༡༧། རྨ་ཁ།

images/stories/45/Resized/qq1728.jpg༡༧། རྨ་ཁ།

wound

伤口

(བརྩམས་སྒྲུང་ཡིག་བརྒྱ་མ།)

མོས་ངོ་ཤེས་ཡོད་ཚད་ལ་ཁྱོ་བོས་མོ་རང་ལ་འཇིག་རྟེན་འདིའི་ཐོག་ཆེས་ལྷད་མེད་ཀྱི་བརྩེ་དུང་ཞིག་བཅངས་ཡོད་སྐོར་བཤད་རྒྱུར་དགའ།

དེ་བཞིན་མོའི་སེམས་ནང་ལའང་གཅིག་མཚུངས་ཚོར་ཞིང་སོ་སོ་འཇིག་རྟེན་འདིའི་ཐོག་ཧ་ཅང་བདེ་སྐྱིད་དང་བསོད་ནམས་ལྡན་པའི་བུད་མེད་ཅིག་ལ་ངོས་འཛིན་གྱིས་མི་ཚེའི་ནང་ཁྱོ་བོའི་མཚན་སྙན་ལ་གནོད་པའི་བྱ་བ་སྤུ་ཙམ་མི་བྱེད་རྒྱུའི་དམ་བཅའ་གཏན་པོར་བཞག

 

ཐེངས་ཤིག་མོས་སྣང་མེད་ཀྱི་སྒོ་ནས་ཁྱོ་བོའི་ངོ་དེབ་ཐོག་ནས་ཁོས་བུ་མོ་གཞན་ཞིག་ལ་དགའ་ལུགས་དགའ་སྟངས་སྣ་ཚོགས་བཤད་པའི་ཁ་བརྡ་ཞིག་མཐོང་། ཐོག་མར་མོས་སོ་སོར་དེ་ནི་ངའི་ཁྱོ་བོས་དྲ་གྲོགས་བུ་མོ་ཚོར་ཀུ་རེ་རྩེས་པ་ལས་བདེན་པ་ཡིན་མི་སྲིད། སོ་སོས་འདི་ལྟར་ཁྱོ་བོར་ཐེ་ཚོམ་སྐྱེ་སྟངས་འདི་ཙམ་ཡང་ནག་ཉེས་རེད་བསམ་ནས་སྡོད། འོན་ཀྱང་མོས་མུ་མཐུད་གཤམ་གྱི་ཁ་བརྡའི་ནང་དོན་ལ་བལྟས་ཤོར་བས། མོ་སྔར་བས་ཁྱོ་བོའི་སྐད་ཆ་དེ་དག་ལ་ཧ་ལས་ཤིང་ཧོན་འཐོར་ནས་ལུས།

 

དེ་ནི་ཀུ་རེ་ཙམ་མིན་པར་ཕན་ཚུན་འདྲིས་ཏེ་ལོ་མང་སོང་བའི་སེམས་དུང་དུང་གི་བརྩེ་བའི་སྙིང་གཏམ་ཤ་སྟག་རེད་ཡ། ང་ཁྱོད་ལ་ཧ་ཅང་དགའ། ངས་རྟག་པར་ཁྱོད་རང་དྲན་ནས་སྡོད་ཀྱི་ཡོད། ང་རང་ཁྱོད་ཀྱི་དྲོ་སོབ་སོབ་ཀྱི་ཉལ་ཁྲིར་སྐྱིད་པོ་བྱས་ཏེ་ཁྱེད་དང་མཉམ་དུ་ཉལ་འདོད་ཡོད། ངས་རྒྱུན་དུ་ཆེས་བརྩེ་དུང་བཅང་ཡུལ་དགའ་མ་ཁྱོད་རང་ཡིན། ང་ལ་རེ་བ་གཅིག་རང་ཡོད་པ་དེ་ནི་ཁྱོད་ལ་ངེད་གཉིས་ཀྱི་བུ་ཆུང་ཞིག་བཙའ་འཇུག་རྒྱུ་དེ་ཡིན།

 

མཚམས་འདིར་སླེབས་དུས་མོའི་མིག་གཉིས་ནས་ལྷུང་ལྷུང་དུ་སར་ཟག་པའི་མཆི་མས་མོའི་མཐོང་བྱེད་གཉིས་སྦྲིད་པར་བྱས། མོ་རང་བཟོད་མ་ཐུབ་པར་ངུ་ངག་ཅུང་ཤོར་ཞིང་གདུང་ཚོར་དེས་སླར་མོའི་སེམས་ལ་སྔར་བྱུང་མ་མྱོང་བའི་རྨ་ཁ་གཏིང་ཟབ་གཞན་ཞིག་ཀྱང་བཟོས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།