གཡང་སྒྲོལ། (༡)

images/stories/Gangkarsem/22.jpg ( དང་པོ། )

( བརྩམས་སྒྲུང་། )
The girl ( novel )
央卓女 ( 小說

གུས་མོས་གཞོན་ནུ་མ་གཡང་སྒྲོལ་དང་ཐུག་དུས་མོ་ནི་སྐམ་ལ་རེད་ཅིང་སྤྱི་བཏང་བའི་བུ་མོ་ལོ་ངོ་ཉེ་གྲངས་ཅན་ཞིག་ལས་མགོ་ཕྱེད་ཙམ་རིང་པའི་གཟུགས་པོའི་ཐོག་མོས་གཞན་གྱི་མིག་ལ་གཟན་པའི་མཚོན་མདོག་ཧར་པོ་དམར་སེར་གྱི་རྒྱ་གར་མི་སེར་དཀྱུས་མའི་ཆས་གོས་ཏེ་ཀུར་ཏ་ཟེར་བའི་ཕྱི་གོས་རིང་པོ་ཞིག་གྱོན་འདུག དེ་བཞིན་ཕྱི་གྱོན་དེའང་མོའི་མགོ་བོའི་སྐྲ་དམར་སེར་འདོམ་གང་དེ་ཟིང་ཟིང་ཏོག་ཙམ་ཡོད་པ་དང་མཚོན་མདོག་གཅིག་པ་གཅིག་རྐྱང་ཆགས་འདུག 

དེ་བཞིན་མོས་སྨད་གོས་ནག་པོ་ཞིག་གྱོན་འདུག་ལ་དེའི་འོག་གི་རྐང་པར་ལྷམ་གོག་གི་མཐིལ་དེ་ཕྱོགས་གཅིག་ནས་ཟད་ཚར་ཞིང་ཀྱོག་ཀྱོག་ཆགས་པའི་འགྱིག་གི་བསིལ་ལྷམ་སྔོ་སྐྱ་སྟབས་བདེ་བཅས་གོན་འདུག གཡང་སྒྲོལ་གྱི་ངོ་གདོང་ནག་པོ་ནག་རྐྱང་དེ་ནི་གཞན་གྱིས་མཐོང་བ་ཙམ་གྱིས་མོའང་ཐ་མ་ནག་པོ་འཐེན་མཁན་མིན་ནམ་སྙམ་པ་ཞིག་ཡོང་སྲིད། མོའི་ཁའི་ནང་གི་མདུན་སོ་ཚང་མ་ཐ་མག་ཁ་སྤྱོད་མང་པའི་རྐྱེན་གྱིས་ཡིན་ཚོད་སེར་པོ་སེར་རྐྱང་ཆགས་ཚར་འདུག སྐབས་དེར་གཡང་སྒྲོལ་གྱིས་ཕར་ཕྱོགས་ལམ་ཟུར་གྱི་ཟ་ཁང་ཆུང་ཆུང་ཞིག་གི་སྒོ་འགྲམ་དུ་སྡོད་པའི་རྒྱ་གར་སྐྱེས་པ་ཞིག་ལ་ཁོས་འཐེན་བཞིན་པའི་ཐག་མ་ཁ་དེ་བསློང་ནས་རག་རྗེས་དེ་ཤུགས་ཀྱིས་འཐེན་གིན་འཐེན་གིན་ངའི་ཕྱོགས་སུ་ཚུར་འབྱོར། འོན་ཀྱང་སྐབས་དེར་ངས་མོ་རང་སྤྱི་བཏང་གི་བོད་པའི་བུ་མོ་སྤྱོད་པ་རྩིང་ཙམ་མམ་ཡང་ན་ངོ་ཉམས་སྐྱོ་པོ་ཙམ་ཞིག་ལས་མོ་ནི་རིག་པ་དྭངས་གསལ་མེད་པའི་སྨྱོན་མ་ཞིག་ལ་མཐོང་མ་སོང་། 

 

 

དེའང་ང་དང་ངའི་ཁྱོ་བོ་གཉིས་གཞིས་ཆགས་དེར་སླེབས་ནས་གཞིས་གྲོང་དབུས་ཀྱི་བོད་པའི་དགོན་པ་ཞིག་ནང་ཁང་པ་གླས་ནས་བསྡད། ངེད་གཉིས་ཉིན་འགར་ཆུ་ཚན་དུ་སྐྱལ་བ་དང་གང་སར་སྤྲོ་འཆམ་ལའང་སོང་། ཉིན་ཞིག་གི་དགོང་དྲོ་ཆུ་ཚོད་བཞི་པ་ཡས་མས་ཙམ་ང་དང་ཁྱོ་བོ་ངེད་གཉིས་ཕྱིའི་ཁྲོམ་ནས་སྡོད་སར་ཕྱིར་ལོག་མ་ཐག ངས་ཁང་པའི་ནང་གཙང་འཁྲུས་ཚར་རྗེས་ཁྱོ་བོ་མལ་ཁྲིར་ཉལ་ནས་ངལ་གསོ་རྒྱག་འདུག་པས་ང་རང་གཅིག་པུར་སྒོ་ཆེན་ཕྱི་ལ་དོན་སྐབས་དགོན་པའི་སྒོ་འགྲམ་རང་གི་ཕྱི་ལ་རྡོ་རིལ་གྱི་སྤོ་ལོ་རྩེད་ས་ཞིག་དང་། གཞན་ཡང་ཇ་ཁང་ཟ་ཁང་གཅིག་ཅོག་ཡིན་འདྲ་ཆུང་ཆུང་ཞིག་ཡོད་པས་ཟ་ཁང་དེའི་སྒོ་འགྲམ་དུ་སྡོད་དེ་སྦྱིན་བདག་ལ་ཇ་ཞིག་མངགས་ཏེ་དེ་འཐུང་ནས་ཅུང་ལྷོད་སྡོད་བྱས། 

 

 

སྐབས་དེར་གོང་གསལ་ལྟར་བུ་མོ་གཡང་སྒྲོལ་དེར་སླེབས་སོང་ལ། མོའི་ཕྱི་དབྱིབས་ནས་མི་གཞན་དང་མི་འདྲ་བ་མངོན་སུམ་གྱི་སྨྱོན་མ་ཞིག་འདྲ་བའི་རྟགས་གསལ་པོ་གང་ཡང་མ་མངོན། འོན་ཀྱང་མོའི་གྱོན་པ་དང་མགོའི་སྐྲ་ཟིང་ཟིང་ཏོག་ཙམ་དེས་ངའི་མིག་གི་རྒྱ་མོའམ་དོ་སྣང་ཡོངས་རྫོགས་དེ་མུར་མོའི་གཟུགས་པོར་ཤོར། གཡང་སྒྲོལ་གྱི་གདོང་ལ་འཛུམ་དང་བཅས་མོའི་ལག་གཡས་པར་འཛིན་པའི་ཐ་མག་ཁ་འཐེན་རོ་ཆུང་ངུ་དེར་སླར་ཡང་ཤུགས་ཀྱིས་ཐེངས་འགར་རྔུབ་རྗེས་ཟུར་ཞིག་ལ་གཡུག་ཅིང་ཕྱོགས་བཞིར་ལྟ་ཙམ་ལྟ་ཙམ་བྱས་རྗེས་གུས་གུས་ཞུམ་ཞུམ་གྱིས་ངའི་འཁྲིས་སུ་སྡོད་བྱུང་། ངའང་མོ་རང་ལ་དགའ་སྣང་རེ་མངོན་ཏེ་ཉེ་པོའི་སྒོ་ནས་མཛེས་མ་ལགས། ཇ་མངར་མོ་འཐུང་ངམ། ཞེས་པར་མོས་ལམ་སེང་འཐུང་གི་ཡིན། ཧིས་ཧིས། ཨ་ཅེ་ལགས། ངའི་མིང་ལ་གཡང་སྒྲོལ་ཟེར་གྱི་ཡོད། ཁྱེད་རང་དངོས་གནས་སེམས་པ་བཟང་མདོག་ཁ་ལ། ཁྱེད་རང་འདིར་ག་རེ་གནང་གི་ཡོད། ངས་དེ་སྔོན་འདི་ནས་ཁྱེད་རང་མཇལ་མྱོངས་མི་འདུག ཕལ་ཆེར་རྡ་རམ་ས་ལ་ནས་འདིར་ཡུལ་བསྐོར་སྤྲོ་འཆམ་ལ་ཕེབས་པ་འདྲ་པོ་འདུག རེད་པས། ཅེས་དྲིས་བྱུང་། ངས་མགོ་གཡུག་ཙམ་གྱིས་མོའི་སྐད་ཆར་མོས་མཐུན་ཚུལ་ཞིག་བཏོན། 

 

 

མོའི་ཕྱིའི་བྱེད་བཞིན་དང་དོན་དུ་གུས་ཞབས་དང་ལྡན་པའི་ཁ་ནས་བཤད་པའི་གཞན་ལ་བརྩི་མཐོང་གི་ཚིག་བརྗོད་དེ་དག་དང་། ལུས་ནས་གུས་གུས་ཞུམ་ཞུམ་གྱི་ཉམས་ཆུང་གི་རྣམ་འགྱུར་དེ་དག་མཐོང་སྟབས་རྗེས་སུ་དོན་དངོས་ཤེས་རྗེས་ཏོག་ཙམ་ཡིད་མི་ཆེས་པའི་ཚོར་སྣང་ཡང་བྱུང་། རྗེས་སུ་ངས་བུ་མོ་འདིའི་སྐོར་ལ་ཉུང་ཙམ་ཤེས་རྟོགས་བརྒྱུད་ངའི་སེམས་སུ་བུ་མོ་འདི་འདྲ་ཡ་རབ་ཅིག་སྨྱོན་མ་གང་འདྲ་ཆག་པ་ཡིན་ནམ་སྙམ་པའི་འདྲི་དོགས་དང་སོམ་ཉི་དེ་ཤུགས་ཆེ་རུ་སོང་། འདི་ནི་འཕྲོས་བཤད་ཙམ་ཡིན།

 

 

དེའང་སྐབས་དེར་བུ་མོ་གཡང་སྒྲོལ་ངའི་འཁྲིས་སུ་སྡོད་པ་དང་། ངས་མོ་རང་ནི་གཞན་གྱི་ངོ་གདོང་གི་རྣམ་འགྱུར་ལ་དཔྱོད་མཁས་པ་ཞིག་ཡིན་པ་ཤེས་སོང་། དེའང་མོས་ཐོག་མར་དལ་པོའི་སྒོ་ནས་ངའི་འཁྲིས་ཀྱི་རྡོ་ལེབ་ཐོག་ལྷོད་སྡོད་དང་སྦྲགས་ད་ཆ་མོའི་ཇ་མངར་མོའི་ཕོར་པ་དེ་ཡར་བཀྱག་སྟེ་ཅུང་ཙམ་འཐུང་། དུས་མཚུངས་སུ་མགོ་དགྱེ་ཙམ་སྒུར་ཙམ་གྱིས་ཟུར་ནས་ངའི་གདོང་ལ་མིག་མདའ་གང་ཐུབ་ཀྱིས་འཕང་སྟེ་ལྟ་བ་མ་ཟད། མོ་རང་གིས་སོ་སོའི་སྟོད་གོས་དམར་སེར་དེའི་སྣེ་མོ་ནས་མར་འཐེན་ཙམ་འཐེན་ཙམ་གྱིས་ང་ལ་གུས་ལུགས་གང་ལེགས་འདྲའང་བཏོན་ཁུལ་བྱེད་ཀྱི་འདུག

 

 

 

སྐབས་དེར་ངས་ང་དང་གཡང་སྒྲོལ་ངེད་གཉིས་སྡོད་ས་རྡོ་ལེབ་དེའི་ཕར་ཙམ་ལ་དགོན་པ་དེའི་སྒོ་སྲུང་ཕོ་ལོ་བཞི་བཅུ་ལྔ་བཅུ་ཡས་མས་ཙམ་འདྲ་བའི་དར་གཞོན་དེས་འདི་ཕྱོགས་སུ་འཛུམ་ཙམ་ལྟ་ཙམ་བྱེད་ཀྱི་འདུག་པར་མཐོང་། ངས་ཀྱང་ཁོ་ལ་འཛུམ་ཙམ་བྱས་པར་དེ་ནས་ཁོ་ངེད་གཉིས་ཀྱི་ཟུར་དུ་བཅར་བྱུང་། ཁོ་ངའི་གཡས་ཕྱོགས་སུ་ཡོད་པའི་རྐུབ་སྟེགས་སྟོང་པར་སྡོད་དེ་དེ་མུར་གཡང་སྒྲོལ་ལ་མཛུབ་མོ་བཙུག་ཅིང་ང་ལ་ཁ་ཕྱོགས་ཏེ་ཨ་ཅག་ལགས། མོ་སྨྱོན་མ་རེད། མོ་རྩ་མ་ཚང་མཁན་དེ་འདྲ་རེད། ཅེས་བཤད། ངས་ཁོ་པའི་སྐད་ཆ་དེ་གོ་མ་ཐག་ལམ་སེང་རྣམ་རྟོག་དང་བཅས་ངུ་མ་དགོད་ཙམ་གྱིས་ངས་སྔོན་ནས་གནས་སྟངས་དངོས་ཤེས་ཀྱི་ཡོད་པའི་བརྡ་འདྲ་སྟོན་པ་ཡིན། འོན་ཀྱང་ཁོས་མུ་མཐུད་འཛེམ་ཟོན་སྤུ་ཙམ་མེད་པར། མོ་ང་ཚོའི་འདིར་སྐད་གྲགས་ཡོད་པའི་གཞང་ཚོང་མ་དེ་འདྲ་རེད། མོའི་སྤུན་འཇགས་དེ་ཚོས་མོ་ལ་གང་ཐུབ་ལྟ་རྟོགས་ཀྱིས་ཕན་ཐབས་བྱས་ཀྱང་སྨྱོན་མ་མོ་ངན་པ་ལང་ཤོར་དེ་འདྲ་ཡིན་པ་མ་ཟད། རྒྱ་གར་སྤྲང་འཁྱམ་དེ་དག་ལ་གཞང་བཙོང་ནས་བསྡད་ཀྱི་ཡོད། 

 

 

་་་སྐབས་དེར་ངས་སྐྱེས་པ་དེ་ང་སྡོད་ས་དགོན་པ་དེའི་སྒོ་སྲུང་ཡིན་པ་ཤེས་ཡོད་ཀྱང་ང་ནི་ཁོས་དེ་འདྲ་བུ་མོ་གཡང་སྒྲོལ་གྱི་མདུན་ངོས་ནས་ཧམ་པ་དང་ཁྲམ་བཤད་ལྟ་བུའི་དམའ་འབེབས་བྱེད་སྟངས་དེར་ཞེ་མེར་བ་ལྟར་བྱུང་བས་དེ་མུར། ཇོ་ལགས། ངས་ཧ་གོ་སོང་། ཁྱེད་ཀྱིས་འགྲེལ་བཤད་མ་གནང་ན་འགྲིག་ས་རེད། ཅེས་མི་དགའ་བའི་རྣམ་འགྱུར་ཏོག་ཙམ་སྦྲགས་ཁོ་པའི་མཚམས་བཞག་བརྩིས་མེད་པའི་སྐད་ཆ་དེ་དག་བཀག དེ་ནས་ཇོ་ལགས་དེའི་ངོ་གདོང་ནས་ཀྱང་ཁ་སྐྱེངས་པའི་ཟོལ་ཞིག་ཕྱིར་མངོན་བཞིན་ངུ་མ་དགོད་ཙམ་བྱས་རྗེས་སླར་བུ་མོ་གཡང་སྒྲོལ་ལ་ཕར་ཁ་ཕྱོགས་ཏེ་སྐད་མགོ་མཐོ་རུ་གཏོང་ནས། སྨྱོན་མ། ད་ཕྱི་པོ་ཆག་འདུག ནང་ལ་ལོག་རྒྱུགས། ནང་ལ་མ་ལོག་ན་རྒྱ་གར་བྷ་བྷུ་ ( རྒས་པོའི་དོན། ) སླེབས་ན་ཁྱོད་རང་རྡུང་གི་རེད་དཱ། ཞེས་འཇིགས་སྣང་བསྐུལ་སོང་། 

 

 

ཐོག་མའི་དུས་སུ་གཡང་སྒྲོལ་གྱིས་སྐྱེས་པ་དེ་ཁྱོན་ནས་མ་མཐོང་མདོག་གིས་སྣང་མེད་གང་དྲག་བྱས་པ་མ་ཟད། ངའི་ཕྱོགས་སུ་འཛུམ་དང་བཅས་ཉེ་ཉེ་གང་ལེགས་བྱེད་ཀྱི་འདུག འོན་ཀྱང་དུས་འདིར་མོས་སྐྱེས་པ་དེས་རྒྱ་གར་བྷ་བྷུ་སླེབས་ན་རྡུང་གི་རེད་ཅེས་སྐད་ཆ་དེ་གོ་མ་ཐག གཡང་སྒྲོལ་གྱི་གདོང་ནས་དེ་མུར་འཚུབ་ཆ་དང་སྐྲག་སྣང་གི་རྣམ་འགྱུར་ཞིག་ཕྱིར་མངོན་བྱུང་། མོས་དེ་མུར་ཡར་ལང་སྟེ་ངའི་མདུན་དུ་ལང་བཞིན་ང་ལ་ལག་གཡས་པ་རྐྱང་བཞིན་ཨ་ཅེ་ལགས། ང་ལ་པཱེ་ཤག་ (སྒོར་མོ།) ཏོག་ཙམ་སྤྲོད་དང་། ང་འགྲོ་རན་སོང་། ང་ལ་ལས་ཀ་ཡོད། ཨ་ཅེ་ལགས། མགྱོགས་ཙམ་སྤྲོད་དང་མ་གཏོགས་རྒྱ་གར་བྷ་བྷུ་སླེབས་ཀྱི་རེད་དཱ། ཞེས་བཤད་བྱུང་། སྐབས་དེར་ངས་བུ་མོ་གཡང་སྒྲོལ་གྱི་བྱེད་ལས་ཐོག་ནས་མོ་རང་མངོན་སུམ་གྱི་སྨྱོན་མ་ཞིག་ཡིན་པ་གཞི་ནས་ངེས་ཤེས་རྙེད། ངས་དེ་མུར་དངུལ་ཁུག་ཁ་ཕྱེས་ཏེ་ཧིན་སྒོར་བཅུ་ཅན་གྱི་ཤོག་སྒོར་ཞིག་མོ་ལ་སྦྱིན། མོས་དངུལ་ལེན་ནས་ཕྱི་བལྟས་ཙམ་མེད་པར་མདུན་གྱི་གཞུང་ལམ་ཕར་ཕྱོགས་སུ་གོམ་སྟབས་མགྱོགས་པོས་ཕྱིན་སོང་། 

 

 

ང་རང་བཟོད་མ་ཐུབ་པར་སྐྱེས་པ་དེར། ཇོ་ལགས། ཁྱེད་ཀྱིས་བུ་མོ་འདི་ངོ་ཤེས་ཀྱི་ཡོད་དམ། སྙིང་རྗེ། མོ་གང་འདྲ་ཟེར་སྨྱོན་མ་ཆགས་པ་རེད་དམ། ཞེས་དྲིས་ཤོར། ཇོ་ལགས་དེས་ངས་ཁྱོད་ཀྱིས་སྨྱོན་མར་དོ་སྣང་བྱེད་སྟངས་ནས་ཁྱོད་རང་ཡང་ཕྱི་རྒྱལ་ཇ་པན་དང་ཡང་ན་ཀཱོ་རི་ཡ། ཐེ་ཝན་བ་དེ་དག་དང་འདྲ་བ་སྨྱོན་མའི་སྐོར་སྐད་ཆ་མང་པོ་འདྲི་བསམ་གྱི་ཡོད་པ་སྔ་ས་ནས་ཤེས། འདིར་ཡོང་མཁན་ཕྱི་རྒྱལ་མང་ཆེར་གྱིས་སྨྱོན་མ་མོ་མཐོང་མ་ཐག་མོ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་པ་མ་ཟད། སྨྱོན་མའི་སྐོར་གཅིག་གཅིག་གཉིས་གཉིས་ཀྱིས་སྐད་ཆ་འདྲི་རྒྱུ་ཡིན་ཤག་རེད་འདུག ཁོ་ཚོས་གཡང་སྒྲོལ་སྨྱོན་མ་གང་འདྲ་ཆགས་པ་རེད་དམ་སོགས་དྲི་བ་ལུང་པ་གང་འདྲི་ཡོང་གི་རེད། ཧ་ཧ་ཧ་ཇོ་ལགས་དེས་ང་ལ་བལྟས་ཏེ་བརྗོད་གཞི་དང་མི་འཚམ་པའི་དགོད་མོ་ཞིག་ཀྱང་ཤོར་སོང་།

 

 

ངས་གཡང་སྒྲོལ་གྱི་སོང་ཤུལ་དུ་ལྟ་ཙམ་གྱིས། ཇོ་ལགས། དངོས་གནས་བུ་མོ་དེ་སྙིང་རྗེ་ཡ་འདྲ་རེད། ང་དེ་སྔོན་ང་ཚོའི་བོད་པའི་གཞིས་ཆགས་མང་པོར་འགྲོ་མྱོངས་ལ་ས་ཁུལ་འགར་སྐྱེས་པ་ཐ་མག་ནག་པོ་འཐེན་མཁན་དང་ཆང་རག་འཐུང་མཁན་དེ་འདྲ་རེ་ཟུང་ཡང་མཐོང་སོང་། འོན་ཀྱང་ད་བར་བུ་མོ་སྨྱོན་མ་འདི་འདྲ་མཐོང་བ་ཐོག་མ་ཡིན། ངས་མོ་རང་སྐོར་ཤེས་འདོད་ཆེན་པོ་ཡོད། ཇོ་ལགས་ཁྱེད་རང་གིས་མོའི་ལོ་རྒྱུས་ཤེས་ན་ང་ལ་གཅིག་བཤད་རོགས་གནོངས། ཇོ་ལགས་ཀྱིས་ངས་ཟེར་རེད་པ། ཚང་མས་སྨྱོན་མའི་སྐོར་འདྲི་ཡི་རེད། ད་འདི་འདྲ་བྱོས། ངས་ཁྱོད་དང་ཁྱོད་ཀྱི་ཁྱོ་ག་གཉིས་ང་ཚོའི་དགོན་པའི་མགྲོན་ཁང་དུ་བསྡད་ཡོད་པ་ཤེས། ངའི་སྡོད་ས་ཁྱོད་ཀྱིས་མཐོང་སོང་བ། སྒོ་ཆེན་དེའི་འགྲམ་གྱི་ཁང་པ་དེ་ག་རང་ལ་ཡིན། དེ་བས་དགོང་ཟས་ཚར་སོང་ན་ངའི་ནང་ལ་ཤོག ངས་ལྷོད་ལྷོད་བྱས་ཏེ་ཁྱོད་ལ་བཤད་ཆོག ཅེས་ཇོ་ལགས་གད་མོ་དགོད་བཞིན་དེ་ལྟར་ཟེར། ངས་ཀྱང་འོ་ཡག་བྱུང་ཨ། དེས་ན་ང་དང་ཁྱོ་ག་ངེད་གཉིས་དགུང་ཟས་ཚར་སོང་ན་ཁྱེད་རང་གི་ནང་དུ་ཡོང་ཆོག་པར་ཞུ། ཡ་ཡ་ཡ། དེ་འདྲ་བྱོས། ད་ང་འགྲོ་གི་ཡིན། ལས་ཀ་ཏོག་ཙམ་ཡོད། ཇོ་ལགས་དེས་ང་ལ་སྐད་ཆ་དེ་དག་བཤད་དེ་ཕྱིར་དགོན་པའི་ནང་ལོག་སོང་། 

 

 

ཉིན་དེའི་དགོང་མོ་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ལ་ང་དང་ཁྱོ་ག་ངེད་གཉིས་ཇོ་ལགས་དེའི་ནང་དུ་སོང་། ཇོ་ལགས་དེས་ངེད་གཉིས་སླེབས་པར་མཐོང་མ་ཐག་ཡར་ལང་སྟེ་འཛུམ་དང་བཅས། འོ་ཡ། ཡར་ཕེབས་ཡར་ཕེབས། ཅེས་བཤད། ཇོ་ལགས་ཀྱི་ཁང་མིག་གྲུབ་ཆུང་དེའི་ནང་གཡས་གཡོན་ཕྱོགས་གཉིས་ལ་མི་གཅིག་ཉལ་ཆོག་པའི་མལ་ཁྲི་གཉིས་དང་། དབུས་སུ་མདུན་ཅོག་ཆུང་ཙམ་ཞིག དེ་མིན་སྒོའི་ཟུར་གྱི་གྱང་མདུན་དུ་རླངས་ཐབ་ཅིག ཁང་པའི་དབུས་ཀྱི་བྱང་ཐོག་སངས་རྒྱས་ཀྱི་གོས་ཐང་འབྲིང་ཙམ་གཅིག་བཀལ་འདུག ངའི་ཁྱོ་བོ་ཇོ་ལགས་དང་མཉམ་དུ་གཡས་ཕྱོགས་ཀྱི་ཉལ་ཁྲིར་བསྡད་ཅིང་། ང་གཡོན་ཕྱོགས་ཀྱི་མལ་ཁྲིར་བསྡད་རྗེས། ཇོ་ལགས་ཀྱིས་ངེད་གཉིས་ལ་ཁོང་གིས་བསྐོལ་ཚར་ཙམ་གྱི་ཇ་མངར་མོ་ཤེལ་ཕོར་གཉིས་ལག་གཡས་གཡོན་བྱས་ཏེ་སྤྲོད་གནང་བྱུང་། ངས་དེ་མུར་དེ་འདྲ་གནང་མི་དགོས། ཁྱེད་རང་འདིར་བཞུགས་དང་། ཞེས་ཞུས། ཇོ་ལགས་ཀྱིས་ངེད་གཉིས་ལ་ཇ་སྤྲད་རྗེས་ཁོ་པའང་དེ་མུར་བསིལ་ལྷམ་སར་ཕུད་དེ་མལ་ཁྲིར་དཀྱིལ་སྐྲུམ་བཅས་ཏེ་ཁོ་པའི་ཀ་ཡོལ་དེའང་ལག་ཏུ་བཟུང་ནས་ངའི་བཟའ་ཟླ་བསྡད་སའི་ཉལ་ཁྲི་དེའི་ཐོད་ལ་བསྡད་སོང་།

 

 

ཇོ་ལགས་ཀྱིས་ཇ་ཧུབ་འགའ་འཐུང་རྗེས། དེང་སང་འདིར་གནམ་གཤིས་ཡག་པའི་སྒང་རེད། ཁྱོད་རང་གཉིས་འདིར་དུས་ཚོད་ཏག་ཏག་ལ་སླེབས་པ་རེད། སྤྱིར་བཏང་འདིར་ཡོང་མཁན་མང་ཆེར་ཆུ་ཚན་ལ་སྨན་བཅོས་བྱེད་མཁན་རེད། དེ་མིན་ང་ཚོ་བོད་པ་འདིར་སྤྲོ་འཆམ་ཡོང་མཁན་ཚོ་དུས་ཚོད་རན་པ་ཞིག་ལ་ཡོང་ཤེས་ཀྱི་མི་འདུག ཅེས་པར་ངའི་ཁྱོ་བོས་རེད་ལགས། ངེད་གཉིས་ཀྱིས་གཞན་ལ་སྐད་ཆ་དྲིས་ནས་ཡོང་བ་ཡིན། འདིར་གནམ་གཤིས་ཕ་ཡུལ་བོད་དང་འདྲ་པོ་འདུག ཁྲོམ་དུ་བོད་པ་རེ་གཉིས་ཀྱང་མཐོང་རྒྱུ་འདུག་པས་སེམས་དགའ་པོ་འདྲ་རེད།

 

 

ཅེས་པར་ཇོ་ལགས་ནས། ལགས་རེད་གྲོགས་པོ། འོན་ཀྱང་འདིར་བོད་པ་ཉུང་བའི་ཐོག་གཞིས་སྒར་དུ་ལོ་མང་བསྡད་རྐྱེན་ཡུལ་མིའི་ཟ་ལུགས་འགྲོ་སྟངས་བཅས་ལ་རིམ་གྱིས་བྱང་ནས་སོ་སོ་བོད་མི་ཡུལ་གྱར་བ་ཞིག་ཡིན་པའི་བསམ་བློ་དེའང་ད་ལྟ་མག་མོག་ཏུ་ཆགས་འགྲོ་གི་འདུག ངའང་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་བསམ་རྒྱུ་བོད་དང་དྲན་རྒྱུ་བོད་མ་གཏོགས་མེད། ད་རིམ་གྱིས་འདིར་ལོ་མང་འགོར་ཡོང་དུས་ཅི་བསམ་འདི་དྲན་མེད་པ་འདྲ་ཆགས་ཀྱི་འདུག སྤྱིའི་ཆ་ནས་རྒྱ་གར་ས་ཁྱོན་ཆེན་པོ་རེད། ཕྱིའི་ཁོར་ཡུག་ཀྱང་རང་དབང་དང་ཞི་བདེ་ཆེན་པོ་རེད་ཟེར་ཆོག དེ་འདྲ་ཡིན་དུས་འཚོ་བའི་རྒྱུན་རིམ་ཁྲོད་ནས་གོ་སྐབས་འདྲ་བྱུང་ན་བོད་མི་རིགས་འདིའི་ཆེད་དུ་དཀའ་ལས་ཏོག་ཙམ་རྒྱག་པ་མ་གཏོགས། མཐའ་གཅིག་ཏུ་བོད་དོན་ཁོ་ནར་གཞོལ་བའང་ཅུང་ཁག་པོ་ཆག་ཡོད། ཅེས་ཇོ་ལགས་ཀྱིས་མུ་མཐུད་ཁོ་པའི་བསམ་འཆར་གསུང་ཞིང་ལག་གཡས་པས་ཁོའི་ཁ་སྤུ་སེར་སྐྱ་ཉུང་ཙམ་དེ་ནས་འཐེན་ཙམ་རེག་ཙམ་ཡང་གནང་། ངས་དུས་ཚོད་དམ་འཛིན་ཕྱིར་ཐད་ཀར་ཇོ་ལགས། བུ་མོ་སྨྱོན་མ་དེ་ག་བར་སྡོད་ཡོད་དམ། ཞེས་དྲིས་པར་ཇོ་ལགས་ཀྱིས་སྐབས་དེར་ཇ་ཕོར་གཞན་དེ་ཡར་བཀྱག་ཞོར་སླར་ཡང་ངའི་ཁྱོ་བོར་སྤྲོད་ཅིང་ང་ལ་འཛུམ་དང་བཅས་འོ་རེད། ངས་ཏོག་ཙམ་མ་གཏོགས་ཁྱེད་གཉིས་འདིར་འོང་དགོས་དོན་ཡང་བརྗེད་གྲབས་འདུག ཧ་ཧ་ཧ་་་

 

 

བུ་མོ་གཡང་སྒྲོལ་རྒྱ་གར་དུ་འཚར་ལོང་བྱུང་ཞིང་ཆུང་དུས་སུ་གཞིས་ཆགས་ག་གེ་མོར་ཕ་མ་སྤུན་མཆེད་མཉམ་དུ་འཚོ་བ་བསྐྱེལ་ཞིང་། སློབ་གྲྭར་འཛིན་རིམ་བཅུ་གཉིས་བར་སོང་འདུག དེ་མིན་རྒྱུས་ཡོད་ཀྱིས་བཤད་པ་ལྟར་ན་གཡང་སྒྲོལ་སློབ་གླིང་དུ་ཡོད་དུས་ལག་རྩེད་སྤོ་ལོ་ཧ་ཅང་ཡག་པོ་རྩེད་ཀྱི་ཡོད་པ་མ་ཟད། ཤེས་ཡོན་གྱི་སྦྱོང་འབྲས་ཀྱང་ཡག་པོ་ཡོད་པས་མོ་རང་སོ་སོའི་འཛིན་གྲྭ་གཙོས་འབྲིང་རིམ་སློབ་གླིང་དེའི་དགེ་སློབ་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་གྱིས་མཐེ་བོང་གྱེན་དུ་སྒྲིང་སྟེ་བསྟོད་བསྔགས་གཏོང་ཡུལ་ཞིག་རེད་འདུག དེ་བཞིན་གཡང་སྒྲོལ་སེམས་བཟང་མ་ཞིག་ཀྱང་ཡིན་བཟོ་འདུག གང་ཡིན་ཟེར་ན་ལོ་འགའི་སྔོན་དུ་ང་མོ་རང་གི་སློབ་ཆུང་སྐབས་ཀྱི་སློབ་གྲོགས་ཡིན་ཟེར་བའི་གཞོན་ནུ་ཞིག་དང་ཐུག ངེད་གཉིས་ཕྱིར་ཇ་ཁང་དེར་ཡོང་ནས་ང་དང་ཁ་བརྡ་འདྲ་བྱས་པ་ཡིན། ཁོས་གཡང་སྒྲོལ་ཁྲོམ་གསེང་ཞིག་ནས་མཐོང་འདུག ཁོས་མོ་ནི་ངའི་སློབ་ཆུང་སྐབས་ཀྱི་སློབ་གྲོགས་ཡིན། སྙིང་རྗེ་ཡ་འདྲ་རེད། ངས་མོ་རང་ལ་སྒོར་མོ་ཉིས་བརྒྱ་སྤྲད་པ་ཡིན་ཟེར་བྱུང་།  

 

 

ཁོས་བུ་མོ་གཡང་སྒྲོལ་སློབ་གྲྭར་བསྡད་དུས་ཐེངས་ཤིག་མོས་ཁྲོམ་ནས་ཡུལ་མི་བུ་ཆུང་ལོང་བ་སྤྲང་པོ་ཞིག་མོ་རང་སྡོད་ས་སློབ་གྲྭའི་བུ་མོའི་ཉལ་ཁང་དུ་འཁྲིད་དེ་བུ་ཆུང་དེར་ཟ་མ་སྤྲད་པ་མ་ཟད་མཚན་གཅིག་མོའི་ཉལ་ཁང་དུ་ཉལ་བཅུགས་འདུག གནས་སྟངས་དེས་རྒན་ལགས་ཀྱིས་ཧ་གོ་ནས་ཉལ་ཁང་དུ་ཡོང་སྟེ་གཡང་སྒྲོལ་ལ་གཤེ་གཤེ་བཏང་བར་གཡང་སྒྲོལ་གྱིས་ངས་ང་ཚོའི་ཟ་མ་ལྷག་མ་དེ་དང་ཤིང་ཏོག་ཀུ་ཤུ་གཉིས་ཡོད་པ་དེ་བུ་ལོང་བར་སྤྲོད་དགོས་བསམ་ནས་ཁོ་འདིར་འཁྲིད་ཡོང་བ་ཡིན། ངས་གཞན་ནོར་འཁྲུལ་གང་ཡང་བྱས་མེད་ཅེས་རྒན་ལགས་ལ་ཁ་ལན་སློག་པར་རྒན་ལགས་ཀྱིས་མོ་ལ་ཁྱོད་རེ་སེམས་བཟང་མདོག་མ་བྱེད། བུ་ལོང་བ་འདིར་ཁྱོད་ཀྱི་ཟས་ལྷག་ཏོག་ཙམ་དང་ཀུ་ཤུ་རེ་གཉིས་སྤྲད་པར་ཕན་གྱི་མ་རེད། དེ་བས་དེ་ཁོ་རང་སྡོད་སར་ཕར་བསྐྱེལ་ན་དགའ། ཞེས་བཤད་པར་གཡང་སྒྲོལ་གྱིས་རྒན་ལགས་ཁྱོད་ཚོས་ང་ཚོར་རྟག་པར་རང་གཞན་གཉིས་ལ་བྱམས་དང་སྙིང་རྗེ་དགོས་རེད་ཅེས་བཤད་ཀྱི་འདུག ཆོས་དགེ་ཡིས་ཀྱང་ང་ཚོར་དེ་བཞིན་བསླབ་བྱ་གནང་གི་འདུག འོན་ཀྱང་དོན་དངོས་སུ་སྙིང་རྗེ་འོས་པའི་བུ་ཆུང་སྤྲང་པོ་ལོང་བ་འདི་འདྲ་མཐོང་དུས་ཁོ་ལ་སྙིང་རྗེ་ཏོག་ཙམ་མ་གནང་བ་གང་ཡིན་ནམ། ཞེས་སླར་རྒན་ལགས་ལ་ཁ་ལན་སློག་པར་ཉལ་ཁང་གཅིག་པའི་བུ་མོ་གཞན་ཞིག་གིས་དེ་རྗེས་སློབ་གྲོགས་གཞན་ལ་དེའི་སྐོར་བཤད་པ་རེད། དེ་ནས་རྒན་ལགས་དེའང་དུས་དེ་ནས་བཟུང་བུ་མོ་གཡང་སྒྲོལ་ལ་ཁྱོན་ནས་མི་དགའ་བ་ཆགས་པ་རེད་ཟེར། སྐབས་དེར་ངའི་མཐོང་སྣང་ལ་བུ་ལོ་གཞོན་དེ་སེམས་སྐྱོ་མདོག་དང་བཟང་མདོག་ཅིག་རྐྱང་འདུག ཅེས་ཀྱང་གསུངས། ཡང་ཇོ་ལགས་ཀྱིས་མུ་མཐུད་བཤད་དོན། དེ་མིན་ངས་མོའི་སྐོར་ཤེས་སྟངས་ནི་གཡང་སྒྲོལ་དང་གཞིས་ཆགས་གཅིག་པ་ཡིན་པའི་ཨ་ཅེ་ཞིག་ཕར་གི་ཁྲོམ་གཞུང་དུ་ཚོང་བཀྲམས་ནས་ཡོད། གཡང་སྒྲོལ་སྐོར་མོས་ཆ་ཚང་ཤེས་ཀྱི་འདུག དེང་སང་ཨ་ཅེ་དེ་ཕྱིར་གཞིས་ཆགས་ལ་ལོག་པ་ཡིན་ནམ། ཡང་ན་གཞན་ཞིག་གང་དུ་སོང་བ་ཡིན་ན་མཐོང་རྒྱུ་མི་འདུག ཨ་ཅེ་དེས་བཤད་སྲོལ་ལྟར་ན་བུ་མོ་གཡང་སྒྲོལ་ལ་ཕ་མ་གཉིས་དང་། གཅེན་མོ་གཅིག གཅུང་མོ་གཉིས་དང་གཅུང་པོ་གཅིག་བཅས་བསྡོམས་ཁྱིམ་མི་བདུན་ཙམ་ཡོད་པའི་གཞིས་ཆགས་དེའི་ནང་གི་འཚོ་བ་ཧ་ཅང་འཁོས་ཀ་སྐྱོ་བའི་གྲལ་གྱི་ཁྱིམ་ཚང་དབུལ་པོ་ཞིག་རེད་འདུག་ལ་མོ་རང་ཕྲུ་གུ་ནང་གི་ཨང་གཉིས་པ་དེ་རེད། 

 

 

གཡང་སྒྲོལ་ཡང་གཞིས་ཆགས་སུ་གཞན་བྱིས་པ་དང་མཚུངས་པར་གཞིས་གྲོང་དུ་སློབ་གྲྭར་སོང་ནས་མཇུག་ཏུ་རྒྱ་གར་བྱང་ལྷོའི་ཕྱོགས་ཀྱི་གསོ་རིག་ཆེད་ལས་མཐོ་སློབ་ཅིག་ཏུ་སྨན་ཞབས་ཀྱི་སློབ་སྦྱོང་བྱེད་བཞིན་པའི་སྐབས་གློ་བུར་ནང་མི་ཡིས་མོ་རང་སློབ་གྲྭ་ནས་འཐེན་ཏེ་ངོ་ཤེས་བརྒྱུད་ཕྱི་རྒྱལ་ཞིག་ལ་གཏོང་བརྩིས་བྱས། བུ་མོ་གཡང་སྒྲོལ་སྐབས་དེར་རང་ལོ་ཉེར་ཤུ་ཟིན་ལ་ཉེ་བ་དང་། ཕྱིའི་རྣམ་པ་མཛེས་པའི་ཐོག་ཀུན་སྤྱོད་ལེགས་པས་གཞིས་ཆགས་རང་གི་གཞོན་ནུ་མང་པོའི་ཡིད་སྨོན་ཤོར་ས་ཅིག་རེད། འོན་ཀྱང་བུ་མོ་གཡང་སྒྲོལ་ཀུན་སྤྱོད་བཟང་མོ་ཞིག་ཡིན་སྟབས་གཞིས་ཆགས་དེར་ཡོད་བུ་དང་། ཡང་ན་རྒྱ་གར་ཡུལ་མིའི་ཕོ་གཞན་འདྲ་གང་བྱུང་མང་བྱུང་དང་འགྲོག་སྟེ་འཆོལ་ལས་སོགས་རྩ་བ་ནས་མི་བྱེད་ལ། ཁྱིམ་དུ་ཡིན་ཡང་ནང་ལས་སོགས་ཚར་ནས་གཡང་སྒྲོལ་དང་མོའི་གཅེན་མོ་གཉིས་ཀྱིས་གཅུང་མོ་གཉིས་འཁྲིད་དེ་གཞིས་སྒར་དུ་དགོན་པར་བསྐོར་བ་འགྲོ་བ་སོགས་བྱེད། མདོར་ན་གཞིས་ཆགས་སུ་ཚང་མས་ཁ་གཅིག་གྲགས་ཀྱིས་གཡང་སྒྲོལ་ནི་ཡུལ་གྲོང་དུ་སེར་སྐྱ་ཕོ་མོ་རྒན་གཞོན་སུ་ཡིན་ཡང་ཡིད་ལ་འཐད་པའི་ལུགས་བཟང་གི་མཛེས་མ་ཞིག་རེད་ཅེས་མི་ཚོས་མོ་ལ་མི་དགའ་མཁན་ཕལ་ཆེར་མེད། སྐབས་དེར་མོ་རང་གིས་ཕ་མའི་བཀའ་ལྟར་སློབ་གྲྭ་ནས་ཕྱིར་འཐེན་ནས་ནང་དུ་བསྡད་རིང་གཞིས་སྒར་གྱི་རྒས་གསོ་ཁང་དུ་རྒྱུན་དུ་རྒན་འཁོག་རྣམས་ལ་གཙང་འཕྲོད་དང་འབྲེལ་ནས་དང་བླང་གིས་ལྟ་རྟོགས་བྱེད་ཀྱི་ཡོད་སྟབས་ས་གནས་འགོ་འཛིན་དང་བཅས་གནད་ཡོད་མི་སྣ་ཚོས་ཀྱང་གཡང་སྒྲོལ་ལ་བསྟོད་བསྔགས་ཐེངས་མང་བཏང་།

 

——མུ་འགོད། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།