ཨོ་གླིང་གི་སྤྱི་བཏང་བའི་རོགས་དངུལ་སྐོར།

images/stories/australian_coat_of_arms.pngཨོ་གླིང་གི་སྤྱི་བཏང་བའི་རོགས་དངུལ་སྐོར།

Australia's usual relief funding situation

澳洲通常難民的救助情況

སྔོན་གླེང་།

བཤད་སྲོལ་ལྟར་ན། ཨོ་གླིང་དུ་སྔ་ཕྱིར་འབྱོར་བའི་བོད་མི་ཁྱོན་སྟོང་གཉིས་དང་། ང་སྡོད་སའི་མངའ་སྡེ་འདི་ལ་ཌི་ཝེ་ Dee why ཟེར་སར་བོད་པ་བདུན་བརྒྱ་ལྷག་ཡོད་ཚོད་འདུག དེའང་མང་ཆེར་རང་གཞུང་བདེ་སྲུང་གིས་བཏང་བའི་སྲིད་བཙོན་ཟུར་པ་དང་། དེའི་འབྲེལ་ཡོད་དང་འབྲེལ་ཆགས་བཅས་རེད།

ཐོག་མའི་དུས་སུ་འཚོ་བ་གསར་པ་འགོ་བརྩམས་དུས་གཞུང་གིས་རོགས་སྐྱོར་མི་འདྲ་བ་ཁག་ལྔ་ཙམ་ང་ཚོས་ལོངས་སྤྱོད་ཆོག་པ་འདུག་སྟབས་དེའི་སྐོར་གྱི་ཤེས་བྱ་ཉུང་ཙམ་རྟོགས་ཕྱིར་འདི་ནས་གནས་ཚུལ་ཁག་ཕྱོགས་བསྒྲིགས་དང་བོད་བསྒྱུར་ཞུས་པ་ཡིན།

 

དེ་མིན་འདིར་རྒྱུན་རིང་འཚོ་བཞིན་པའི་བོད་པ་མང་ཤོས་ནི་གཞུང་གི་རོགས་དངུལ་འདི་དག་ལ་བརྟེན་མི་དགོས་པར་སྔ་མོ་ནས་རང་ཁ་རང་གསོ་ཐུབ་ཡོད་པ་མ་ཟད། ཉུང་ཤོས་ཤིག་ཀྱང་ཕྱུག་བདག་དམའ་འབྲིང་གི་ཚོད་དུ་སླེབས་ཡོད་ཚོད་ལ་དེ་བས་དགའ་འོས་པ་ཞིག་ལོས་ཡིན་སྙམ།

 

 

རོགས་དངུལ་གྱི་རྣམ་གྲངས་ནི།

༡། བཟའ་ཟླ་འདས་གྲོངས་སུ་གྱུར་བར་རོགས་སྐྱོར། Bereavement Allowance

 འདི་ནི་བདུན་ཕྲག་༡༠༤ ཡི་དུས་ཡུན་རེ་སྒུག་དགོས་པ་རེད། དེའང་ PR _permanent resident ( འདི་ནི་ཡུན་རིང་སྡོད་ཆོག་པའི་ཡུལ་མིར་གོ ) ཞེས་པའི་ངོ་བོར་གྱུར་བའམ་ཉིན་མ་ ༧༢༨ རྗེས་སུ་ PR གྱི་ངོ་བོའམ་དེའི་ལག་ཁྱེར་རག་རྗེས་གཞི་ནས་གོང་གསལ་གྱི་རོགས་དངུལ་ལ་རེ་འདུན་ཞུ་ཆོག་པ་ཡིན།

བཟའ་ཟླ་འདས་གྲོངས་སུ་གྱུར་བའི་བུད་མེད་ཁེར་རྐྱང་ལ་རོགས་དངུལ་འདི་རག་གི་ཡོད་ཅིང་། རོགས་དངུལ་འདིའང་བདུན་ཕྲག་བཅུ་བཞིར་རག་ཐུབ། གལ་ཏེ་སྦྲུམས་མ་ཡིན་ན་རོགས་དངུལ་དེ་བདུན་ཕྲག་གཉིས་ལ་ཨོ་སྒོར་ ༧༤༨།༨༠ ཐོབ་པ་དང་། ཕྲུ་གུ་བཙས་མ་ཚར་བར་དུ་ཐོབ་ཀྱི་ཡོད་པ་རེད་འདུག

 

 

༢། ནད་གཡོག་ཚུལ་གྱི་རོགས་དངུལ། Carer Allowance

རོགས་དངུལ་འདི་ནི་ཉིན་ལྟར་དབང་པོ་སྐྱོན་ཅན་ལ་རོགས་སྐྱོང་བྱེད་མཁན་ལ་ཐོབ་ཀྱི་ཡོད་པ་དང་། རོགས་དངུལ་འདི་ཐོབ་པར་དུས་ཚོད་གཞན་རེ་སྒུག་མི་དགོས་པར་ PR _ permanent resident གྱི་ངོ་བོར་གྱུར་མ་ཐག་རག་གི་ཡོད་པ་རེད་འདུག རོགས་དངུལ་འདིའི་གྲངས་ཚད་ནི་བདུན་གཉིས་ལ་ཨོ་སྒོར་ ༡༡༤ ཡིན་པ་དང་།

གལ་རེ་དབང་པོ་སྐྱོན་ཅན་གྱི་ནད་པ་དེ་དང་མཉམ་དུ་སྡོད་པའམ་གང་ཟག་དེ་སོ་སོའི་བཟའ་ཟླ་བུ་རྒྱུད་བཅས་མ་ཡིན་པར་གཅིག་གིས་གཅིག་ལ་ནད་གཡོག་རྒྱུགས་ཀྱི་ཡོད་ཚེ། བདུན་གཉིས་རེར་ཨོ་སྒོར་ ༦༨༩ ཐོབ་ཀྱི་ཡོད་པ་དང་། དེ་མིན་བཟའ་ཟླའི་ཕན་ཚུན་གྱི་ངོ་བོའི་ཐོག་ནས་ནད་གཡོག་རྒྱུགས་པ་ཡིན་ན་བདུན་གཉིས་རེར་ཨོ་སྒོར་ ༥༡༩།༤༠ ཐོབ་ཀྱི་ཡོད་པ་རེད་འདུག

 

 

༣། སློབ་གཉེར་གྱི་རོགས་དངུལ། Austudy

རོགས་དངུལ་འདི་ནི་རང་ལོ་ ༢༥ ཡས་ཀྱི་སློབ་མ་ཚོར་སློབ་ཡོན་སོགས་ཀྱི་རོགས་སྐྱོར་ཚུལ་རེད་འདུག དེའང་གཙོ་བོ་རང་ལོ་བཅོ་བརྒྱད་ཧྲིལ་པོ་བརྒལ་ཚར་བའི་དར་གཞོན་ཚོ་སློབ་གཉེར་བྱེད་སའི་སློབ་གླིང་སྟེ་ TAFE ཟེར་བའི་སློབ་གྲྭའི་ནང་མཐོ་སློབ་ཆེད་ལས་དང་སློབ་གྲྭ་ཆེན་མོའི་ཡོན་ཚད་ཆ་ཚང་བའི་ཐོག་སློབ་གཉེར་བྱེད་མཁན། ད་དུང་སློབ་དཔོན་གྱི་ཡོན་ཚད་སྦྱོང་མཁན་བཅས་ལ་ཐོབ་ཀྱི་ཡོད་པ་རེད་འདུག

 

འོན་ཀྱང་ཡོན་ཚད་འབུམས་རམ་པའི་ཚད་ལ་རོགས་དངུལ་འདི་རག་གི་མི་འདུག འདི་ལའང་བདུན་ཕྲག ༡༠༤ སྒུག་དགོས་པ་དང་ PR _ permanent resident ངོ་བོར་གྱུར་རྗེས་གོང་གསལ་གྱི་དུས་ཚོད་དེའི་རྗེས་སུ་ཐོབ་པའི་སྙན་ཞུ་འབུལ་ཆོག་པ་རེད་འདུག གལ་ཏེ་བདུན་གཉིས་རེའི་དཔྱ་དངུལ་དང་ཡོང་འབབ་དེ་ཨོ་སྒོར་ ༢༣༦ མ་བརྒལ་བའི་རིགས་ཡིན་ན། བདུན་གཉིས་རེར་ཨོ་སྒོར་མི་འདྲ་བ་སྟེ། ༤༠༢།༧༠ དང་། ༤༤༢།༡༠ ཡང་ན་ ༥༢༧།༥༠ བཅས་སོ་སོར་ཐོབ་རྒྱུ་རེད་འདུག

དེའང་ཁེར་རྐྱང་གི་ངོ་བ་དང་། ཆང་ས་བརྒྱབས་ཡོད་མེད། ཕྲུ་གུ་ཡོད་མེད་བཅས་ཀྱི་གནས་སྟངས་ཐོག་ནས་རོགས་དངུལ་མི་འདྲ་བ་རེད། གལ་ཏེ་ཁྱོད་ལ་བདུན་གཉིས་རེར་ཡོང་འབབ་དང་དཔྱ་དངུལ་སྤྲོད་དགོས་རིགས་སམ་ཨོ་སྒོར་ ༥༢༧།༥༠ བརྒལ་བའམ་མཐོ་བའི་ཡོང་འབབ་རག་ཚེ་རོགས་དངུལ་གོང་གསལ་ལའང་ཨ་ནའམ་སྒོར་ཟུར་༥༠ དང་། ཡང་ན་སྒོར་ཟུར་ ༦༠ ཙམ་ཉུང་དུ་འགྲོ་བ་ཡིན་འདུག

 

 

༤། ནད་པའམ་དབང་པོ་སྐྱོན་ཅན་ལ་རོགས་དངུལ། Sick, injured or people with a disability

འདི་ནི་རང་ལོ་ ༡༦ བརྒལ་བའི་གཟུགས་པོར་རྨས་སྐྱོན་ཕོག་ནས་ལས་ཀ་བྱེད་མི་ཐུབ་མཁན་དང་། ཡང་ན་དབང་པོ་སྐྱོན་ཅན་ལ་དམིགས་པའི་རོགས་དངུལ་ཞིག་རེད་འདུག་ལ། དེའང་རྒྱལ་ཁོངས་སུ་ལོ་བཅུ་ཙམ་བསྡད་ཟིན་པ་ཞིག་ཡིན་དགོས་ལ། ལོ་བཅུའི་རྗེས་སུ་རོགས་དངུལ་འདི་ཞུས་ན་འགྲིག་པ་ཞིག་ཡིན་འདུག

དབང་པོ་སྐྱོན་ཅན་རང་ལོ་ ༢༡ གང་ཡིན་པའི་ཁེར་རྐྱང་གི་མི་ཞིག་ཡིན་ན།  དེར་བདུན་གཉིས་རེར་སྒོར་ ༦༨༩ ཐོབ་རྒྱུ་དང་། བཟའ་ཚོ་ཡིན་ན་མི་རེར་སྒོར་ ༥༡༩།༤༠ ཐོབ་ཀྱི་ཡོད། རང་ལོ་ ༢༡ མས་ལ་ལོ་ཚད་ཆུང་ཆུང་ཇི་ཙམ་ཡིན་མིན་ལ་གཞིགས་ན་དེའི་ཚོད་ཀྱི་རོགས་དངུལ་ཉུང་དུ་འགྲོ་རྒྱུ་རེད་འདུག དེ་མིན་ན་ཚའི་རྐྱེན་གྱིས་ལས་ཀར་འགྲོ་མི་ཐུབ་མཁན་རྣམས་ལ་དེའི་ཚོད་ཀྱི་རོགས་དངུལ་ཐོབ་ཀྱི་ཡོད་ཀྱང་གཞན་ལས་ཅུང་ཉུང་བ་ཡིན་འདུག

 

 

༥། འཚོ་བ་གསར་པ་འགོ་རྩོམ་མཁན་ལ་རོགས་རམ། Newstart Allowance

རྒྱལ་ཁབ་གཞན་ནས་འདིར་འབྱོར་མ་ཐག་སྲིད་གཞུང་གིས་འཚོ་བ་གསར་པ་འགོ་རྩོམ་མཁན་རྣམས་ལ་རོགས་དངུལ་ཞིག་སྤྲོད་ཀྱི་ཡོད་པ་དང། འདིའང་ང་ཚོ་བོད་པར་ཐོག་མའི་དུས་རག་པའི་རོགས་དངུལ་དེ་ཡིན།

དེའང་བཤད་སྲོལ་ལྟར་ལས་ཤོར་གྱི་མི་རྣམས་ལ་རོགས་དངུལ་སྤྲོད་སྲོལ་ཡོད་པ་དེའི་རིགས་ཡིན་མིན་མི་ཤེས། འོན་ཀྱང་རོགས་དངུལ་འདི་ལེན་མཁན་ཚོར་ཆ་རྐྱེན་མང་དག་ཅིག་གོ་སྒྲིག་བྱས་ནས་ཡོད་པ་རེད། བདུན་ཕྲག་ ༡༠༤ སྒུག་དགོས་པའི་ཆ་རྐྱེན་སྟོན་འདུག འདིའང་གནས་སྤོ་བའི་ཡུལ་གྱར་བ་ཁག་གཅིག་ལ་དུས་ཚོད་འདི་སྒུག་མི་དགོས་པ་བཟོས་པ་ནི་ཨོ་གླིང་དུ་འབྱོར་བའི་བོད་རིགས་ཚོ་རེད།

 

དེ་མིན་ཡང་ན་བཟའ་ཟླའི་ཡ་གཅིག་ཨོ་གླིང་གི་ཡུལ་མི་ཡིན་མཁན་ཡོད་ན་དུས་ཚོད་འདི་འདྲར་སྒུག་མི་དགོས་པར་ཐད་ཀར་རོགས་དངུལ་འདི་ཞུ་ཆོག་པར་ཆགས་རྒྱུའང་ཡིན་འདུག འདི་ལ་བདུན་གཉིས་རེར་ཨོ་སྒོར་ ༤༣༩།༤༠ ནས་ ༦༤༡།༥༠ བར་གྲངས་ཀ་མི་འདྲ་བ་ཡོད་འདུག་པ་དེ་ནི་གང་ཟག་དེ་ཁེར་རྐྱང་ཡིན་མིན་དང་། ཆང་ས་བརྒྱགས་ཡོད་མེད། ཕྲུ་གུ་ཡོད་མེད་དང་ཕ་མ་སྤུན་དང་ཟླ་བོའི་ཕྱོགས་ནས་རྒྱུ་ནོར་རྒྱུད་འཛིན་བྱེད་མཁན་ཡིན་མིན་བཅས་ལ་རག་ལུས་ཀྱི་ཡོད་པ་རེད་འདུག

ཟླ་བ་རེའི་ཡོངས་འབབ་ཐོག་སོ་སོའི་བསགས་དངུལ་བསྡོམས་ནས་གྲངས་ཀ་ངེས་ཅན་སླེབས་ན་རོགས་དངུལ་འདིའང་དེ་མཚུངས་ཀྱི་ཉུང་དུ་འགྲོ་རྒྱུ་རེད་འདུག གལ་ཏེ་མི་ཁེར་རྐྱང་ཞིག་ལ་སོ་སོར་དབང་བའི་དངུལ་ཁང་དུ་མ་དངུལ་ཨོ་སྒོར་ ༣༠༠༠ ཟིན་ཡོད་པ་དང་། ཆང་ས་བརྒྱབས་ཟིན་པ་ཞིག་ལ་མ་དངུལ་ ༦༠༠༠ བརྒལ་ཡོད་ན་རོགས་དངུལ་འདི་ལེན་མི་ཆོག་པ་ཡིན་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།