གྲོགས་མོ་མེད།

 

images/stories/Gangkarsem/5182.jpgགྲོགས་མོ་མེད།
Alone
獨自一人

ཀ་ཁ་མི་ཤེས་དོན་དེ་གཞན་ཁག་དཀྲིས།།

རྗེས་ལུས་ཆེ་ལ་བསམ་བློའི་རིག་པ་ཉམས།།

ལྟོ་གོས་གཏམ་ལ་ཤིན་ཏུ་བརྩེགས་ཆེ་འཛིན།།

ཁྱོད་ནི་ང་ཡི་གྲོགས་མོར་འོས་པ་མེད།།

གཡས་ཕྱོགས་གཡོན་ལྷུང་གཡམ་རྒྱུགས་ཆེ་བའི་ཁྱོད།།

མི་ཟེར་རྗེས་འབྲངས་རང་གཤིས་དེ་དག་གྲུབ།།

ཎེ་ཙོས་ཆོས་འདོན་རང་ཚུགས་ཡོངས་སུ་ཤོར།།

ཁྱོད་འདྲ་ང་ཡི་གྲོགས་སུ་ཡོང་ཐབས་མེད།།

 

 

ཉ་ཉོག་ཟང་ཟིང་མི་ཚེ་འདས་པའི་ཁྱོད།།

གཞན་ལ་གོ་བཀོན་བྱེད་ཁུལ་གྲགས་པ་རྒྱས།།

ཡིན་ཡང་གུ་ཡངས་བློ་དཔྱོད་མིག་ཟུང་ཟུམ།།

དེ་བས་ཁྱོད་ནི་ང་ཡི་གྲོགས་མི་མཁོ།།

 

 

ཕྱི་ཚུལ་གུས་ལུགས་ཧ་ཅང་ཆེ་མདོག་ལྡན།།

འོན་ཀྱང་ལེགས་ཉེས་དབྱེ་མཚམས་ཤིག་མེད་ཅིང་།།

སྒེར་ལ་དགོས་མཁོའི་ཆེད་དུ་དེ་ལྟར་འཁྲབ།།

དེ་བས་ཁྱོད་ནི་ང་ཡི་གྲོགས་མོ་མིན།།

 

 

ཁྱོད་ལ་འར་བཤད་འུར་སྒྲོག་ཚོད་ཅིག་མེད།།

གནམ་ས་གཡོ་འགུལ་གཏོང་ལ་ངོ་ཚ་བྲལ།།

ཁ་སྟོང་དཀྱལ་སྟོང་བཤད་ལ་ང་མི་དགའ།།

དེ་བས་ཁྱོད་ནི་ང་ཡི་གྲོགས་མོ་མིན།།

 

 

མཛེས་མའི་གཙུག་རྒྱན་རློམ་དུ་ཡོད་པའི་ཁྱོད།།

བཙན་བཟུང་བྱས་པའི་ས་མཚམས་དེ་དག་ཏུ།།

མིང་དང་གྲགས་པར་འབད་ལས་རྒྱུ་འབྲས་མེད།།

ཁྱོད་འདྲ་གྲོགས་མོ་མིན་པར་འགྲིག་འདུག་སྙམ།།

 

 

མགོ་བདེ་དྲན་འཕྲུལ་འཁྲབ་ལ་ངོ་མི་གནོང་།།

ཁེ་བཟང་ཡོད་ཚད་སྡིག་པ་མི་བཙུམས་ལེན།།

ཁ་མཁས་ལྕེ་སྲབ་གཞན་མགོ་བསྐོར་ལ་བྱང་།།

ཁྱོད་ན་ང་ཡི་གྲོགས་མོ་དེ་བས་མིན།།

 

 

གཞན་ལ་སྟོན་རྒྱུ་རྩ་ཆེར་འཛིན་པ་དང་།།

རང་ལ་ངོམས་རྒྱུ་བདག་འཛིན་ཆེ་བ་གཉིས།།

གཞན་གྱི་བདེ་སྡུག་ལྟ་བའི་མིག་མེད་པས།།

དེ་བས་ཁྱོད་ནི་ང་ཡི་གྲོགས་མི་འོས།།

 

 

ཕྲག་དོག་ཆེ་ལ་སྡང་སེམས་ཆེ་བའི་ཁྱོད།།

གཞན་སྐྱོན་ཏིལ་ཙམ་ས་འཕྱར་གནམ་འཕྱར་བྱེད།།

མཐུན་ལམ་དཀྲུག་ཅིང་ཁ་མང་དམན་ཆུང་ཁྱོད།།

ང་ཡི་གྲོགས་མོར་མི་འོས་ཧ་ཅང་གསལ།།

 

 

ཡར་ཐོན་བསྙེག་ལ་བྱང་ཆ་ཧ་ཅང་དོད།།

དེང་རབས་སྲོལ་ལ་ཞེན་ཆགས་དེ་བས་ཆེ།།

རྒྱུད་ལ་ཡོད་པའི་ལུགས་བཟང་རྩ་བརླགས་གཏོང་།།

དེ་བས་ཁྱོད་ནི་ང་ཡི་གྲོགས་མི་འོས།།

 

 

ཕོ་ཞིག་ཐུག་ན་འདོད་པའི་སྲེག་པ་རྒྱས།།

མོ་ཞིག་ཐུག་ན་གཡོ་བཤད་ཁ་ལ་མཁས།།

སྤྱི་སེམས་བརླགས་ཤུལ་སྒེར་སེམས་ཆེ་བའི་མོ།།

ང་ཡི་གྲོགས་སུ་མི་འོས་གཏམ་སྙོམས་ཞོགས།།

 

 

གཞན་ལ་ལྟ་ཤེས་བསྟུན་མཁས་མི་ཤེས་ལ།།

ཁ་བདེན་ཚིག་ལ་མི་གནས་ཀླད་མེད་མ།།

བློ་མིག་ཁབ་རྒྱ་ཙམ་གྱིས་འཁོར་བར་འཁྱམ།།

ཁྱོད་ནི་ང་ཡི་གྲོགས་མོ་མིན་པ་ཤེས།།

 

 

ཕན་པ་སྤུ་ཙམ་སྒྲུབ་ན་ཁེངས་རློམས་ཆེ།།

རོགས་པ་ཏིལ་ཙམ་བྱས་ན་རང་ཆེ་འཛིན།།

གྲོགས་ཀྱི་ཕུ་ཐག་མི་སྲུང་མིག་རྒྱང་ཐུང་།།

གྲོགས་མོ་འདི་འདྲ་མེད་ན་བཟང་འདུག་སྙམ།།

 

 

འཇིག་རྟེན་འགྲོ་དྲུག་སེམས་ཅན་ཀུན་གྱིས་གྲུབ།།

མི་ཡི་རིགས་ལ་གྲོགས་ཀྱི་རོགས་ཕན་མཁོ།།

མགོ་བདེ་གཡོ་འཁྲུལ་ཆེ་བའི་འཁོར་ར་ལས།།

དེ་བས་ཁེར་རྐྱང་མྱུར་ལ་རང་དབང་ཆེ།།

 

 

གྲོགས་མོ་སྤུས་དག་ཐོབ་པར་རེ་ན་ཡང་།།

གྲོགས་ཀྱི་ཆ་རྐྱེན་ཚང་བ་ཧ་ཅང་དཀོན།།

གཅེར་བུར་འཁྱམ་མོ་ཡུལ་ཐར་འབྱོར་བའི་བདག།

ད་དུང་གྲོགས་མེད་ཁེར་རྐྱང་ལུས་ནས་ཡོད།།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།