ཉག་སེ་བླ་མ།

images/stories/logo37.gifཉག་སེ་བླ་མ།

༼ རྣམ་ཐར། ༽
The great master 
聶瑟喇嘛傳

བླ་མ་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སྐུ་འཁྲུངས་ས་ནི་བོད་ཁམས་གོ་འཇོ་ནས་མར་ཙམ་དང་རེ་ཁེ་ས་ཟེར་བ་ནས་ཡར་ཙམ་གྱི་མཚམས་ཤིག་ལ་ཡིན། བླ་མའི་སྐུ་གོང་མར་སྐུའི་སྤྲུལ་པ་དང་ཐུགས་ཀྱི་སྤྲུལ་པ། དེ་བཞིན་གསུང་དང་འཕྲིན་ལས་ཀྱི་སྤྲུལ་པ་བཞིའི་ནང་ནས་སྐུ་ཕྲེང་འདི་འཕྲིན་ལས་ཀྱི་སྤྲུལ་པ་སྟེ་རྫོང་གསར་མཁྱེན་བརྩེ་ཐུབ་བརྟན་ཆོས་ཀྱི་རྒྱ་མཚོ་ཡིན། ཁོང་ནི་བསྟན་པ་སྤྱི་ལ་མཛད་རྗེས་ཡོད་མཁན་ཞིག་ཀྱང་རེད། དེ་སྔོན་གོ་འཇོའི་བླ་མ་ཞིག་ཡོད་པར་ཉག་རོང་བླ་མའམ་ར་འཁྲིད་བླ་མ་ཞུ་བ་ཁོང་གི་མཚན་དངོས་ནི་ཉག་བླ་བྱང་ཆུབ་རྡོ་རྗེ་ཞུ་བ་ཡིན།

 

 

རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཉག་བླ་བྱང་ཆུབ་རྡོ་རྗེར་སྤྱིར་ན་སྒོམ་སྒྲུབ་སོགས་སྲུང་བྱ་ཁག་ལ་དོན་དམ་གནང་དགོས་རྒྱུ་དང༌། དམིགས་བསལ་དུ་གོ་འཇོའི་ཐང་སྐྱ་དགོན་པའི་རྒྱབ་དང༌། དཔལ་གནས་རྩེ་དགའ་ར་ས་ནས་མར་འོང་ས་དང༌། ཡུ་ར་ས་ནས་ཡར་འོང་སའམ་རྩེ་དགའ་ར་སའི་ཆུ་མར་བབ་ས་རེ་ཆུ་དང་གསེར་ཆུ་བབས་ས། ས་དང་གནམ་གཉིས་དབར་གྱི་གྲུ་གསུམ་གྱི་རྟ་ཡག་ལུང་ཟེར་ས་དེར་གདོན་འདྲེ་ཞིག་གིས་སྒ་བརྒྱབ་ས་ཡིན་འདུག་པར་གལ་ཏེ་ཉག་བླ་བྱང་ཆུབ་རྡོ་རྗེ་དེར་སླེབས་ཐུབ་ན་ས་དེ་ཟིན་ཐུབ་རྒྱུ་དང་། གལ་ཏེ་བླ་མ་བྱང་ཆུབ་རྡོ་རྗེའི་སྔོན་ལ་གདོན་འདྲེ་དེར་སླེབས་ན་ས་དེར་འདྲེ་ཡིས་མཁར་བརྩེགས་ནས་སེམས་ཅན་མང་པོར་གནོད་བསྐྱེལ་ངེས་རེད་ཅེས་གསུངས་ནས་ཁོང་གོ་འཇོའི་ལུང་པར་མངགས་ཡོད་པ་རེད།

 

 

ཐོག་མར་བླ་མའི་བཀའ་ལྟར་ཉག་བླ་གོ་འཇོར་ཕེབས་དུས་ཁོང་ལ་ར་གཉིས་འཁྲིད་རྒྱུ་ཡོད་པར་མི་ཚོས་ར་འཁྲིད་བླ་མའང་འབོད། དེའི་ནང་གི་ར་གཅིག་ནི་སྔོན་པོ་དང་གཞན་དེར་ཁ་སེར་སྣ་སེར་ཟེར་བ་ལྟར་ཨ་མཆོག་གི་རྩེ་ཏོག་ཙམ་དཀར་པོ་དང་ཁ་མཆུའང་དཀར་པོ་ཡིན་པར་བླ་མའི་ཌ་རུ་སོགས་ཡོ་བྱད་བསྐལ་ནས་མཉམ་འཁྲིད་གནང་བར་གོ་འཇོ་ལུང་པའི་མི་རྣམས་ཀྱིས་ཁོང་ལ་ར་འཁྲིད་བླ་མ་ཞེས་མིང་དེ་ལྟར་བཏགས་འདུག དེ་མིན་བླ་མའི་ཕ་ཡུལ་བོད་ཁམས་ཉག་རོང་ཡིན་སྟབས་ཉག་བླའང་འབོད། བླ་མའི་བཀའ་ལྟར་ཁོང་གོ་འཇོའི་རྟ་ཡག་ལུང་ཞེས་པ་དེ་གང་དུ་ཡོད་མེད་རྩད་གཅོད་གནང་བར་ཕེབས། ས་དེའང་འབྲི་མཛོ་སོགས་སེམས་ཅན་ཕྱུགས་ཟོག་ཆེ་བའི་རིགས་མ་གཏོགས་མི་ཐར་བའི་བཙན་ས་ཞིག་ཡིན། སྐབས་དེར་ལུང་པའི་རྒན་པོ་ཞིག་གིས་ཁོང་ས་དེར་འཁྲིད་རོགས་ཀྱིས་ཁྱེད་རང་གཟབ་གཟབ་གནོངས་མ་གཏོགས། དེར་སྟག་གཟིག་དོམ་སོགས་གཅན་གཟན་རིགས་ནི་ཉིན་མོའི་དུས་སུའང་མཐོང་ཐུབ་པ་མ་ཚད། ཡུལ་དེར་འདྲེ་སྣ་ཚོགས་ཡོད་སྐོར་བཤད་སྲོལ་ཡོད་སྟབས་ཁྱེད་རང་ངེས་པར་ཡིད་གཟབ་བྱོས་ཟེར་ནས་ཞུས། དེ་ནས་ཉག་བླ་ས་དེར་ཡོད་པའི་ཕུག་པ་མང་པོའི་ནང་ནས་ཕུག་རྒན་མ་ཟེར་བའི་བྲག་ཕུག་ཅིག་ནང་བཞུགས། དེའི་ཉེ་འཁྲིས་ས་ཞིག་ལ་ར་གཉིས་བཏགས། འོན་ཀྱང་དེར་གཅན་གཟན་གཟིག་མང་པོ་ཡོད་པའི་རྐྱེན་གྱིས་ར་གཉིས་ཟ་དོགས་ཀྱིས་ཤིང་ཕུང་ཞིག་ལ་མེ་བརྒྱག་ནས་གཅན་གཟན་བཀགས།

 

 

དེ་ནས་བླ་མས་སླར་རྒན་པོ་དེར་འདྲེའི་སྐོར་དྲིས་སྐབས་རྒས་པོས་ཟེར་ན་གལ་ཏེ་དེར་སྡོད་མཁན་གང་ཟག་ལ་རྟགས་དང་རྟོགས་པ་ཡག་པོ་མེད་ན་དེར་ཡོད་འདྲེ་ཡིས་རྫུ་འཕྲུལ་སྣ་ཚོགས་ངོམས་ཏེ་བྲག་དང་ཆུའི་ནང་བསྐྱུར་ནས་བསད་ཀྱི་ཡོད་སྐོར་བཤད། དེ་ནས་ཉག་བླས་སོ་སོའི་ཅོ་ཏོ་ཚོམ་ཞིག་ཤིང་ཕུང་ལ་བཏགས་ནས་སྒོམ་རྒྱག་གིན་ཞུགས། ཐོག་མའི་དུས་སུ་འདྲེ་ཡིས་ཁོང་ལ་གནོད་གང་ཡང་བསྐྱེལ་མེད་ཀྱང༌། མཚན་ཞིག་གནམ་ལ་ཟླ་གང་ཤར་བ་མཐོང་བ་དང༌། ཡང་གང་མཚམས་ཤིག་ནས་དྲི་ངན་ཞིག་ཐུལ་བ་ཚོར་བས་ཞིབ་ལྟ་བྱེད་དུས་ཉེ་སར་རྟ་རོའི་ཁོག་པར་འབུ་བརྒྱབ་པ་དེ་ཚོ་ཁོང་བཞུགས་སའི་ཕྱོགས་སུ་ཟག་ཡོང་བ་མཐོང༌། ཁོང་ཡར་བཞེང་གྲབས་སྐབས་སྐྲ་ཤིང་སྡོང་ལ་བསྡམས་པ་དེ་འཐེན་ཙམ་བྱས་རྐྱེན་ལམ་སང་ཐུགས་ནང་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་ཀྱིས་མཁྱེན། ད་ཡིན་ན་ང་ལ་ལྷ་འདྲེ་ཡིས་གནོད་བསྐྱེལ་བརྩིས་ཡོད་བཟོ་འདུག་སྙམ་ནས་དེ་མུར་སར་སྡོད་སྐབས་འབུ་བརྒྱབས་པའི་རྟ་རོ་དང་དྲི་ངན་སོགས་འཕྲལ་དུ་མེད་པར་གྱུར་བ་དང༌། གནམ་ལ་ཟླ་བའང་ཤར་མེད་པ་མཐོང༌།

 

དེ་རྗེས་ལུང་པར་སོང་ནས་མི་རྣམས་ལ་ས་གང་དུ་འདྲེ་མང་པོ་ཡོད་མེད་སྐོར་དྲིས་པར་ཤིང་སྡོང་གཉིས་མཉམ་དུ་བསྡམས་པའི་ཟམ་པ་ཆུང་ཆུང་ར་ཟམ་ཁ་ཟེར་བར་སྐབས་རེར་འདྲེ་མང་པོ་བཤར་གྱི་ཡོད་ལུགས་ཤེས་པ་དང༌། ཡང་བྲག་ཆེན་ཞིག་ཡོད་པ་དེའི་སྒང་ལའང་འདྲེ་མང་པོ་ཡོད་པ་དེར་བླ་མ་ཐེངས་མང་པོ་ཕེབས་མྱོང་ཡང་ཚང་མ་འདྲེ་ཡིས་རྫུ་འཕྲུལ་གྱིས་བཀྲོངས་ཡོད་པའི་སྐོར་བཤད་འདུག དེ་ནས་ཁོང་བྲག་སྒང་ཐོག་བཞུགས་ནས་སྐྲ་དུམ་བུ་གསུམ་ཕྱེས་ཏེ་གཡས་གཡོན་རྒྱབ་གསུམ་གྱིས་འཐེན་ནས་སྒོམ་ལ་ཞུགས།

 

 

དུས་ཡུན་ཙམ་ནས་ཉ་གང་ཟླ་བ་ཤར་མུས་ཐོག་གོ་འཇོ་མི་འགའ་ལྷ་ས་ནས་མར་ཕ་ཡུལ་དུ་སླེབས་པ་དང་ཡང་ཁ་ཅིག་ལྷ་ས་ཡར་འགྲོ་བརྩིས་ཡོད་པ་རྣམས་ལམ་ཕར་ཙམ་སར་ཐུག་པ་དང༌། དུས་ཡུན་རྗེས་མི་དེ་དག་ཕན་ཚུན་བུ་ལོན་རྩོད་ཀྱི་ཡོད་སྲིད་འཁྲུག་པ་ཆེན་པོ་ཤོར་ནས་མཇུག་ཏུ་གྲི་འཕྱར་ཏེ་ཕན་ཚུན་བསད་རྨས་ཕོན་ཆེན་བཏང་། དེ་དག་ནང་གི་ཁ་ཤས་ཀྱི་རྒྱུ་མ་སར་ལུག་པ་སོགས་བྱས་པ་མཐོང༌། དེ་ནས་རྒན་པོ་ཞིག་གིས་རྟ་ཞོན་ཞོར་རྟ་དམར་པོ་དང་སྔོན་པོ་གཉིས་འཁྲིད་དེ་བླ་མའི་འཕྲིས་སུ་ཡོང་ནས་ད་ང་ཚོ་འདི་འདྲ་བུ་ལོན་ཆེད་དུ་བསད་རིས་ཤོར་སོང་བ་དང༌། ལུང་པ་འདིར་བླ་མ་ཁྱེད་རང་མ་གཏོགས་མེད་སྟབས་དེར་གཅིག་བྱོན་རོགས་ཞུས། བླ་མས་ཡིན་དང་ཡིན་གསུངས་ནས་ཡར་བཞེངས་དུས་ཕྱོགས་གསུམ་ལ་བསྡམས་པའི་སྐྲ་ཡིས་འཐེན་པས་སེམས་སུ་དོགས་པ་ཏོག་ཙམ་གྱིས་སླར་སར་མཉམ་བཞག་གིས་བཞུགས་ནས་ལྟ་དུས་མི་ཤི་རྟ་འགྱེལ་གྱི་གནས་སྟངས་དང༌། ནམ་མཁའ་ལ་ཟླ་བ་ཡང་མེད་པར་གྱུར། དེ་ལྟར་མི་ཚོས་ཟེར་ན་གལ་ཏེ་བླ་མས་རྟ་དམར་པོ་དེ་བཞོན་ན་བྲག་ནས་ཟག་འགྲོ་བ་དང༌། རྟ་སྔོན་པོ་དེ་ཞོན་ན་ཆུ་ནང་ལྷུང་ནས་ཤི་རྒྱུ་རེད་འདུག་ཅེས་རྗེས་སུ་བླ་མས་ཡུལ་དེའི་རྒན་རབས་རྣམས་ལ་གསུངས་འདུག ཡང་དེ་རྗེས་བླ་མས་གཞན་ལ་ཤིང་སྡོང་གཉིས་གཡར་ནས་རི་ཆུ་ཟེར་བའི་གཙང་པོ་ཆེན་པོ་དེའི་སྒང་གི་ར་ཟམ་གྱི་ཟམ་ཤིང་སྒང་རང་གི་བརླ་ཤ་གཉིས་བསྡམས་ནས་བཞུགས། རི་ཆུ་དེ་ནི་ཧ་ཅང་ཆེ་བས་གལ་ཏེ་ཆུ་ནང་ལྷུང་ན་ཤི་རྒྱུ་ལས་གང་ཡང་མེད་པ་ཞིག་རེད།

 

 

དེ་ལྟར་ས་རུབ་ཙམ་དུས་སུ་ཕར་ཕྱོགས་ནས་རྟ་དྲེལ་སོགས་འདེད་ནས་མི་ཁྱུ་ཚོགས་ཚུར་ཡོང་སྡོད་པ་མཐོང་བའི་ནང་བླ་མའི་གཟན་ཤམ་ཐབས་དང༌། དེའི་ནང་ནས་རྒྱ་སེར་གྱི་སྟོད་འགག་གྱོན་མཁན་དང་གསེར་ཞྭ་གྱོན་མཁན་ནམ་ངོ་གདོང་ཏོག་ཙམ་དཀར་བའི་བླ་མ་ཡིན་ཚོད་དེ་ཚུར་ཡོང་ནས་ཤ་ཚ་ཁྱོད། བྱེད་སྒོ་རྣམ་བཞག་གང་ཡང་མི་ཤེས་མཁན་ཞིག་ཤི་རྒྱུར་སྐྲག་ནས་འདིར་བསྡད་འདུག འོན་ཀྱང་ཁྱོད་ཀྱི་སེམས་ལ་སྙིང་རྗེ་ཞིག་འདུག་པའི་རྒྱུ་མཚན་གྱིས་ངས་ཁྱོད་རང་བརླགས་འཁེལ་མ་སོང༌། ངས་ས་འདི་མ་ཟིན་པ་ཁྱོད་ལ་ཤོར་སོང༌། ད་ཁྱོད་ས་འདིར་སྡོད་དགོས་དུས་ངས་ཁྱོད་ལ་རོགས་པ་ཞིག་བྱེད། ཅེས་གསེར་ཞྭ་གྱོན་མཁན་དེས་དེ་ལྟར་བཤད་དེ་རུམ་ནས་ལག་གདུབ་ཅིག་ཕྱིར་བཏོན་ནས་ཡུལ་དེའི་དུད་ཚང་ཆེན་པོ་དཔོན་ས་ཚང་ཟེར་བ་ཞིག་ཡོད་པ་དེའི་ཕྱོགས་སུ་གཡུག་རྗེས་དེ་ནས་མི་ཚོགས་དེ་ཚོའང་མ་མཐོང་བར་གྱུར་རོ།

 

 

ཉི་མ་འགའི་ནང་བླ་མ་ག་བར་ཕེབས་ཀྱང་འདྲེ་ཚོགས་སོགས་ཀྱི་དོགས་གནས་གང་ཡང་གོ་རྒྱུ་ཚོར་རྒྱུ་མེད་པ་གྱུར་འདུག འོན་ཀྱང་བླ་མ་ཏོག་ཙམ་ལྟོགས་ནས་དཔོན་ས་ཚང་ཕྱོགས་སུ་ཕེབས། སྒོའི་ཉེ་འགྲམ་དུ་ལྕང་སྡོང་ཞིག་ཡོད་ས་དེར་ཏོག་ཙམ་སྒུག སྤྱིར་ན་དཔོན་ས་ཚང་ནི་རྒྱུན་དུ་གཞན་ལ་སྦྱིན་པ་གཏོང་རྒྱུར་དགའ་བའི་དུད་ཚང་ཕྱུག་པོ་ཞིག་ཡིན་རུང་ཉིན་དེར་སྦྱིན་པ་གཏོང་མཁན་སུའང་མ་འབྱོར། སྐབས་དེར་ཡུལ་དེའི་བྱིའུ་མཆིལ་པ་ཟེར་བ་དེ་མང་པོ་འདྲོགས་ནས་དཔོན་ས་ཚང་ཕྱོགས་སུ་ལྡིར་ལྡིར་གྱི་སྒྲ་དང་བཅས་འཕུར་འགྲོ་བ་མཐོང་དུས་ཕལ་ཆེར་དེར་མགྲོན་པོ་སླེབས་ཡོད་པ་འདྲ་སྙམ། ར་གཉིས་ཀྱང་སར་ཟག་པའི་ལྕང་ལོ་དང་རྩ་ཟ་བཞིན་པ་མཐོང༌། བླ་མ་ས་དེར་ཏོག་ཙམ་སྒུག་ཀྱང་སུ་གང་ཡོང་མཁན་མེད་པ་དང༌། སོ་སོའི་གྲོད་པ་ཏོག་ཙམ་ལྟོགས་ཡོད་པ་ཚོར་ནས་དུད་ཚང་གི་སྒོ་འགྲམ་འགྲོ་བརྩིས་སྐབས་ཁྱིམ་དེ་ནས་ཁྱིའི་ཟུག་སྐད་གོ་སྟེ་ཁང་པ་ནང་ལའང་འཛུལ་མ་ཕོད་པར་དེ་མུར་བསྡད།

 

 

 

དེ་ནས་བླ་མའི་ཐུགས་ལ་ད་འགྲིག་འདུག་དགོངས་ནས་གཅོད་བཀླགས་འགོ་བརྩམས། སྤྱི་བཏང་སྤྲང་པོ་མང་ཆེར་གྱིས་གཅོད་ཀློག་གི་ཡོད་སྟབས་མི་ཚོས་དེར་སྤྲང་གཅོད་ཅེས་ཀྱང་འབོད་སྲོལ་ཡོད་པ་འདྲ། དེ་ནས་བླ་མས་མི་རུས་རྡུང་ནས་གཅོད་ཀློག་འགོ་བརྩམས། གང་མཚམས་སོང་ནས་དུད་ཚང་གི་ཕ་རྒན་དེར་སླེབས་ཏེ་ད་དེ་རིང་ང་ཚོའི་ཁྱིམ་ནང་ཛ་དྲག་གི་གནས་སྟངས་འོག་ལྷུང་ཡོད། སྒོ་ཕྱི་ལ་འུར་སྒྲ་མ་རྒྱོབས་པར་ཏོག་ཙམ་སྒུག་དང༌། ང་ཚོས་གཡོག་མོ་གཏོང་ནས་ཁྱོད་ལ་ལྟོ་ཟས་བསྐུར་ཆོག ཅེས་བཤད་འདུག བླ་མས་ང་འདིར་དུས་ཡུན་རིང་པོར་སྒུག་པ་ཡིན། ཞེས་བཤད་པར་རྒན་པོས་སླར་དེ་རིང་ང་ཚོའི་ཁྱིམ་ནང་ཛ་དྲག་གི་གནས་སྟངས་ལྷག་ཡོད། ཅེས་བཤད་དེ་ཕྱིར་སོང༌། དུས་ཡུན་ཙམ་ནས་དུད་ཚང་དེའི་རྒན་པོ་དེར་ཕྱིར་འབྱོར་ནས་བླ་མར་ཁྱེད་ཀྱིས་གཅོད་འདོན་ཤེས་ཀྱི་ཡོད་དམ་ཞེས་དྲིས། བླ་མས་ཤེས་ཅེས་ལན་བཏབས་པར་ཁོ་ཚོའི་ཁྱིམ་ནང་འཁྲིད། དེར་སླེབས་དུས་ཁྱིམ་ཚང་དེའི་བུ་མོ་ཆུང་བ་ན་ནས་མོའི་རྐང་པ་གཉིས་ཀ་བར་བསྡམ་ཡོད་པར་མཐོང་བ་མ་ཟད། བུ་མོས་མོ་རང་དང་མི་གཞན་སུ་མོའི་འཁྲིས་ལ་བཅར་སྐབས་མོས་སོ་འདེབས་པ་སོགས་བྱེད་ཀྱི་ཡོད་པར་མཐོང༌།

 

 

དེ་ནས་བླ་མས་བུ་མོའི་ལག་ལ་དེ་སྔོན་རྨི་ལམ་ནང་གི་གསེར་ཞྭ་གྱོན་མཁན་བླ་མ་འདྲ་པོ་དེས་གཡུག་པའི་ལག་གདུབ་དེ་འདོགས་ཡོད་པ་མཐོང༌། བླ་མས་གལ་ཏེ་ང་རང་བླ་མའི་བཀའ་ལྟར་ས་རྟ་ཡག་ལ་བསྡད་ནས་འདྲེ་འདུལ་ཐུབ་པ་ཡིན་ཚེ་བུ་མོ་འདིའི་ན་ཚ་དྲག་པ་ཤོག ཅེས་སྨོན་ལམ་འདེབས་བཞིན་བུ་མོའི་འཁྲིས་སུ་བཅར་བརྩིས་ཡོད་སྐབས། དེར་ཡོད་ཚོས་བུ་མོ་འདི་དུད་ཚང་ཆེན་པོ་དཔོན་ས་ཚང་གི་བུ་མོ་ཡིན་པས་ཁྱོད་འདྲ་བའི་འདར་རུ་འཁྱེར་ཞིང་ར་འཁྲིད་ཀྱི་སྤྲང་གཅོད་འདོན་མཁན་བུ་མོའི་འཁྲིས་སུ་བཅར་ཆོག་གི་མ་རེད། རྒྱུ་མཚན་ནི་དུད་ཚང་ལ་མིང་ཡོད་མཁན་དང་སྒྲོ་བ་ལ་ལུང་ཡོད་མཁན་བུ་མོ་འདི་རྗེས་མ་ད་དུང་མནའ་མར་འགྲོ་དགོས་པས་ཡིན་ཟེར།

 

 

བླ་མས་བུ་མོར་བདུག་པ་ཞིག་བདུག་ཆོག་པ་ཞུས་པ་ལྟར་བྱས་རྗེས་བུ་མོ་ཏོག་ཙམ་དྲག་བསྐྱེད་བྱུང་བ་ལྟར་སྣང༌། དེ་ནས་དུད་ཚང་གི་རྒན་པོས་དཔོན་ས་ཚང་གི་བུ་མོ་འདི་རྒོད་མཐོང་དཀར་མ་གཏོགས་སྒང་ལ་འཕུར་མ་མྱོང་བ་དང༌། རླུང་བསིལ་མ་མ་གཏོགས་འོག་ལ་ལྡང་མ་མྱོང་མཁན་གྱི་གལ་ཆེན་པོ་ཡིན་ལུགས་སོགས་བཤད་པ་མང་པོ་ཡོད་ཀྱང་ད་དེ་རིང་ཁྱེད་རང་བུ་མོ་འཁྲིས་སུ་བཅར་ནས་གཅོད་རྡུང་བྱེད་ན་འགྲིག་ཅེས་བཤད། བླ་མས་བདུག་པ་དང་གཅོད་རྡུང་བཅས་མཛད་པས་བུ་མོའི་ན་ཚ་དྲག་བསྐྱེད་བྱུང་སྟབས་ཁྱིམ་བདག་གིས་ཁོང་ལ་འབུལ་བ་ག་རེ་དགོས་མིན་དྲིས། སྐབས་དེར་བླ་མས་ང་བླ་མའི་བཀའ་ལྟར་རྟ་ཡག་ལུང་པར་སྡོད་དགོས་ཀྱི་ཡོད་ཅེས་གསུངས་པར་རྒན་པོས་འོ་ན་རྟ་ཡག་ལུང་པའི་ཚུར་ཕྱོགས་སུ་རི་ཆུ་ཟེར་བ་ཆུ་ཆེན་དེ་དང་ཕར་ཕྱོགས་སུ་གསེར་ཀ་རིའི་འོག་གི་གསེར་ཆུ་ཟེར་བ་ཆུ་གཉིས་དབར་རྟ་ཡག་ལུང་པའི་ས་ཆགས་ཡོད་སྟབས་ཁྱེད་རང་ངེས་པར་དུ་ཆུ་ཆེན་བརྒལ་དགོས་པས། གཡག་ཨ་ཡུ་ཞིག་ཁྱོད་ལ་སྦྱིན་ཆོག གཡག་ཨ་ཡུ་དེ་ཆུ་བརྒལ་བར་བྱང་ཆུབ་པ་ཞིག་ཡོད་ཅེས་བརྗོད། བླ་མས་ཁལ་གཡག་ཨ་ཡུ་དེ་དང་འབུལ་རྫས་ཅ་ལག་གཞན། ར་གཉིས་བཅས་འཁྲིད་ནས་ཕྱིར་ལོག

 

 

དུས་ཡུན་གང་མཚམས་རྗེས་གོ་འཇོ་ལུང་པར་ཆར་ཆུ་མ་བབ་པའི་དཀའ་ངལ་འཕྲད་པ་དང༌། དེར་ཡོད་བླ་མ་གཞན་འགའ་ཡིས་ཆབ་ཕབས་ཀྱང་དོན་མ་གྲུབ། གོ་འཇོ་བའི་དཔོན་པོ་འགའ་བླ་མ་སར་ཡོང་ནས་ཁྱོད་བླ་མ་རྫོང་གསར་ཆོས་ཀྱི་བློ་གྲོས་ཀྱི་བཀའ་སྒྲུབ་མཁན་དང་སྔགས་པ་ཡིན་སོགས་བཤད་འདུག་པར་གལ་ཏེ་འཇོན་ན་ཆར་ཕོབས་ལ་མུ་མཐུད་གོ་འཇོའི་ས་འདིར་སྡོད། གལ་ཏེ་མ་འཇོན་ན་ཕྱིར་ཕ་ཡུལ་ཉག་རོང་ལ་སོང༌། དེ་མིན་རྗེས་སུ་ཉག་རོང་དང་གོ་འཇོ་གཉིས་དབར་འཁྲུག་རྩོད་ཡོང་སྲིད་པ་སོགས་བཤད་དེ་སོང་འདུག བླ་མའི་ཐུགས་འཚབ་དང་བཅས་སློབ་མ་ཚོར་གོ་འཇོ་དཔོན་ཚོས་ཁོ་རང་གིས་ཆར་ཕབས་དགོས་ལུགས་བཤད་ཅིང༌། ཆར་ཕབས་ཐབས་སུ་ཀླུ་གང་དུ་ཞུགས་མིན་སོགས་བཀའ་འདྲི་གནང་སྐབས། སློབ་མ་ཚོས་སྤྱིར་ན་གོ་འཇོའི་སར་གཞི་བདག་ང་ཆེ་ཁོ་བཙན་མང་དག་ཡོད་ཀྱང་དེའི་ནང་ནས་རྩ་ཆེ་ཤོས་ནི་གོ་ལ་རྡོ་རྗེ་དངུལ་དཀར་ཟེར་ནས་རི་རྒྱལ་ལྷུན་པོ་སྤུན་དགུའི་ནུ་བོ་ཡིན་ཟེར་བའི་རྩ་ཆེན་གྱི་རི་དེའི་འཁྲིས་སུ་སོང་ནས་ཆར་པ་བསློང་ན་བཟང་ལུགས་བཤད།

 

 

 

སློབ་མ་འགའ་དང་མཉམ་རི་བོ་རྡོ་རྗེ་དངུལ་དཀར་འཁྲིས་སུ་ཆར་པ་སློང་བར་ཉིན་མང་པོ་སོང་ནས་ཆར་པ་ཕབས་ཁུལ་བྱས་ཀྱང་དེ་འདྲ་ཐུབ་རྒྱུ་བཞག་ནས་གནམ་གཤིས་ཚ་བ་ཆེ་རུ་སོང་འདུག སློབ་མ་ཚོས་ད་ཁྱེད་རང་གིས་ཆར་ཕབས་པ་ཡིན་སྐོར་གཞན་ལ་མ་བཤད་པར་རྒྱུན་དུ་སྨན་ཏོག་ཙམ་མཁྱེན་པ་དེས་མི་རྣམས་ལ་ཕན་ཐོག་བྱས་ན་ས་འདི་ནས་ཕྱི་ཕུད་གཏོང་མི་སྲིད་སོགས་བཤད།

 

 

བླ་མས་སྤྱན་བཙུམས་ནས་ཐུགས་སུ་སྒོམ་དུས་རྡོ་རྗེ་དངུལ་དཀར་གྱི་རི་ཚོགས་ནི་ཕྱོགས་བཞིར་གསེར་མདོག་གི་སྒོ་ཆེན་གྱི་ཁང་བཟང་ཤ་སྟག་ཡིན་པར་སྣང་བར་ཤར། ཐོག་མར་བླ་མ་ཤར་སྒོར་སླེབས་སྐབས་དེར་སྒོ་རྒྱག་ཡོད་ཅིང་ནུབ་སྒོར་བྱ་སྣ་ཚོགས་ཡོད་པ་དེར་སྒོ་ཕྱེས་པར་སོང་བར་མི་རྒྱ་བོ་ཞིག་དང་འཕྲད། དེར་རི་རྒྱལ་རྡོ་རྗེ་དངུལ་དཀར་གང་དུ་ཡོད་མེད་དྲིས་པར་ཁོས་རྒྱ་བོད་དབར་གྱི་ལྷ་རྣམས་འཁྲུག་བརྩིས་ཡོད་སྟབས་དེར་དམག་དཔོན་བྱས་ཏེ་འགྲོ་ཚར་བ་རེད་ཅེས་བཤད། དེ་བཞིན་རྒྱ་བོ་ཁོ་རང་རྡོ་རྗེ་དངུལ་དཀར་འོག་གི་བློན་ཆེན་ཞིག་ཡིན་ཞིང་ད་ཆ་གཞན་ལ་འབྲུ་ནས་བསྒྲུབ་ཏུ་འགྲོ་དགོས་ལུགས་ཅེས་བཤད་དེ་འུར་རྡོ་ཞིག་གཡུག་ནས་དེར་ཡོད་བྱ་ཚོགས་ནམ་མཁར་དཀྲོགས་རྗེས་ཁོས་འབྲུག་ཅིག་ཞོན་ནས་ནམ་མཁར་འཕུར་སོང༌།

 

 

 

ནུབ་སྒོ་དང་བྱང་སྒོ་ལ་སུ་གང་ཡང་མེད་རྐྱེན་སླར་བྱང་སྒོ་ཟུར་ཙམ་ཕྱེས་པ་མཐོང་པས་དེར་སོང་སྟེ་ལྟ་དུས་བུ་མོ་མཛེས་མ་གྱོན་གོས་སྲབ་སྲབ་གྱོན་མཁན་ཞིག་གིས་ལག་ཏུ་ལྡེ་མིག་མང་པོ་འཛིན་ནས་འཛུམ་ཙམ་གྱིས་དེར་ལང་ཡོད་པར་ང་རང་རྡོ་རྗེ་དངུལ་དཀར་སར་ཆར་པ་སློང་དུ་འགྲོ་མཁན་ཡིན། ཞེས་དྲིས་དུས་མཛེས་མས་རྡོ་རྗེ་དངུལ་དཀར་དེར་མེད་ལུགས་དང་མོ་རང་གོ་འཇོ་ས་ངན་གྱི་མཚོ་ཞིག་གི་མཚོ་བདག་ཡིན་ཞིང༌། གལ་ཏེ་མཚོ་ཡོད་སར་སོང་ན་ཆར་ཏོག་ཙམ་སྦྱིན་ཐུབ་པའི་གནས་སྟངས་མི་འདྲ་བ་ལས། མོ་རྡོ་རྗེ་དངུལ་དཀར་གྱི་སྤུན་མཆེད་ཡིན་པ་ཙམ་ལས་འདིའི་ཕྱོགས་ནས་མོ་རང་གིས་ཐག་ཆོད་ཀྱི་མེད་ལུགས་བཤད་པ་སོགས་རྨི་ལམ་རྨིས། བླ་མས་རྨི་ལམ་དེ་སློབ་མ་ཚོར་གསུངས་ཤིང་ས་ངན་ལ་ཆར་པ་སློང་བར་འགྲོ་དགོས་ལུགས་ཅེས་པར་སློབ་མས་མཚོ་ཡོད་ས་དེ་ནི་གོ་འཇོ་ས་ངན་ཡིན་པ་དང༌། དེར་སོང་ན་ས་ངན་གྱི་མི་ཚོ་ཀླ་ཀློ་ཞེད་སྣང་ཚ་པོ་ཤ་སྟག་ཡིན་པས་མི་གསོད་ཀྱི་ཡོད་ལུགས་དང༌། ང་ཚོའི་སྲོག་ཤོར་གྱི་རེད་ལ་སྐྲག་ནས་འགྲོ་མི་ཕོད་ཁྱེད་རང་འགྲོ་ན་ཕེབས་ཅེས་ཞུས།

 

 

 

བླ་མས་ང་བླ་མའི་བཀའ་ལྟར་འདིར་སྡོད་དགོས་དུས་དོན་དག་མ་གྲུབ་ན་འདིར་བསྡད་ཐབས་མེད་པས་ངེས་པར་དུ་འགྲོ་དགོས་གསུངས། སློབ་མ་ཚོའང་བླ་མའི་བཀའ་ལྟར་མཉམ་དུ་དེར་སོང་ནས་ཀླུ་མོར་ཆར་པ་སློང་བས་ལམ་བར་དཀའ་ངལ་གང་ཡང་མ་བྱུང་ཁར་ཀླུ་མོས་ཆར་ཆུ་ཏོག་ཙམ་སྦྱིན་ནས་ཆར་བབས་ཐུབ་པ་བྱུང༌ཡོད། དེ་ནས་ཉིན་འགའི་རིང་ཕྱི་མི་ཚོས་བླ་མ་སྔར་བཞུགས་ས་རང་ལ་གཉིད་དུ་ཡུལ་ནས་དུས་ཡུན་རིང་པོར་སོང་ཡང་མ་སད་པ་མཐོང་དུས་ཚང་མས་བླ་མས་ཆར་པ་མང་པོ་མ་རག་སྟབས་སེམས་ངལ་གྱིས་གཉིད་ཡུར་བ་ཡིན་པས་གཉིད་མ་དཀྲོག་ཅེས་མི་རྒན་པ་ཁག་ཅིག་གིས་བླ་མ་རང་སོར་བཞག་ཏུ་བཅུགས། དུས་ཚོད་ངེས་ཅན་སོང་ཡང་བླ་མ་གཉིད་མ་སད་སྟབས་གཞན་གྱིས་ཕར་ཙམ་ནས་སྐད་ཆེན་པོས་ཆོས་འདོན་ཡང་ད་དུང་གཉིད་མ་སད། ཁོ་ཚོ་སླར་བླ་མའི་འཁྲིས་སུ་བཅར་ནས་སྐད་ཤུགས་ཆེན་པོས་ཆོས་ཀློག་དུས་བླ་མའི་རུམ་ནས་སྦྲུལ་སེར་པོ་ཞིག་ཕྱིར་དོན་ནས་ལམ་སང་དེར་ཡོད་པའི་མཚོའི་ནང་འཛུལ་སོང་བ་མཐོང༌། མི་ཚོས་ད་ཡིན་ན་བླ་མ་གྲོངས་སོང་བསམ་ནས་འཇིགས་སྐྲག་བྱུང་སྐབས་བླ་མ་གཉིད་ལས་སད་དེ་སྦྲུལ་དེ་ནི་ཀླུ་མོའི་སྤྲུལ་པ་ཡིན་ལུགས་དང་ཁོ་རང་གཉིས་མཉམ་བཞག་བྱས་ཟིན་ནས་ཀླུ་མོ་ཁོང་གི་རིག་མར་བརྟེན་ཚུལ་གསུངས། དུས་དེ་ནས་བཟུང་བླ་མ་བྱང་ཆུབ་རྡོ་རྗེ་གོ་འཇོའི་རྟ་ཡག་སར་བསྡད་ཆོག་པ་བྱུང་བ་དང༌། ཡུལ་ལུང་དེའི་དཔོན་ཚོའི་བཀའ་ལྟར་ཆར་པ་ཕབས་རྗེས་བཀའ་འཁྲོལ་ཐོབ་ནས་བླ་མའི་ཆོས་ཀྱི་མཛད་པ་འཕྲིན་ལས་དུས་དེ་ནས་འགོ་བརྩམས་པ་རེད་འདུག

 

 

 ༼ བཤད་མཁན། ག་བཟི་དགེ་བཤེས་ཚེ་རིང་པོ་ལགས།  ༽

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།