེད་པས། དེ་ང་ལ་མཚོན་ན་བསམ་ཡུལ་ལས་འདས་པ་རེད། དུས་ཚོད་ག་ཚད་འགྲོ་སོང་ངམ། ཞེས་དྲིས་པར་གཡང་སྒྲོལ་འཛུམ་དང་བཅས་ཟླ་བ་གསུམ་ཙམ་སོང་འདུག 

ངས་སྨན་ཁང་དུ་རྟག་དཔྱད་བྱས་པར་སྨན་པས་ཕྲུ་གུ་ཧ་ལས་པ་ཡག་པོར་བསྡད་འདུག་ཅེས་གསུངས་བྱུང་ཞེས་པར་མགོ་སེར་ཡར་ལང་སྟེ་ལག་གཉིས་འདར་བཞིན་གཡང་སྒྲོལ་གྱི་ཕྲག་པར་བཟུང་ནས་མོའི་དཔྲལ་བར་འོ་སྦྱར་ཞོར་དུང་ཚོར་ཆེན་པོས་ཨེ་མ་ཧོ། ད་ང་ལོ་རྒན་པོ་འདི་འདྲ་ཞིག་ལ་བུ་རྒྱུད་འབྱུང་རྒྱུ་ཡིན་པ་དེ་བསམ་ཡུལ་ལས་འདས་པ་ཞིག་རེད། 

ཐོག་མའི་སྐབས་སུ་ངའི་གཟུགས་པོའང་དེ་ཙམ་ཐང་པོ་མེད་པས་ཁྱེད་དང་མཉམ་དུ་ཚེ་མཇུག་གི་འཚོ་བ་ལྷིང་འཇགས་ཤིག་བསྐྱེལ་བསམ་པ་ལས་ང་ལ་བུ་རྒྱུད་ཡོང་རེ་དེ་ཙམ་བྱེད་ཀྱི་མེད། འོན་ཀྱང་ང་ངོ་མ་ལམ་འགྲོ་ཅན་དང་བསོད་བདེ་ཅན་ཞིག་རེད། ངའི་སྙིང་སྡུག་མ། ཐུགས་རྗེ་ཆེ། མགོ་སེར་རྒས་པོ་སེམས་ཚོར་ཆེ་དྲག་ནས་དེ་མུར་ལྷ་ང་ས་ལ་བཙུགས། གཡང་སྒྲོལ་ལ་ཕྱག་རྒྱ་བཅས་ཏེ་མོའི་སྤུས་མོ་ནས་འཐམ་བཞིན་མིག་གཉིས་ནང་མཆི་མས་ཁེངས་འདུག གཡང་སྒྲོལ་ཡང་དགའ་སྣང་ཆེན་པོས་ཡར་བཞེངས་དང་། ངེད་གཉིས་ལ་ཕྲུ་གུ་བྱུང་བ་ངའང་དགའ་པོ་འདུག ཅེས་བཤད་དེ་མགོ་སེར་འབོལ་གདན་ཐོག་སྐྱོར་ནས་ཁོའི་ཕྲག་པར་མགོ་བརྙས་ཏེ་ཁོ་རང་གཉིས་དུས་ཡུན་མ་འོངས་པར་ཁྱིམ་ཚང་ནང་ཚེ་སྲོག་གསར་པ་ཞིག་འབྱོར་རྒྱུའི་བདེ་སྐྱིད་ཀྱི་རྨི་ལམ་ཞིག་རྨིས་ནས་བསྡད། དེ་སྔོན་གཡང་སྒྲོལ་གྱིས་དགའ་རོགས་ལུགས་མཐུན་ཞིག་ཀྱང་བསྒྲིགས་མྱོང་མེད་པས་མོས་ད་ཆ་ལུས་ངག་ཡིད་གསུམ་མགོ་སེར་རྒས་པོར་གཏད་དེ་བློ་གཅིག་སེམས་གཅིག་གིས་མོའི་བརྩེ་དུང་གི་འཚོ་བ་གསར་པར་རོལ་འགོ་བརྩམས།

 

 

དུས་མཚུངས་དེའི་རིང་གཡང་སྒྲོལ་གྲོང་ཁྱེར་ཉེ་འཁོར་སློབ་ཆེན་ཞིག་ཏུ་ཟུར་སྦྱོང་སློབ་མའི་ཚུལ་གྱིས་མོ་རང་དགའ་མོས་ཡོད་པའི་མཛེས་བཟོའི་ཆེད་ལས་སྦྱོང་ནས་སློབ་གྲྭ་ནས་ཐོན་ལའང་ཉེ། སློབ་གྲྭའི་ནང་གཡང་སྒྲོལ་དང་སེམས་ཉེ་ཤོས་གྲོགས་མོ་ཨཱན་ཉི་དང་ཨཱན་ཉིའི་གྲོགས་པོ་གསུམ། དེ་བཞིན་ཁོ་ཚོ་ལས་འཛིན་རིམ་མཐོ་བའི་གཡང་སྒྲོལ་གྱི་གྲོགས་པོ་ཀྱཱོན་དང་བཅས་མི་གྲངས་དྲུག་མཉམ་དུ་སློབ་ཐོན་ཉེ་བའི་སྐབས་འདིར་རྟེན་འབྲེལ་མཚོན་བྱེད་དུ་རི་ལ་འཁྱམ་འཁྱམ་འགྲོ་རྒྱུའི་འཆར་གཞི་ཞིག་ཀྱང་མཐུན་མོང་གིས་བསྒྲིགས། གཡང་སྒྲོལ་གྱིས་མོའི་ཁྱོ་ག་མགོ་སེར་ཡང་ཁོ་ཚོའི་མཉམ་དུ་འགྲོ་ན་བསམ་ཡང་ཁོང་གིས་ཡག་ཤོས་བྱུང་ན་གཡང་སྒྲོལ་སྦྲུམས་མ་ཡིན་པས་སྤྲོ་འཆམ་ལ་མ་འགྲོ་ན་བཟང་ལུགས་བཤད། འོན་ཀྱང་མགོ་སེར་གྱིས་གཡང་སྒྲོལ་གྱི་རྣམ་འགྱུར་ལ་དཔྱད་རྗེས་གཏམ་ཆ་བྱེད་དོན། ཁྱེད་རང་སློབ་གྲོགས་ཚོ་མཉམ་དུ་འཆམ་འཆམ་ལ་འགྲོ་དུས་ཁོ་རང་མཉམ་དུ་མེད་ན་བཟང་ལུགས་དང་། དེ་ནས་ཁོས་གཡོག་པོར་མངགས་ཆ་བྱས་ཏེ་གཡང་སྒྲོལ་ལ་རི་ལ་ཉིན་གསུམ་བསྡད་རྒྱུ་ཡིན་སྟབས་ཉིན་མཚན་གཉིས་ཀྱི་གྱོན་ཆས་དང་ཟས་རིགས་སོགས་མཁོ་དགོས་གང་ལེགས་གྲ་བསྒྲིག་བྱས་ཤིང་མོས་གཟུགས་པོར་གཟབ་དགོས་ལུགས་ལེན་མང་གཏམ་ནས་བཏང་།

 

 

དེ་ནས་ཁོ་ཚོ་སློབ་མ་དྲུག་གྲོགས་པོ་ཀྱཱོན་གྱི་རླངས་འཁོར་དུ་བསྡད་དེ་གྲོང་ཁྱེར་བརྒལ་ནས་སྤྱི་ལེ་ཉིས་བརྒྱ་ལྷག་གི་མཚམས་སུ་རི་འབུར་དེའི་གཤམ་གྱི་ནགས་ཚལ་འགྲམ་དུ་སླེབས་དུས་གྲོགས་པོ་ཀྱཱོན་གྱིས་རླངས་འཁོར་རི་གཤམ་ཐང་ཞིག་ཏུ་བཞག་རྗེས་ཚང་མས་སོ་སོའི་རྡོག་འཕྲིས་སོགས་འཁྱེར་ནས་སོང་། ཁོ་ཚོས་ཕལ་ཆེར་རྐང་བགྲོད་ཀྱིས་རི་འབུར་གན་དུ་སྐར་མ་སུམ་བཅུ་ཙམ་འཛེགས་པས་དེར་ཐང་ཅུང་བདེ་མོ་ཞིག་ཡོད་པར་མཐོང་ནས་ཅ་དངོས་རྣམས་དེར་གཡུགས་རྗེས་རི་འབུར་དེའི་གཡང་གཟར་ཕྱོགས་ཀྱི་མུ་མཐའ་ནས་རྒྱང་ལྟ་བྱས་པར་གཤམ་འོག་ཏུ་གྲོང་ཁྱེར་གྱི་ཁང་པའི་གསེབ་ཏུ་ལྕང་སྡོང་རེ་གཉིས་རྒྱན་པ་མཐོང་ལམ་དུ་མངོན་། གྲོང་ཁྱེར་དབུས་སུ་ཁང་རྩེགས་མཐོ་བ་དེ་དག་ནི་དེ་བས་མིག་ངོར་མངོན་གསལ་དོད། རྒྱང་རིང་སར་བལྟས་ན་མུ་མཐའ་རུ་སྨུག་སྤྲིན་ཅུང་འཁྱིལ་བ་ལྟར་སྣང་ཡང་གནམ་ནི་ཧ་ཅང་དྭངས་ཤིང་སྔོ་བ་ཞིག་ཡིན་པས་ཚང་མའི་སེམས་ལ་རང་བཞིན་གྱི་སྤྲོ་སྣང་སྦྱིན། སློབ་གྲོགས་ཀྱཱོན་གྱིས་དེ་ནས་སྐད་ཤུགས་ཆེན་པོས་ཀི་སྒྲའང་སྒྲོག་པས་ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་ཀི་སྒྲ་སོགས་འདེབས། ཚང་མ་དེར་ལང་ནས་ཅུང་བལྟས་རྗེས་ཕྱིར་འཁོར་ཏེ་སློབ་གྲོགས་བུ་བཞིས་ཉལ་གུར་ཕུད་པ་དང་། བུ་མོ་གཉིས་ཀྱིས་ཟས་གཡོ་བསྐོལ་བྱ་བརྩིས་བྱས། དགུང་ཟས་ཀྱང་ཟོས་ཚར་རྗེས་ཁོ་ཚོས་མེ་ཕུང་སྒྲོན་ནས་མཚན་ཚོགས་ཆུང་ངུ་ཞིག་ཀྱང་འཚོགས། དེ་ལྟར་སྤྲོ་སྐྱིད་གཏོང་བཞིན་ཉིན་གཉིས་པར་སླེབས་དུས་ཀྱི་དགུང་དྲོ་དེར་སློབ་གྲོགས་བུ་ཚོས་ཨ་རག་འཐུང་བ་དང་། ཞབས་བྲོ་འཁྲབ་པ་བཅས་ཀྱིས་ཚང་མ་དགའ་སྤྲོ་སྨྱོ་ལ་ཉེ་བ་ལྟར་བྱས། 

 

 

མཚན་མོ་དེར་གཡང་སྒྲོལ་དང་གྲོགས་མོ་གཉིས་ཀྱིས་ཀྱང་ཨ་རག་ཉུང་ཙམ་འཐུང་བས་ཅུང་འགོར་རྗེས་གཡང་སྒྲོལ་ཅུང་མགོ་ན་སྟེ་ཕྱིར་མོ་རང་གཉིས་ཀྱི་ཉལ་གུར་དུ་སོང་། སྐབས་དེར་འཛིན་རིམ་མཐོ་བའི་སློབ་གྲོགས་གཅིག་གིས་ལག་ཏུ་ཨ་རག་ཤེལ་ཕོར་གཉིས་བཟུང་ནས་ཉལ་གུར་དུ་ཡར་འཛུལ། རག་བཟི་ཚར་བའི་སློབ་གྲོགས་དེས་གདོང་ལ་འཛུམ་མུལ་མུལ་དང་བཅས། གཡང་སྒྲོལ་མཛེས་མ་ལགས། ང་དང་མཉམ་དུ་ཨ་རག་ཏོག་ཙམ་འཐུང་རོགས་བྱོས་དང་། ཞེས་ཟེར་བར་གཡང་སྒྲོལ་གྱིས་གྲོགས་པོ། ང་རག་བཟི་བཞག ད་འཐུང་ཐུབ་ས་མ་རེད། ཁྱེད་རང་ངའི་གྲོགས་མོ་གཞན་འཚོལ་དུ་སོང་དང་། ཞེས་པར་སློབ་གྲོགས་ཀྱིས་དེ་འདྲ་མ་ཟེར་ཡ། ང་ཁྱོད་དང་མཉམ་དུ་འཐུང་འདོད་ཆེན་པོ་ཡོད། ཅེས་བཤད་ཅིང་གཡང་སྒྲོལ་ཕྱོགས་སུ་ཚུར་མཆོང་བ་ལྟར་བྱས་པས་ཁོ་རང་གཡང་སྒྲོལ་གྱི་མལ་ཁྲིར་རིལ་སོང་། གཡང་སྒྲོལ་ཡར་ལང་དགོས་བསམ་ཡང་གཟུགས་པོ་ཁྱོན་ནས་གཡོ་འགུལ་མི་ཐུབ་པ་ཆགས་སྟབས་དེ་མུར་ཉལ་ནས་ལུས། སློབ་གྲོགས་བུ་དེས་ཀྱང་ཁ་ནས་གཡང་སྒྲོལ་མཛེས་མ། གཡང་སྒྲོལ་མཛེས་མ། ང་དེ་སྔོན་ནས་ཁྱོད་ལ་དགའ་ནས་ཡོད། ང་ངོ་མ་བོད་པའི་བུ་མོ་ལ་ཧ་ཅང་དགའ། ང་དང་མཉམ་དུ་ཨ་རག་འཐུང་དང་། ཨ་རག་འཐུང་་་་་ཞེས་རྡབ་རྡུབ་ཀྱིས་སྨྲ་བཞིན་ཁོ་རང་ཡང་རིམ་གྱིས་ཉལ་ཁྲི་དེར་གཉིད་དུ་ཡུལ།

 

 

ཕྱི་ཉིན་ཞོགས་པ་སྔ་པོ་ནས་གཡང་སྒྲོལ་གཉིད་ལས་སད། མོས་གཟུགས་པོ་གཡོ་འགུལ་ཙམ་བྱས་པས་ལུས་ཡོངས་རྫོགས་ན་ནས་མགོའང་ཡར་གྱེར་མ་ཐུབ་པར་དེ་མུར་ལུས། དེ་ནས་མོས་ཅུང་ངལ་གསོས་ཏེ་མགོ་ཡར་སྟེགས་ནས་ལག་གཉིས་མལ་ཆས་ལ་འཇུས་གྲབས་སྐབས་འཁྲིས་སུ་མི་ཞིག་ཉལ་བར་མཐོང་མ་ཐག་ཞེད་ནས་སྐད་ཀྱང་ཤོར། དུས་དེར་ཕྱི་ནས་སློབ་གྲོགས་གཞན་བཞིས་མོའི་སྐད་གོ་ནས་གཅིག་རྗེས་གཉིས་མཐུད་ཀྱིས་གུར་ནང་ཡར་འཛུལ་ཡོང་བ་དུས་མཚུངས་ཁོ་ཚོ་ཚང་མའི་ངོ་གདོང་ནས་ཧ་ལས་པའི་རྣམ་འགྱུར་རེ་མངོན་ནས་འདུག གཡང་སྒྲོལ་ཡང་ཁ་ནས་སྐད་ཆ་ཚིག་ཅིག་མ་དོན་པར་དེ་མུར་ཧད་དེ་ལུས། སློབ་གྲོགས་མས་ལམ་སེང་གཡང་སྒྲོལ་གྱི་འཁྲིས་སུ་བཅར་ནས། ག་རེ་བྱས་སོང་། གནས་ཚུལ་འདྲ་ལྷག་མ་སོང་ངམ། ཞེས་དྲིས་པར་གཡང་སྒྲོལ་གྱིས་གེ་བྱུང་མ་སོང་། ང་མགོ་ཏོག་ཙམ་ན་ཡི་འདུག སློབ་གྲོགས་ཁོ་ངའི་ཉལ་ཁང་དུ་གང་འདྲ་ཟེར་སླེབས་པ་རེད་དམ། ཞེས་བཤད་ཅིང་ད་དུང་ཡང་འཁྲིས་སུ་གཉིད་དུ་ཡུར་བའི་སློབ་གྲོགས་བུ་དེ་གཉིད་ལས་སད་ཐབས་ཀྱིས་དཀྲུག་དཀྲུག་གཏོང་། 

 

 

སློབ་གྲོགས་དེའང་ཨ་རོ་ཤེ། མགོ་ན་ནས་ཨར་རྟེན་གྱི་མི་འདུག་ཅེས་བཤད་དུས་གཡང་སྒྲོལ་གྱིས་མོའི་འཁྲིས་སུ་ཉལ་ཡོད་པའི་སློབ་གྲོགས་དེའི་བྱེད་སྟངས་ལ་ལྟས་ཏེ་གཞི་ནས་ད་འགྲིག་མི་འདུག་སྙམ་པ་དུས་མཚུངས་སེམས་པ་སྐྱོ་བཞིན་བཟོད་མ་ཐུབ་ནས་ཅི་ཡིན་ཆ་མི་འཚལ་བའི་གྲོགས་མོ་གཅིག་ལ་འཐམ་ནས་ངུ་ཤོར། འཁྲིས་སུ་བསྡད་པའི་སློབ་གྲོགས་བུ་དེའང་གཉིད་སད་པས་ཁོས་སོ་སོ་གཡང་སྒྲོལ་དང་ཉལ་ས་གཅིག་ལ་ཉལ་བར་མཐོང་ནས་ལམ་སེང་ཡར་ལང་ཞོར། ང་འདིར་གང་འདྲ་སླེབས་པ་རེད། གཡང་སྒྲོལ། ངས་གང་ཡང་བྱས་མེད། ང་་་ ཁྱོད་ཚོས་ཡ་མཚན་ཆེ་མདོག་གིས་ང་ལ་ལྟ་རྒྱུ་ག་རེ་འདུག ང་མདང་དགོང་རག་བཟི་ནས་འདིར་སླེབས་པ་འདྲ། ངས་གཡང་སྒྲོལ་ལ་གནོད་གང་ཡང་བསྐྱེལ་མེད། ང་མདང་དགོང་འདིར་གང་འདྲ་སླེབས་པ་ཡིན་ན་དྲན་པའི་ཡུལ་ལ་མི་འདུག དགོངས་དག་་་ཅེས་ཁོས་མུ་མཐུད་དེ་འདྲ་ལྡབ་ལྡུབ་འགའ་ཡང་སྨྲས། དེ་ནས་སློབ་གྲོགས་བུ་གཞན་ཞིག་རླུང་ལང་ཞིང་ལམ་སེང་ཕྱིར་དོན་ནས་ཁྱོད་རང་ངོ་ཚ་ཡ་མི་འདུག ཁྱོད་ཀྱིས་གཡང་སྒྲོལ་ལ་ངན་པ་ག་རེ་བྱས་སམ། ང་ཚོ་ཚང་མ་རག་བཟི་རྗེས་སོ་སོའི་ཉལ་གུར་ནང་ཕྱིར་ལོག་པ་ཡིན་་་འོན་ཀྱང་ཁྱོད་རང་། ཁྱོད་ངོ་མ་མི་སྡུག་ཆགས་ཅིག་རེད། ཅེས་སོགས་ཚོད་ལྟའི་ཚུལ་གྱི་ཚོགས་གཏམ་ཆར་བ་བབས་པ་ལྟར་བསྒྲགས།

 

 

འོན་ཀྱང་སློབ་གྲོགས་དེས་ཁོང་ཁྲོ་དང་བཅས། ཁྱོད་ཚོས་དོགས་པ་ག་རེ་ཟ་བཞིན་ཡོད། ངས་གཡང་སྒྲོལ་ལ་གང་ཡང་བྱས་མེད། ང་མི་སྡུག་ཆགས་དེ་འདྲ་མིན། ཁྱོད་ཚོས་ང་ལ་ཡིད་ཆེས་མེད་པ་འདི་འདྲ་བྱེད་དུས་ང་ངོ་མ་བློ་ཕམ་ཚད་མེད་བྱུང་། ང་འགྲོ་གི་ཡིན། ཞེས་བཤད་ཅིང་ཁོས་ཁོང་ཁྲོ་དང་བཅས་སོ་སོའི་རྡོག་འཁྲིས་རྣམས་ཕྱོགས་གཅིག་ཏུ་བསྡམས་ནས་སྣོད་ཁུག་རྒྱབ་དུ་འཁྱེར་ཞིང་བྲེལ་འཚུབ་ཀྱིས་རི་འབུར་གཤམ་དུ་རྒྱུགས་སོང་། ཤུལ་ལུས་སུ་གཡང་སྒྲོལ་དང་སློབ་གྲོགས་གཞན་བཞི་ཅི་བྱ་གཏོལ་བྲལ་ལྟར་ལུས། འོན་ཀྱང་དེ་ནས་ཁོ་ཚོའང་སྐྱིད་ཀྱི་མཇུག་མ་མ་རྫོགས་གོང་སྡུག་གི་མཚོ་མོ་འཁྱིལ་བ་ལྟར་ཡུལ་བསྐོར་སྤྲོ་འཆམ་དེ་ལ་སྐྱིད་སྣང་མེད་པར་ཆགས་ཏེ་སོ་སོར་ཕྱིར་ལོག་དགོས་གྱུར།

 

 

ཕྱིར་ནང་དུ་ལོག་ནས་གཟའ་འཁོར་གཅིག་ཙམ་རྗེས་སུ་མགོ་སེར་གྱིས་ཐེངས་ཤིག་གཡང་སྒྲོལ་དང་ཉི་རར་བསྡད་སྐབས། གཡང་སྒྲོལ་ལ་ཁྱོད་རང་དེ་སྔོན་སློབ་གྲོགས་ཚོ་དང་སྤྲོ་འཆམ་སོང་སྐབས་གནས་ཚུལ་ཏོག་ཙམ་ལྷག་པ་འདྲ། དེའང་ཁྱོད་ཀྱིས་ང་ལ་བཤད་མ་བྱུང་། དེ་འདྲ་རེད་པས། ཅེས་པར་གཡང་སྒྲོལ་གྱིས་དེ་མ་ཐག གནས་ཚུལ་གང་ཡང་ལྷག་མེད། ཁྱེད་རང་བློ་བདེ་མོར་བྱོས། ཅེས་བཤད། མགོ་སེར་གྱིས་མུ་མཐུད་ཁྱོད་རང་གི་སློབ་གྲོགས་བུ་ཞིག་ལ་དགའ་ཡི་ཡོད་ས་རེད། དེ་འདྲ་ཡིན་ནམ། ངོ་མ་བྱས་ན་ངས་ཁྱོད་ལ་འདི་ལྟར་འདྲི་མི་ཉེན། འོན་ཀྱང་ང་བློ་བདེ་པོ་ཁྱོན་ནས་མི་འདུག ངས་ཁྱོད་ལ་གང་ཐུབ་ཅི་ནུས་ཀྱིས་ཡག་པོ་བྱེད་ཀྱི་ཡོད་མོད། ཁྱོད་རང་ད་ལྟ་ང་ལས་ལོ་ཆུང་བ་འདི་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་ཁྱོད་རང་གིས་མོས་མཐུན་ཡོད་པའི་སྒོ་ནས་ཐོག་མའི་སྐབས་སུ་ང་གདམ་ཁ་བྱས་ཟིན་པ་དང་། ངེད་གཉིས་ཆང་སའི་དཔང་ཡིག་ལེན་ནས་བཟུང་བཟའ་ཚང་ངོ་མ་ཆགས་ཟིན་པ་རེད། ངས་ཁྱོད་ལ་ཕྲུ་གུ་སྐྱེས་ཚར་རྗེས་ཆང་སའི་མཛད་སྒོ་ཁ་གནོན་དྲ་རྒྱས་པོ་གཞན་ཞིག་ཀྱང་འཚོགས་དགོས་བསམ་ནས་གྲ་བསྒྲིག་བྱེད་བཞིན་ཡོད། ཅེས་བཤད། གཡང་སྒྲོལ་དེ་ནས་ཅུང་མི་བདེ་བའི་རྣམ་འགྱུར་དང་བཅས། ཡ་ཡ། ཐུགས་རྗེ་ཆེ། ངོ་ཤེས་ཚོས་བཤད་པ་ལྟར་ན་ང་ལའང་རྒྱལ་ཁབ་འདིའི་ཡུལ་མིའི་དཔང་ཡིག་རག་པ་དང་། ཆང་སའི་མཛད་སྒོ་ཕར་མ་ཚར་སོང་ན་ངས་ཕ་མ་དང་སྤུན་མཆེད་འདིར་གདན་འདྲེན་ཞུས་ཏེ་ཁོང་ཚོའང་འདིར་ཕེབས་ནས་སྤྲོ་པོ་ཅུང་འབྱུང་ན་བསམ་གྱི་འདུག་ལགས། ཅེས་དེ་སྔོན་གྱི་གནས་སྟངས་གླེང་འདོད་མེད་པར་གནས་ཚུལ་གཞན་ཞིག་བཤད་སྐབས་མགོ་སེར་རྒས་པོ་ཅི་ཡིན་ཆ་མི་འཚལ་བར་གཡང་སྒྲོལ་གྱི་སྐད་ཆ་ཉན་ཚར་མ་ཐག་དེར་ལན་གང་ཡང་མ་སྤྲོད་པར་རླུང་ཧ་ཅང་ལང་བའི་རྣམ་འགྱུར་སྦྲགས་ཧུར་གྱིས་ཡར་ལང་ནས་མགོ་ཕྱིར་མ་འཁོར་བར་ཁོའི་ཁང་པའི་ནང་འཛུལ་སོང་། ཤུལ་དུ་གཡང་སྒྲོལ་གྱིས་མགོ་སེར་མོ་རང་ལ་ཏོག་ཙམ་ཁོང་ཁྲོ་ཟ་བར་མཐོང་ཡོད་ཀྱང་མོའི་སེམས་ནང་མགོ་སེར་གྱིས་མོ་རང་སྤྲོ་འཆམ་སྐབས་ཀྱི་གནས་ཚུལ་དེ་གསལ་པོ་མ་བཤད་པར་རླུང་ལང་གི་ཡོད་པ་ཤེས་ཀྱང་དེ་དག་བཤད་མི་བདེ་བའམ་བཤད་མ་ཕོད་པས་རྗེས་སུ་དུས་ཚོད་རན་འཚམ་ཞིག་ལ་འགྲེལ་བརྗོད་ཞིབ་གསལ་བྱ་ན་བསམ་བཞིན་དབུགས་རིང་ཞིག་གཏོང་ནས་དེ་མུར་ཅི་བྱ་གཏོལ་བྲལ་དུ་བསྡད།

——མུ་འགོད། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།