སོ་སོ་ངོ་ཤེས་དགོས་ཀྱི་འདུག

images/stories/20800084_1720668124631828_1392174377401838612_n.jpgསོ་སོ་ངོ་ཤེས་དགོས་ཀྱི་འདུག

認識你自己
Need to know yourself

ད་ཨོ་གླིང་དུ་འབྱོར་ནས་ལོ་གཅིག་ལྷག་ཟང་ངེ་ཟིང་ངེར་རྫོགས་སོང་འདུག ཐོག་མའི་སྐབས་སུ་སོ་སོའི་དམིགས་བྱ་འགྲུབ་ཕྱིར་ཨིན་ཡིག་མུ་མཐུད་སློབ་སྦྱོང་ངམ་ཡར་རྒྱས་གཏོང་རྒྱུ་དང་། མི་ཚེ་འདིའི་ནང་སྲོག་གི་ཉེན་ཁར་འཛེམས་མི་དགོས་པའི་སྒོ་ནས་ཕ་མ་སྤུན་མཆེད་དང་ཐེངས་ཤིག་ཐུག་འཕྲད་དགོས་བསམ་པ་ནི་ངའི་འདིར་ཡོང་དགོས་པའི་ཐོག་མའི་སྐུལ་སློང་གི་གཞི་གདན་ཡིན།

 

འོན་ཀྱང་ལོ་གཅིག་ལྷག་སོང་བའི་དེ་རིང་ལ་ངའི་སེམས་ཀྱི་ཚོར་ཤུགས་ལ་གང་ས་ཅིའི་ཐད་ནས་འགྱུར་བ་ཤུགས་ཆེན་འགྲོ་བཞིན་ཡོད། འདིར་སླེབས་མ་ཐག་སྐབས་སུ་མགོ་སེར་ཚོ་ཡར་རྒྱས་དང་ཕུལ་བྱུང་ཡིན་རབས་ལ་ཧང་མི་སངས་ཤིང་ཧོན་འཐོར་མི་དགོས་པར་དེ་དག་གི་རྗེས་ཟིན་ཐབས་བྱ་རྒྱུ་དང་། རང་མགོ་རང་ཐོན་ཡོང་རྒྱུ། ལས་ཀ་དང་དངུལ་བསག་རྒྱུ་ནི་སོ་སོ་ཚུད་རང་རིགས་མཐུན་ཕྱོགས་གཞན་ཚོས་ངང་ངང་ཤུགས་ཀྱིས་རྒྱུ་བཞིན་པའི་འགྱུར་མེད་ཀྱི་ལམ་བུ་ངོ་མ་ཞིག་ཏུ་གྱུར་འདུག་ལ། སྔ་ཙམ་འདིར་སླེབས་ཟིན་པ་དག་ལ་ལས་ཀ་གཏན་འཇགས་ཡོད་པ། དངུལ་དངོས་གང་མཚམས་འགྲིག་ཆགས་ཡོད་པ་ནས་སྒེར་ཁང་རེའང་ཉོ་ཐུབ་པ་བྱུང་བ། དེ་ནས་དངུལ་གྱིས་ཉོ་སྒྲུབ་གང་འདོད་དང་ཡུལ་བསྐོར་སྤྲོ་འཆམ་འགྲོ་བ་སོགས་ནི་དཔལ་འབྱོར་གྱི་འགྲིག་ཆགས་མཐོ་ཤོས་གྲལ་གྱི་དམིགས་ཡུལ་དང་གནས་སྟངས་རེད།

 

 

ཐོག་མའི་སྐབས་ཀྱི་སློབ་སྦྱོང་ལ་འབད་བརྩོན་དང་ཧུར་པོ་བྱས་རྗེས་ཆེད་ལས་གཅིག་གམ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་གྱི་སྦྱང་འབྲས་སོན་རྗེས། ངའི་བརྩེ་ཆེན་བཟའ་ཟླའང་འདིར་འཐེན་ཐུབ་པ་བྱུང་ནས་ཁོང་དང་མི་ཚེར་སྐྱིད་སྡུག་མཉམ་མྱོང་ཡོང་རྒྱུ་སོགས་མི་འགྲོ་འགྲོ་དང་མི་འདུག་འདུག་ཟེར་བ་ལྟ་བུ་བྱུང་བ་རེད་མོད།

འོན་ཀྱང་ད་ཆ་ངའི་བསམ་བློར་གློ་བུར་དུ་འགྱུར་ལྡོག་འགྲོ་བཞིན་འདུག ང་རང་གིས་ཧ་གོ་གི་འདུག ངས་གང་འདྲ་བྱས་ནས་གཞན་གྱི་རྗེས་ཤུལ་ལྟར་སློབ་སྦྱོང་ཐོན་རྒྱུ། དེ་ནས་ལས་ཀ་གཏན་འཇགས་རེ་འཚོལ་ཐུབ་རྒྱུའི་ཆ་རྐྱེན་ལ་ཨིན་སྐད་འགྲིག་དགོས་པ། དེ་མིན་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་ངོ་མ་རག་ཐབས། དེ་བས་གོང་ལྟར་བྱུང་རྗེས་ཁང་པ་ཞིག་ཉོ་བརྩིས་སོགས་ཀྱི་ལྟོ་གོས་གཏམ་གསུམ་གྱི་འཚོ་སྤྱོད་ཁོ་ནར་བསམ་བློ་དེ་ཁྱོན་ནས་གཏོང་མི་འདོད་པ་གྱུར་འདུག གཅིག་བྱས་ན་འདི་བདག་གི་མི་ཚེ་འདི་གཞན་དང་མི་འདྲ་བར་འཚོ་བ་རྗེས་ལུས་དང་ཕམ་ཁར་ལྷུང་བའི་སྔོན་འགྲོའི་དན་རྟགས་ཀྱང་ཡིན་སྲིད།

 

 

གང་ལྟར་ཡང་ཉིན་འདིའི་རིང་ལ་ང་ལ་སྲོག་ཡོད་ཀྱང་བླ་མེད་ཀྱི་འཁྱམ་མོ་དང་འདྲ། ང་རང་འཛུམ་གྱིས་ཁེངས་པའི་སྡུག་དགུ་མ་ཞིག་དང་འདྲ། ང་རང་གང་དུ་སོང་ཡང་ཁྱིམ་མེད་པའི་སྤྲང་མོ་ཁེར་འགྲོ་མ་ཡིན་ལོས་དགོས་སོགས་བསམ་པའི་བློ་ཕུག་ན་ངས་རྟག་ཏུ་སོ་སོས་སོ་སོར་དྲི་བ་ཞིག་གཏོང་གི་ཡོད་པ་དེ་ནི། ཁྱོད་རང་འཇིག་རྟེན་འདིར་འབྱོར་ནས་བྱ་བ་གང་ཞིག་བྱ་འདོད་པ་ཡིན་ནམ། ཁྱོད་ཀྱི་མི་ཚེའི་དམིགས་ཡུལ་ངོ་མ་དེ་ཅི་ཞིག་ཡིན་ནམ། ཁྱོད་ཀྱིས་ལས་དོན་དང་བྱ་བཞག་ཅི་ཞིག་གི་ཆེད་དུ་རང་སྲོག་ཀྱང་བློས་གཏོང་ཕོད་དམ། ཟེར་བའི་དྲི་བ་འདི་དག་ཡིན།

 

 

བསམ་བློ་འདི་འདྲར་གཏོང་ཡོང་དུས་བསམ་ཕྱོགས་དེ་དག་ད་དུང་ཡང་རབ་མ་རུབ་ལྟ་བུར་སྣང་གི་འདུག་ཀྱང་དུས་མཚུངས་སུ་ང་རང་གཞི་ནས་གཉིད་སད་པ་ལྟ་བུའི་དགའ་ཚོར་བསམ་མི་ཤེས་པ་གཞན་ཞིག་གིས་གཞན་གྱིས་དེར་བལྟས་ཚེ་དགོད་བྲོ་ཆོག་ཅིང་རང་གིས་མྱོང་ན་ཡིན་བསམ་པའི་སྤོབས་པ་དང་སེམས་རྩའང་ལྷོད་ལ་བབས་ཡོང་གི་འདུག

 

ང་རང་གཞན་ལྟ་བུས་མགོ་སེར་ཚོའི་ཨིན་སྐད་འདི་ཤེས་ནས་ཞི་པོ་ཞིག་འཇོན་རྒྱུ་ལྟ་རྒྱུ་ཡོད་བསམ་པ་དེ་འདྲ་མི་འདུག གང་ཡིན་ཟེར་ན། གང་ཟག་རང་ལ་མ་རྩའང་གཞི་མའི་འཇོན་ནུས་དང་སྤོབས་པ་ཉམས་སོང་ན་ཨིན་སྐད་ཤེས་ནས་མཁས་དབང་ཐོན་པ་ཚོས་ཀྱང་ནམ་མཁའི་མཇའ་མཚོན་རེག་ནས་བྱིས་པའི་རྩེད་མོ་རྩེད་བཞིན་ཁྱོད་ལ་ངུ་མ་དགོད་ཀྱི་ཚོར་འདུ་བསློང་སྲིད་པ་དེ་རེད། ང་རང་གཅིག་མ་འགྲིག་པ་ཡིན་སྲིད་ཀྱང་། འདིར་སྔ་ཕྱིར་འབྱོར་བའི་གཞན་རིགས་མཐུན་མང་ཆེ་ལྟར་ངང་ངང་ཤུགས་ཀྱིས་ཨོ་སྒོར་བསགས་རྒྱུར་རྔམ་སེམས་ཁྱོན་ནས་ལང་ཡོང་གི་མི་འདུག ངས་གཙོ་བོ་མི་གཤིས་ཀྱིས་དྲང་ཚུགས་བཟུང་ནས་སོ་སོས་ངེས་པར་དུ་ཁས་ལེན་བྱས་པའི་དོན་དག་སྒྲུབ་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་བས་ང་ནི་དངུལ་ཡོད་ན་སྤུན་དང་དངུལ་མེད་ན་གཡོག་གི་འདུ་ཤེས་འཛིན་སྟངས་དེ་དག་ལ་སྐྱུག་བྲོ་མཁན་ཞིག་ཡིན་བཟོའང་འདུག འོན་ཀྱང་དངུལ་ཡོད་མཁན་ཚོའི་ངོས་ནས་མཐོང་ན་སྤྲང་མོ་ང་ཡ་ང་བ་ཞིག་ཡིན་སྲིད་ཀྱང་། དེ་ལས་ལྡོག་ཏེ་ང་རང་དངུལ་མ་གཏོགས་བསགས་མི་ཤེས་མཁན་སྲོག་མེད་ཀྱི་འཕྲུལ་འཁོར་ལྟ་བུ་འདི་དག་དང་། རྒྱུ་མ་གཏོགས་ངོ་མི་ཤེས་མཁན་གླན་པ་ལུག་འདྲ་པོ་དེ་དག གཞན་ལ་དཔུང་ཤུགས་དང་ངོམས་བཟོའི་བྱ་བ་མ་གཏོགས་ལ་དོ་སྣང་མེད་མཁན་ཚོར་ཞེ་མེར་ཡོང་གི་འདུག་ལ་དེ་བས་དེ་འདྲའི་ཟུར་ལ་འགྲོ་སྙིང་མ་འདོད་པ་རྒྱང་རིང་སར་སྡོད་འདོད་འདུག

 

 

ད་དུང་ཡང་གང་དུ་སོང་ཡང་རིགས་མཐུན་ཚོའི་འདུས་ཤིང་ཐུག་པའི་འཁོར་ར་ཁོར་ཡུག་ཏུ་བོད་མི་རིགས་འདིའི་འདས་མ་ད་གསུམ་གྱི་སྐྱོ་གར་དང་། ཉེ་དུས་སྤྱི་ཚོགས་སུ་གླེང་བསམ་པའི་བརྗོད་གཞི་རེ་ཟུང་ལ་བགྲོ་བ་ཙམ་ཕུད། དེ་མིན་གཙོ་བོར་ད་ཆ་སུ་སུ་ལ་ལས་ཀ་ཡོད་མེད་དང་། སུས་དངུལ་ཡག་མོ་བསགས་ཐུབ་ཡོད་མེད། སུ་ལ་ཨིན་ཡིག་གི་སྤུས་ཚད་ཡག་མོ་ཡོད་མེད། སུ་དཔལ་འབྱོར་གྱི་རྒྱབ་རྩར་བརྟེན་ནས་ཡུལ་སྐོར་སྤྲོ་འཆམ་ཇི་ཙམ་སོང་ཡོད་མེད། སུའི་ཁྱིམ་གྱི་བུས་འཇོན་ནས་དངོས་སུ་ལས་ཀ་གཅིག་ཐོག་ཉིན་མཚན་བརྒྱུད་ནས་ལས་ཀ་གཉིས་གསུམ་ལས་ཏེ་དངུལ་བསགས་ཐུབ་ཀྱི་ཡོད་མེད། སུ་ལས་ཀའམ་ཤུགས་ལས་གཙོ་གྱུར་ལ་འཇོན་ཐང་ཆེ་མིན། སུའི་ཁྱིམ་ཚང་གི་རླངས་འཁོར་ཅིག་ཅིག་ཉིག་ཉིག་གི་རྟགས་ཅན་ཡིན་ལུགས་སོགས་སྐོར་གླེང་ཡོང་དུས་དེ་སྔོན་རང་རིགས་ཀྱི་ངུ་བྲོ་བའི་ཆབ་སྲིད་རྒྱབ་ལྗོངས་དེ་ནས་རྗེས་ཤུལ་ལ་ཐལ་བ་འཚུབ་ནས་ཕྱིར་སྲོག་ཙམ་ལྷག་མར་ལུས་ནས་གཞན་ཡུལ་དུ་ཐར་བའི་བཙོན་ཟུར་དང་འབྲེལ་ཡོད། འབྲེལ་ཆགས་བཅས་ཀྱི་གནས་སྟངས་ལ་བསམ་ཚེ་སླར་ཡང་ཨོ་གླིང་གི་རྒྱ་མཚོ་ཆེན་མོའི་ཟུར་འདི་ནས་ཉིན་མཚན་གསུམ་ལ་ངུ་འབོད་བྱ་དགོས་མིན་འགྲོའང་བསམ་པ་འདུག ད་ནས་ག་རེ་ཡིན་ན་ང་རང་ཡང་མགོ་འཐོམ་གྱི་འདུག ད་ང་རང་ངོ་མ་ས་འདི་ནས་ཀྱང་སླར་ཡང་གཞན་ཞིག་ལ་བྲོས་ས་ཤིག་རག་ན་བསམ་གྱི་འདུག

 

 

བུད་མེད་ཅིག་ཡིན་པའི་ངོས་ནས་ཀྱང་། རིགས་མཐུན་ཚོའི་འབྲེལ་ཡོད་ཀྱི་གླེང་ཕྱོགས་ནི་སུའི་ཁྱོ་ག་ཡག་པོ་ཡོད་རབ་ཀྱིས་བཟའ་ཟླ་ལ་དངུལ་དངོས་ཀྱི་འདོད་པ་སྦྱིན་གྱི་ཡོད་མེད། བུད་མེད་སུའི་གྱོན་ཆས་དང་རྒྱན་ཆ་སྤུས་དག་དང་ངོམས་བཟོ་ཡོད་མེད་སོགས་ཀྱང་ང་རང་དང་འབྲེལ་བ་ཁྱོན་ནས་མི་འདུག

ངས་རྒྱུན་དུ་བསམ་གྱི་ཡོད། ལས་ཀ་རག་རྒྱུ་དེ་འཚོ་བའི་ཆེད་དུ་རེད། འོ་ན་འཚོ་བ་ནི་ཅིའི་ཆེད་དུ་རེད། འཚོ་སྟངས་གང་འདྲ་ཞིག་དགོས་མིན། ཅིའི་ཆེད་དུ་སོ་སོ་བློས་གཏོང་ཐུབ་དགོས་པ་རེད། ང་ནི་ཐོག་མའི་སྐབས་འདིར་འབྱོར་དུས་ལྟར་ལས་ཀ་རག་ཐབས། རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་རག་ཐབས། ཁང་པ་ཉོ་ཐབས་དང་ཡུལ་བསྐོར་འགྲོ་ཐབས་སོགས་ཀྱི་བློ་བསྐྱེད་དང་རྦད་དེ་ལྡོག་ཕྱོགས་སུ་འགྲོ་བཞིན་འདུག

 

 

མི་ཞིག་ལ་དངུལ་དངོས་ལས་གཞན་རིན་ཐང་ཅིའང་མཇལ་ས་མེད་པ་ཡིན་ནམ། དམིགས་བསལ་དུ་དུས་རབས་ཁ་ཤས་འགོར་ཡང་བོད་མི་རིགས་འདི་ཡར་འཐོན་རྒྱལ་ཁབ་དོ་ཐུབ་པའི་དབང་དུ་གཏོང་ཡང་དངུལ་དངོས་དཔལ་འབྱོར་འགྲན་བསྡུར་གྱི་རླབས་སུ་འཕྱོ་རྒྱུ་འདི་རང་རིགས་ཀྱི་དམིགས་ཡུལ་དང་ཁྱད་ཆོས་ཡིན་ནམ། ད་འདི་ལས་གཞན་ང་ཚོར་བྱེད་རྒྱུ་ཞིག་མེད་སོང་བ་རེད་དམ།

 

 

ང་ནི་ཕ་ས་མ་གཞིས་བོར་བའི་སྤྲང་མོ་ཁེར་འགྲོ ང་ནི་ཆགས་ས་བརྟེན་ས་མེད་པའི་ཡུ་མོ་ཐབས་ཆགས། ང་ནི་རང་དབང་དང་ཐོབ་ཐང་ཤོར་བའི་བཙོན་མ་ཉམས་ཆུང་། ང་ནི་རང་དབང་གི་བླ་སྲོག་སྙེགས་བསམ་པའི་བླ་འཁྱམ་གསོན་པོ། འོ་ན་ཀ་ཡེ། ལས་ཀ་དང་དངུལ་དངོས་ཀྱིས་ང་ལ་ཡིད་ཚིམས་པར་སྟེར་ན་དེ་ང་མ་རེད་ལ། ཁང་པ་ཉོ་ཐུབ་པ་དང་དཔུང་བསྒྲིགས་ཀྱི་ཤེད་ཤུགས་ངོམས་པ་དེ་ཙམ་གྱིས་ཀྱང་ང་རང་བསླུ་མི་ཐུབ། ད་ནས་བཟུང་ང་རང་གིས་སོ་སོ་འཚོ་བའི་དམིགས་ཡུལ་དང་དགོས་པ་དེར་བློ་བསྐྱེད་དགོས། ང་ལ་སོ་སོའི་མི་ཚེའི་སྒྲུབ་བྱ་ཡོད་ལ། སོ་སོས་གདམ་པའི་དམིགས་ཡུལ་ཡོད། སོ་སོས་སྙེག་པའི་ལམ་བུ་ཡོད་ལ། སོ་སོས་འཚོ་བའི་གདམ་ཁ་ཡོད་དགོས། ང་ནི་ང་རང་སྟེ། རང་དབང་གི་བླ་སྲོག་གིས་བཙན་གྱིས་བསྡམས་ཟིན་པའི་འཕགས་མཆོང་མ་ཞིག

 

ང་ནི་སོ་སོ་སྟེ། ང་རང་གི་དགའ་ཕྱོགས། ང་རང་གི་གདམ་ཁ། ང་རང་གི་འདོད་འདུན། ང་རང་གི་དམིགས་ཡུལ་བཅས་ཆེད་དུ་འཚོ་འོས། ད་ནས་བཟུང་ང་རང་གིས་སོ་སོ་ངོ་ཤེས་ཐབས་དགོས་ལ། སོ་སོའི་འདོད་མོས་དང་དམིགས་ཡུལ་ངོ་མ་དེ་ཡང་ངོ་ཤེས་དགོས་ཀྱི་འདུག སོ་སོའི་ཕུག་བསམ་དང་སོ་སོའི་དམིགས་ཡུལ་ངོ་མ་དེ་ངོ་ཤེས་དགོས་འདུག་ཨང་།

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༧ ཉིན་ཨོ་གླིང་རང་ཤག་ཏུ་ཤར་མར་བྲིས། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།