གཡང་སྒྲོལ། (༢)

images/stories/Gangkarsem/22.jpg

( གཉིས་པ། )

( བརྩམས་སྒྲུང་། )

The girl ( novel )
央卓女 ( 小說 )

 དེ་རྗེས་གཡང་སྒྲོལ་ཕ་མའི་བཀའ་བཀོད་ལྟར་ཨ་རིར་སོང་། གཞིས་གྲོང་གི་མི་ཚོས་བཤད་སྲོལ་ལྟར་ན་ཐོག་མར་གཡང་སྒྲོལ་ཕྱི་རྒྱལ་གཏོང་དུས་ཕ་མ་གཉིས་ཀྱིས་མོ་ཕྱི་རྒྱལ་སླེབས་སོང་ན་ངེས་པར་དུ་ལས་ཀ་རག་རྗེས་ཨ་སྒོར་བསགས་ཐུབ་རེ་དང་། དེ་ནས་ནང་གི་དཔལ་འབྱོར་དཀའ་ངལ་སེལ་ཐུབ་པའི་རེ་བ་ཆེན་པོ་བཅང་ཡོད་ལུགས་སོགས་ཕ་མ་གཉིས་ཀྱིས་གཏམ་པོ་བྱས་པ་ལས། ཕྱི་རྒྱལ་སླེབས་རྗེས་ཀྱི་གནས་སྟངས་དེ་དག་མོས་ཁྱོན་ནས་ཤེས་ཀྱི་མེད་པ་རེད་འདུག

 སྐབས་དེར་གཡང་སྒྲོལ་གྱི་གཅེན་མོས་ཟེར་བ་ལྟར་ན། ཕ་མ་གཉིས་ཀྱིས་གཡང་སྒྲོལ་ལ་ད་ཐེངས་ངོ་ཤེས་ཀྱི་གྲོགས་པོ་ཡག་པོ་ཞིག་རག་སྟེ་མོ་རང་ཨ་རིར་འགྲོ་རྒྱུ་བྱུང་བས་ཕར་སླེབས་སོང་ན་ལས་ཀ་ཧུར་ཐག་བྱས་ཏེ་ནང་གི་དཔའ་འབྱོར་དཀའ་ངལ་སེལ་དགོས་པ་དང་། གཅུང་མོ་དང་གཅུང་པོ་གསུམ་མ་འོངས་པར་མཐོ་སློབ་འགྲིམས་དགོས་པས་སློབ་ཡོན་མང་པོ་སྤྲོད་དགོས་ཚུལ་གཙོས་གཏམ་ཆའི་སྐད་ཆ་བཤད་པ་ལས། ཕྱི་རྒྱལ་དུ་འགྲོ་བའི་དགོས་དམིགས་གཞན་གང་ཡང་བཤད་མ་སོང་ཞེས་བཤད་འདུག དོན་དངོས་ཐོག་ཕ་མ་གཉིས་ཀྱིས་སྔར་ནས་བུ་མོ་གཡང་སྒྲོལ་ཕར་ཕྱོགས་ཀྱི་ངོ་ཤེས་དེ་བརྒྱུད་ཕྱི་རྒྱལ་ཞིག་ལ་མོ་མནའ་མ་སྤྲོད་རྒྱུ་བཟོས་པ་རེད་འདུག 

 

བཤད་སྲོལ་ལ་མགོ་སེར་དེ་ཕྱུག་བདག་ཅིག་ཡིན་པ་མ་ཟད། ཁེར་རྐྱང་གི་མི་ཞིག་ཀྱང་ཡིན་འདུག མགོ་སེར་དེས་ཁོའི་གྲོགས་པོ་བོད་པ་ཞིག་བརྒྱུད་བོད་པའི་བུ་མོ་ཞིག་དང་དགའ་རོགས་བསྒྲིག་འདོད་ཡོད་སྐོར་བཤད་ཅིང་། བོད་པའི་གྲོགས་པོ་དེས་རོགས་རམ་འོག་བུ་མོ་གཡང་སྒྲོལ་རག་པ་རེད། དེ་ནས་དབྱར་གཞུང་ཞིག་ལ་བུ་མོ་གཡང་སྒྲོལ་གྱིས་ཀྱང་དེའི་སྐོར་ཤེས་ཀྱང་ཕ་མའི་བཀའ་ལ་ཉན་ཞིང་ལྐོག་ཏུ་མིག་ཆུ་གཏོང་ནས་བསྡད་རྒྱུ་ལས་མ་རྙེད། དེ་བས་མོ་རང་བཟའ་ཚང་མཉམ་འདུས་ཀྱི་མིང་ཐོག་ནས་མགོ་སེར་དེས་ཨ་རིར་ལས་སྟབས་བདེའི་ངང་ནས་འཐེན་ཐུབ་པ་བྱུང་། འོན་ཀྱང་དུས་མཚུངས་སུ་བསམ་ཡུལ་ལས་འདས་པའི་དཀའ་ངལ་གཞན་ཞིག་གིས་གཡང་སྒྲོལ་ཅི་བྱ་གཏོལ་བྲལ་དུ་ལུས། དེའང་གཡང་སྒྲོལ་ཨ་རིར་སླེབས་ཙམ་ལ་ཁྱིམ་མིའི་ངོ་ཤེས་གྲོགས་པ་དེ་གནམ་ཐང་ལ་མོ་རང་བསུ་སར་སླེབས་རྗེས་ཐད་ཀར་གྲོགས་པོའི་ཁྱིམ་དུ་འཁྲིད། གྲོགས་པོ་དེ་ལ་བཟའ་ཟླ་དང་ཕྲུ་གུ་བུ་བུ་མོ་གསུམ་ཡོད་ཅིང་ཁོ་ཚོ་ཨ་རིའི་ཉུག་ཡོག་གྲོང་ཁྱེར་གྱི་མཐའ་རུ་རྒྱ་རིགས་ཕྱུག་བདག་ཅིག་གི་ཁང་པ་ཐོག་རྩེགས་སྟར་ཕྲེང་ཅན་གྱི་ཁང་མིག་ཆེ་ཆུང་འབྲིང་ཙམ་ཞིག་གླས་ནས་བསྡད་འདུག

 

 

གཡང་སྒྲོལ་དེར་སླེབས་མ་ཐག་གྲོགས་པོའི་བཟའ་ཟླ་མོ་ཡིས་མོ་རང་ལ་དགའ་སྣང་དང་བཅས་སྣེ་ལེན་ཡག་པོ་བྱས་པ་མ་ཟད། གྲོགས་པོའི་ཕྲུ་གུ་བུ་མོ་ཆེ་བ་ལོ་བཅོ་ལྔ་ཅན་དེས་ཀྱང་གཡང་སྒྲོལ་ལ་སེམས་ཉེ་མོར་བྱེད་སྟབས་གཡང་སྒྲོལ་ལ་སྤྲོ་སྣང་མི་འདྲ་བ་གཞན་ཞིག་བྱུང་། དེ་ནས་གཡང་སྒྲོལ་གྲོགས་པོའི་སར་བདུན་གཅིག་ཙམ་བསྡད་རྗེས་གྲོགས་པོས་ཐེངས་ཤིག་གཡང་སྒྲོལ་གྱི་ཕ་མས་མོ་རང་མགོ་སེར་རྒན་པོ་ཞིག་ལ་མནའ་མ་སྟེར་རྒྱུར་མོས་མཐུན་བྱས་ལུགས་དང་། མགོ་སེར་རྒན་པོ་དེའང་མི་ཤེས་ཡོན་ཅན་ཀུན་སྤྱོད་གཙང་བ། སེམས་བཟང་ཅན་ཞིག་ཡིན་པ་མ་ཟད་བོད་པའི་གནད་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལུགས་སོགས་རྒན་པོ་དེ་གང་ས་ཅིའི་ཐད་ནས་ལེགས་ཚུལ་མང་དག་ཅིག་སོགས་བསྐྱར་བཤད་ཡང་བཤད་བྱས། 

 

གཡང་སྒྲོལ་གྱིས་གྲོགས་པོའི་སྐད་ཆ་དེ་དག་ཐོས་དུས་བཟོད་མ་ཐུབ་པར་སླར་མིག་ནང་གི་མཆི་མ་ལྷུང་ལྷུང་སར་བབས་ཅིང་ཐོག་མར་ངའི་ཕ་མས་ང་འདིར་སོང་ནས་ལས་ཀ་ཡག་པོ་བྱོས། དངུལ་མང་ཙམ་བསགས་ནས་ཕྱིར་བསྐུར་རྗེས་ངའི་ཁྱིམ་དང་འོག་མ་སྤུན་ཡ་ཚོར་རོགས་སྐྱོར་དགོས་ལུགས་གསུང་བ་ལས་ང་འདིར་ཕྱི་རྒྱལ་བ་ལ་མནའ་མ་སྟེར་གྱི་ཡིན་ལུགས་ཞིབ་གསལ་གང་ཡང་བཤད་མ་སོང་། ཡིན་ཡང་ད་ཚར་སོང་བ་རེད། ་་་་་་དུས་ཡུན་རྗེས་གཡང་སྒྲོལ་ངུ་མཚམས་བཞག་སྟེ་ཇོ་ལགས། ད་ངས་ཕ་མའི་བཀའ་བཀོད་ལྟར་དེར་ཁེས་ལམ་མ་བྱས་ན་ལས་རྒྱུ་འབྲས་ལའང་འགྲོ་གི་མ་རེད། དེ་བས་ཇོ་ལགས་ཁྱེད་རང་གིས་ཐག་གཅོད་རོགས། ངས་ཁྱེད་ཀྱི་བཀའ་ལ་ལོས་ཉན། གཡང་སྒྲོལ་ཅུང་ངུས་རྗེས་ཇོ་ལགས་ལ་ཁ་ཕྱོགས་ནས་སེམས་ཐག་ཆོད་པོས་དེ་འདྲ་བཤད། ཇོ་ལགས་ཀྱང་གཡང་སྒྲོལ་ལ། བུ་མོ་ཁྱོད་རང་སེམས་སྡུག་རྩ་བ་ནས་མི་དགོས། རྒན་པོ་ཁོང་མི་སྡུག་ཆགས་དེ་འདྲ་མ་རེད། ང་དང་ཁོང་ལོ་ཉི་ཤུ་ཙམ་མཉམ་དུ་གཤིབས་པ་ཡིན། ཁོང་དེ་སྔོན་ལས་ཀ་ཁོ་ནར་མགོ་འཁོར་ནས་བསྡད་པས་མནའ་མའང་ལེན་མེད། འོན་ཀྱང་ད་ཆ་དགོང་ལོ་ཅུང་མཐོན་པོར་སླེབས་དུས་བོད་པའི་བུད་མེད་ཅིག་མནའ་མ་ལེན་འདོད་ཡོད་སྐོར་ང་ལ་བཤད་པ་རེད། ངས་ཀྱང་དེ་ཤེས་རྗེས་དེ་སྔོན་གཞིས་ཆགས་སུ་ལོ་མང་མཉམ་དུ་གཤིབས་མྱོངས་པའི་ཁྱེད་ཀྱི་ཕ་མར་སྐད་ཆ་དྲིས་པ་ཡིན། ཁྱོད་ཀྱི་ཕ་མས་ང་ལ་ཐུགས་རྗེ་ཆེ་གསུངས་སོང་བ་མ་ཟད། ཁྱོད་རང་རྒྱ་གར་ནས་མཐོ་སློབ་ཐོན་ཡང་མ་འོངས་པར་མདུན་ལམ་ཆེར་མེད་ལུགས་སོགས་གསུངས་ནས་ང་ལ་དེའི་སྐོར་ངེས་པར་དུ་རོགས་པ་བྱ་རོགས་གསུངས་སོང་། ངའི་ངོ་ཤེས་རྒན་པོ་ཁོང་གི་འདོད་ཚུལ་བཅས་ཁྱོད་ཀྱི་ཕ་མར་བཤད་པས་ཁྱོད་ཀྱི་པ་ལགས་ཀྱིས་དེར་དགའ་སྣང་ཆེན་པོ་གནང་སོང་བ་མ་ཟད། བུ་མོ་ཁྱོད་རང་རྒན་པོ་སར་མནའ་མར་སྟེར་རྒྱུ་དགའ་སྤྲོ་ཆེན་པོ་གནང་གི་འདུག སྤྱིར་ན་བུ་མོ་ཁྱོད་ལའང་རང་གི་མི་ཚེའི་གདམ་ཁ་ལོས་ཡོད་ཆོག་ཀྱང་རྒན་པོ་ཁོང་ངོ་མ་ངས་རྒྱུས་ཡོད་དང་ཧ་ཅང་རྙེད་དཀའ་བའི་མི་བཟང་པོ་ཞིག་རེད། དེས་ན་ཁྱོད་རང་གི་མ་འོངས་པར་གྱོང་རྩ་བ་ནས་ཡོད་རེད་དྲན་གྱི་མི་འདུག ཅེས་སོགས་བསླབ་བྱའི་ཚུལ་མང་པོ་བྱས། 

 

 

གཡང་སྒྲོལ་ནི་ད་ལྟའི་ཆར་ཁྱིམ་ནང་དཔལ་འབྱོར་གྱི་དཀའ་ངལ་ཆེ་ལུགས་ཀྱི་གནས་སྟངས་ཧ་གོ་ཡང་མགོ་སེར་དེའི་མནའ་མར་འགྲོ་འདོད་མེད་ཀྱང་ཁྱིམ་མིའི་བཙོས་པའི་ཆང་དེ་མ་ཞིམ་ནའང་མོས་མ་འཐུང་རང་འཐུང་ཆགས་སྟབས་དེར་ངོས་ལེན་མི་བྱེད་ཀ་མེད་དུ་གྱུར་བ་དུས་མཚུངས་སུ་གཡང་སྒྲོལ་གྱི་སེམས་ལའང་ཅི་ཡིན་ཆ་མི་འཚལ་བའི་ཚོར་འདུ་ཡ་མ་ཟུང་ཞིག་གིས་ཁེངས། 

 

དེ་རྗེས་བདུན་གཅིག་ལྷག་ཙམ་གྱི་ཉིན་ཞིག་ཇོ་ལགས་ཀྱིས་གྲོགས་པོ་གཞན་ནས་རླངས་འཁོར་ཞིག་གཡར་ཏེ་མགོ་སེར་རྒན་པོའི་མངགས་ཆ་ལྟར་ཁོ་གཉིས་མགོ་སེར་བགྲེས་པོ་དེའི་ནང་དུ་སོང་། གཡང་སྒྲོལ་དང་ཇོ་ལགས་གཉིས་དེར་སླེབས་མ་ཐག་གཡང་སྒྲོལ་ཐོག་མར་རླངས་འཁོར་ནས་སར་བབས་རྗེས་མོའི་མིག་ཆེན་པོ་གཉིས་ཀྱིས་མདུན་གྱི་གཞིས་ཁང་ལ་ཅེར་ནས་བསྡད། མགོ་སེར་རྒས་པོའི་ཁྱིམ་དེ་ནི་གྲོང་ཁྱེར་ཉུག་ཡོག་ནས་སྤྱི་ལེ་བརྒྱ་མ་ཟིན་ཙམ་གྱི་ཞིང་ར་ཞིག་ཏུ་ཆགས་འདུག དེ་ནི་གྲོང་ཁྱེར་གྱི་འུར་ཟིང་དང་རྦེད་དེ་ལྡོག་ཏེ་ལྷིང་འཇགས་ཀྱི་ས་དུམ་ཞིག་ཡིན་ལ་སྐྱིད་སྣང་དོད་པའི་ཕྱི་ལུགས་ཀྱི་ཁང་རྩེགས་གསུམ་ཅན་འབྲིང་ཙམ་ཞིག་རེད། སྐབས་དེར་མི་དར་གཞོན་གཟུགས་རིང་པོ་ཞིག་སྒོ་ཁར་ལང་བར་མཐོང་། གཡང་སྒྲོལ་གྱིས་ད་མི་དེའི་མོའི་མ་འོངས་པའི་བཟའ་ཟླ་ཡིན་ཚོད་སྙམ་བཞིན་ངོ་ཚ་དང་བཅས་ཇོ་ལགས་ཀྱི་རྒྱབ་ཏུ་ཅུང་ཡིབ་པའི་ཚུལ་གྱིས་གོམ་པ་དལ་པོའི་ངང་མདུན་དུ་སོང་། དར་གཞོན་དེས་ཁོ་གཉིས་སར་ཚུར་བཅར་ནས་ཁྱེད་གཉིས་ལ་དགའ་བསུ་ཡོད། སྦྱིན་བདག་ལགས་སྔ་པོ་ནས་ནང་ལ་སྒུག་ཡོད། ནང་ལ་ཕེབས་ཅེས་བཤད་པར་གཡང་སྒྲོལ་གྱིས་དེ་ནི་མོའི་མག་པ་རྒན་པོ་དེ་མིན་པ་གཞི་ནས་ཤེས། 

 

དེ་ནས་གཡང་སྒྲོལ་གྱིས་སྒོ་རའི་ནང་རླངས་འཁོར་ཆེ་ཆུང་གསུམ་བཞག་ཡོད་པ་དང་ཁང་པའི་ཕྱི་ནང་གང་སར་ཧ་ཅང་གཙང་སྦྲ་དོད་ཅིང་སྐྱིད་ཉམས་ལྡན་པར་མཐོང་། ཁོ་གཉིས་ནང་དུ་འཛུལ་མ་ཐག་མགོའི་སྐྲ་དུང་ལྟར་དཀར་ཞིག་འོད་དང་ལྡན་པ། ལུས་ལ་ཆ་འགྲིག་གི་གྱོན་གོས་ནག་པ་གྱོན་ཞིང་། སྐེ་འཆིང་དམར་པོ་ཞིག་རྒྱན་པ་དེ་ཧ་ཅང་མངོན་གསལ་དོད། རྐང་པར་འོད་རྒྱག་པའི་མཇུག་རྟ་ནག་པོའི་རྐོ་ལྷམ་གྱོན་པའི་གཟུགས་པོ་ཆུང་བའི་བགྲས་པོ་ཞིག་ངོ་གདོང་ལ་ཧ་ཅང་འཛུམ་དང་བཅས་མགྲོན་པོ་སྣེ་ལེན་བྱེད་སའི་ཁང་མིག་དེའི་དབུས་སུ་ལང་འདུག་པ་མཐོང་མ་ཐག་སེམས་སུ་ཁོང་ངའི་ཨ་ཕ་ལས་ཀྱང་ལོ་ཆེ་བ་ཡོད་ས་རེད། ཅེས་སེམས་སུ་གྲང་ཤུལ་ཤུལ་གྱི་ཚོར་བ་ཞིག་ཤར། འོན་ཀྱང་མོས་ལམ་སེང་སེམས་ཚོར་དངོས་དེ་སྦ་གསང་གིས་ངོ་ལ་འཛུམ་དང་བཅས་གུས་ལུགས་ཆེན་པོས་རྒན་པོ་དེར་མགོ་བོ་སྒུར་ཞིང་ལག་གཉིས་མདུན་དུ་ཟུམ་ནས་གུས་འདུད་ཅིག་མཚོན་པར་བྱས། རྒན་པོས་ལག་པ་གཉིས་ཕན་ཚུན་འཕུར་འཕུར་གཏོང་བཞིན་ཤིང་གི་པང་ལེབ་ཐོག་རྐང་པའི་རྡོག་སྒྲ་ཤུགས་ཀྱིས་རྡེབས་ཅིང་གཟུགས་པོ་ཐང་མདོག་ཆེ་བའི་སྒོ་ནས་ཐད་ཀར་གཡང་སྒྲོལ་གྱི་མདུན་དུ་ཡོང་ནས་མོའི་འཁྲིས་སུ་མིག་གཉིས་ཀྱིས་གཡང་སྒྲོལ་གྱི་ངོ་ལ་འཛུམ་དང་བཅས་ཏོག་ཙམ་ཅེར་ནས་བསྡད། དེ་ནས་ཁོས་ངའི་ལྷའི་ཕོ་ཉ། ཁྱོད་རང་ལ་དགའ་བསུ་དང་གུས་འདུད་ཡོད། ཅེས་བཤད་པ་དུས་མཚུངས་ཁོས་མིག་གཉིས་བཙུམ་སྟེ་གཡང་སྒྲོལ་གྱི་ལག་གཡས་པ་བཟུང་ནས་འོ་སྦྱར། གཡང་སྒྲོལ་གྱི་ངོ་ལའང་འཛུམ་དང་བཅས་ཐུགས་རྗེ་ཆེ་ཞུས། 

 

སྐབས་དེར་གཡོག་པོས་རྡོག་འཕྲིས་དེ་དག་འཁྱེར་ནས་ཐོག་རྩེགས་ཀྱི་ཁང་མིག་གཉིས་པར་ཕྱོགས་ཏེ་སོང་། རྒན་པོས་ཕྱིར་འཁོར་ནས་ཇོ་ལགས་ལ་མགོ་བོ་ལྡེམ་ཙམ་གྱིས་ཇོ་ལགས་ཀྱི་ལག་པ་ནས་འཇུས་ཏེ་ཕན་ཚུན་འཚམ་འདྲི་བྱས་རྗེས་གྲོགས་པོ་ལགས། ཁྱེད་རང་འདིར་ཏོག་ཙམ་སྒུག་རོགས། ངས་སྙིང་སྡུག་མ་མོའི་ཉལ་ཁང་ལ་འཁྲིད་དེ་ཕྱིར་སླེབས་ཡོང་། ཞེས་བཤད་དེ་གཡང་སྒྲོལ་གྱི་ལག་པ་འཇུས་སྟེ་གཡོག་པོ་དེའི་རྗེས་སུ་འགྲང་། ཁོས་འདི་ཁྱེད་རང་གི་ཆེད་དུ་གྲ་བསྒྲིག་བྱས་པ་ཡིན། ཁྱེད་རང་གི་མ་འོང་པའི་མི་ཚེ་འདིར་སྤྲོ་པོ་ཡོང་བའི་རེ་བ་ཡོད། ཐོག་མར་ངལ་གསོ་ཅུང་བྱོས། ངས་གཡོག་པོར་མངག་ཆ་བྱ་ཆོག ཁོང་གིས་ཁང་པ་འདིའི་སྦྱིན་བདག་མ་གསར་པ་ལ་ཞབས་ཞུ་བློ་ཚིམ་པ་ཞིག་བྱ་ངེས་རེད། ཅེས་བཤད། གཡང་སྒྲོལ་ཁང་མིག་དེར་ཡར་འཛུལ་མ་ཐག་ཁང་པའི་ནང་བླའང་འཁྱེར་མི་ཡོང་ངམ་སྙམ་པའི་དྲི་ཞིམ་ཞིག་མོའི་མདུན་དུ་ཁྱབ་འོང་། མོ་རང་དགའ་སྤྲོའི་ངང་དེ་མུར་ལང་བཞིན་མིག་བཙུམ་ནས་མདུན་ངོས་སུ་ཁྱབ་པའི་དྲི་ཞིམ་དེ་ལ་རྔུབ་ཙམ་ཡང་བྱས། མགོ་སེར་གྱིས་དེ་མཐོང་མ་ཐག་འཛུམ་དང་བཅས་ཁྱེད་རང་དྲི་ཞིམ་འདི་ལ་དགའ་པོ་ཡོད་དམ། ཞེས་པར་གཡང་སྒྲོལ་གྱིས་མོས་མཐུན་ཚུལ་དུ་མགོ་ལྡེམ་ཙམ་བྱས།

 

 

དེ་ནས་མགོ་སེར་གྱིས་ཁང་པའི་གཤམ་ལ་ཁོའི་གྲོགས་པོས་སྒུག་ཡོད་པས་མར་འགྲོ་དགོས་ལུགས་ཚུལ་གྱིས་འོག་ལ་སོང་། གཡོག་པོས་ཀྱང་མོའི་རྡོག་འཕྲིས་ཁང་པའི་ནང་དུ་བཞག་སྟེ་སོང་རྗེས་མོས་དེ་མུར་སྒོ་ག་ལེར་རྒྱག་སྟེ་ལྷམ་ཕུད་ཉལ་ཁྲི་འབོལ་པོར་རྐང་ལག་བཞི་བཀྲམ་གྱིས་གནམ་ལ་ཁ་ཕྱོགས་ཏེ་ཉལ། གཡང་སྒྲོལ་ཆུང་ནས་ད་བར་ཁང་པ་སྐྱིད་པོ་འདི་འདྲར་སླེབས་མ་མྱོང་ལ་རྒྱ་གར་ཡོད་དུས་གློག་བརྙན་དུ་རྒྱལ་པོའི་སྲས་མོར་དབང་བའི་ཁང་མིག་མཛེས་སྡུག་ལྡན་པ་འདི་འདྲ་མིག་གི་ལོངས་སྤྱོད་ཙམ་ལས་ད་ཆ་མོ་རང་ལ་སྲས་མོ་སྐུ་ཞབས་ཁོ་ནར་དབང་ཆོག་བའི་མཛེས་སྡུག་གི་ཁང་པ་འདི་འདྲའི་ནང་སྡོད་ཆོག་པ་ཡིད་ལའང་འཁོར་མ་མྱོང་། དུས་དེ་ནས་བཟུང་བུ་མོ་གཡང་སྒྲོལ་གྱི་སེམས་སུ་ཡིད་འོང་གི་མ་འོངས་པའི་མཛེས་རིས་ཤིག་བརྐོས་ནས་ཡོད། ཉིན་དེའི་དགོང་དྲོར་ཇོ་ལགས་དང་ཁོ་ཚོས་མཉམ་དུ་དྲ་རྒྱས་པོའི་དགོང་ཟས་ལ་རོལ་ཞིང་རྩེད་མཚར་འདྲ་བཤད་དེ་ཕྱི་པོ་བར་བསྡད། ཉིན་དེའི་མཚན་མོར་གཡང་སྒྲོལ་གཅིག་པུར་མོ་རང་གི་མཛེས་སྡུག་ལྡན་པའི་ཁང་པ་དེའི་ནང་ཉལ།

ཇོ་ལགས་དང་མགོ་སེར་གཉིས་གཤམ་འོག་ཐོག་རྩེགས་དང་པོའི་གཡས་གཡོན་གྱི་ཁང་མིག་མི་འདྲ་བའི་ནང་ཉལ། མཚན་མོ་དེར་གཡང་སྒྲོལ་ལ་རྒྱལ་སྲས་ཀྱིས་གྲོང་གསེབ་བུ་མོ་ཆུང་ཆུང་ཞིག་མནའ་མ་ལེན་པའི་གནའ་བོ་གྷི་རི་སིའི་བྱིས་སྒྲུང་དེའི་ནང་གི་སྣང་བརྙན་ལྟ་བུའི་རྨི་ལམ་སྐྱིད་པོ་ཞིག་ཀྱང་རྨིས། 

 

 

ཕྱི་ཉིན་ཞོགས་པར་མགོ་སེར་གྱིས་གཡང་སྒྲོལ་གྱི་སྒོ་རྡུང་ནས་གཡང་སྒྲོལ་གཉིད་ལས་སད། འོག་ཏུ་སོང་ནས་འཁྲུས་རྒྱབ་ཚར་ནས་ཇོ་ལགས་དང་བཅས་ཁོ་གསུམ་མཉམ་དུ་ཞོགས་ཟས་སྟབས་བདེ་ཟོས་རྗེས་ཇོ་ལགས་མོ་རང་དང་ཁ་བྲལ་ནས་སོང་། དེ་རྗེས་མགོ་སེར་གྱིས་གོ་རིམ་དང་འཆར་གཞི་ཡོད་པའི་སྒོ་ནས་གཡང་སྒྲོལ་ཨ་རིའི་ས་ཆ་འགར་སྤྲོ་འཆམ་འཁྲིད་པ་མ་ཟད། མགོ་སེར་གྱིས་དེ་ལྟར་རྒྱུན་རིང་གཡང་སྒྲོལ་ལ་གཅེས་སྤྲས་གང་ལེགས་བྱས་པ་མ་ཟད། དམིགས་བསལ་དུ་མོ་རང་ད་ལྟའི་གཞོན་ནུའི་དུས་སུ་སློབ་སྦྱོང་ཏོག་ཙམ་དགོས་ཤིང་། དེའང་སོ་སོའི་འདོད་མོས་བཞིན་ཆེད་ལས་ལྟ་བུ་ཞིག་གདམ་ན་ལེགས་ཚུལ་བཤད་པར་གཡང་སྒྲོལ་གྱི་སེམས་གཏིང་ནས་དགའ་བ་དཔག་མེད་དུ་སྐྱེས། གཡང་སྒྲོལ་མགོ་སེར་གྱི་ཁྱིམ་དུ་ཟླ་བ་གཉིས་ཙམ་བསྡད་པའི་མཚམས་སུ་ཁོས་གཞི་ནས་མོ་དང་ལུས་འབྲེལ་དགོས་པའི་རེ་འདུན་བཏོན། གཡང་སྒྲོལ་གྱིས་ཀྱང་རྒྱུན་དུ་མགོ་སེར་ལ་དགའ་སྣང་དང་བཅས་སེམས་ཉེ་ཉེ་གང་ཐུབ་བྱེད་ཅིང་རྒྱ་གར་དུ་ཡོད་པའི་ཕ་མ་སྤུན་ཉེའི་ཕྱོགས་ལའང་དེའི་རིང་ཨ་སྒོར་མི་ཉུང་ཙམ་བསྐུར་ཐུབ་པ་བྱུང་བ་བཅས་མོས་དགའ་སྤྲོའི་ངང་ནས་མཛེས་སྡུག་ལྡན་པའི་མ་འོངས་པར་ཁ་ཕྱོགས་བཞིན་ཡོད།

 

——མུ་འགོད། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།