༡༥། རྩོམ་པ་པོ།

images/stories/1471283_13779380729755.jpg

རྩོམ་པ་པོ།

( བརྩམས་སྒྲུང་ཡིག་བརྒྱ་མ། )

writer

作家

རྩོམ་པ་པོ་ཆར་དུས་ཀྱི་རི་སྐེད་ཅིག་ལ་ཁེར་རྐྱང་ངང་ལང་འདུག ཆར་ཆུས་ཁོའི་གཟུགས་པོ་ཡོངས་རྫོགས་བརླན་ཡང་རྩོམ་པ་པོ་མུ་མཐུད་མཁའ་དབྱིངས་སུ་ཕྱོགས་ཤིང་མིག་མདང་ལ་གསང་བ་ལྐོག་འགྱུར་གྱི་རྣམ་པ་ཞིག་ཕྱིར་མངོན་བྱུང་།

 

ཆར་པ་ཆུ་འགྲོག་གིས་ཁོའི་གདོང་ནས་ཆར་ཆུ་ཤུར་ཤུར་དུ་སར་ཟག རྩོམ་པ་པོའི་ཟུར་ནས་སོང་བའི་ལམ་འགྲོ་བ་རྒྱ་གར་གཉིས་ཀྱིས་ཁོ་ལ་ལྟ་ཙམ་བྱས་ཏེ་འདིའང་ཐ་མག་ནག་པོ་འཐེན་མཁན་བོད་པ་ཞིག་ཡིན་ས་རེད། ཅེས་བཤད།

 

 

 

རྩོམ་པ་པོ་ལམ་འགྲོ་བ་ཚོའི་སྐད་ཆར་གོ་མེད་ཚོར་མེད་ཀྱིས་མུ་མཐུད་མཁའ་དབྱིངས་ལ་ཅེར་ནས་བསྡད། ཆར་པ་དྭངས་རྗེས་རྩོམ་པ་པོ་འཁྱར་འཁྱོར་གྱིས་གོམ་སྟབས་དང་བཅས་ཁོའི་ཁང་ཆུང་ནང་འབྱོར། ཁོས་ཁང་ཆུང་དབུས་ཀྱི་མཐོང་བདེ་སའི་གྱང་ཐོག་གི་ཟླ་བ་གཅིག་དང་ཕྱེད་ཀའི་ཁང་གླ་སྤྲད་མེད། ཅེས་པའི་ཡིག་ཆེན་འགའ་སྦྱར་ཡོད་པ་དེར་མིག་ལོག་ཅིག་བལྟས་རྗེས་ངོའི་སྨིན་མ་བསྡུས་ཏེ་ཤུགས་ཀྱིས་ས་ལ་མཆི་མ་ཞིག་གཡུག

 

 

 

དེ་ནས་ཁོས་གྱོན་གོས་རློན་པ་ཡོངས་སར་ཕུད་ཅིང་ཟུར་གྱི་བག་ལེབ་སྐམ་པོ་ཕྱེད་ཀ་དེ་ཡར་ལེན་ཞོར་དེར་སོ་གང་རྒྱག་ཅིང་ལུས་དམར་ཧྲིང་གཅེར་བུར་གྱིས་ཉལ་ཁྲིར་འཛེགས། རྩོམ་པ་པོས་སྔ་སྲོལ་ལྟར་ལག་པ་གཉིས་ཉལ་ཆས་ལ་གཙང་མ་ཕྱིས་རྗེས་སླར་ཡང་གཟབ་ནན་ཆེན་པོས་ཉལ་མགོའི་འོག་ནས་ཁོའི་རྒྱུ་ནོར་ཡོད་ཚད་དམ་ཤོག་བུ་སྡེབ་ཅིག་ཕྱིར་བཏོན་སྐབས་ངོ་ལ་གཟི་བརྗིད་ལྡན་པའི་འཛུམ་མདང་ཞིག་མངོན།

 

 

 

རྩོམ་པ་པོས་ད་བར་དཔར་བསྐྲུན་བྱེད་མ་ཐུབ་པའི་དེབ་གཟུགས་ལྔ་རེ་རེ་བཞིན་ཁོའི་སྙིང་ཁར་སྦྱོར་ཙམ་སྦྱོར་ཙམ་བྱེད་ཞོར་མིག་ནང་མཆི་ཞག་འཁོར་ཞིང་འཇིག་རྟེན་འདིར་མཐོང་བ་དཀོན་པའི་ཁོའི་མིག་གཉིས་ནས་བརྩེ་དུང་ཟབ་མོ་ཞིག་མངོན་བཞིན་དེབ་རེ་རེར་འོ་སྦྱོར་ཞོར་མིད་པ་གཏིང་རུམ་ནས་གཞན་གྱིས་མཐོང་མི་ཐུབ་ལ་ཐོས་ཀྱང་མི་ཐུབ་པའི་གླུ་ཆུང་སྙན་མོ་ཞིག་གྱེར་བྱུང་།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།