དྲ་ཐོག་འདུག

None

༧། སེམས་ཤུགས།

images/stories/Gangkarsem/22.jpgསེམས་ཤུགས།

determination

決心

(བརྩམས་སྒྲུང་ཡིག་བརྒྱ་མ།)

སྦྱིན་བདག་ལགས། ང་ལ་ལས་ཀ་དེ་གནང་རོགས། ངས་ཧུར་ཐག་འབད་ཐག་བྱ་ངེས་ཡིན། ཟླ་ཕོག་གི་སྐོར་སྦྱིན་བདག་ལགས་ནས་བསམ་བློ་གཏོང་གིན་གནང་ན་འགྲིག་ས་རེད། སྐུ་མཁྱེན། ནོར་བུས་ཀཱེ་ལ་ཤ་ཟས་ཁང་གི་སྦྱིན་བདག་ལ་མགོ་ཞུམ་ཞུམ་གྱིས་དེ་ལྟར་རེ་འདུན་ཞུས། ཡ་ཡ་ད་ངས་གཅིག་ལྟ་འོང་། འདིར་ལས་ཀ་འཚོལ་མཁན་ད་དུང་གསར་འབྱོར་གཉིས་ཡོད། འོན་ཀྱང་ཁྱོད་ལ་དཀའ་ངལ་དེ་འདྲ་ཡོད་ན་ལས་ཀ་ཁྱོད་ལ་སྤྲོད་ཆོག འོ་ན་གཟའ་ཟླ་བ་ནས་བཟུང་འདིར་ཤོག་ཚོད་ལྟ་ཏོག་ཙམ་བྱོས། གནས་ཚུལ་གཞན་རྗེས་མར་བཤད། སྦྱིན་བདག་ལགས་ཀྱིས་དེ་ལྟར་བཤད་མ་ཐག ནོར་བུ་དགའ་ཐག་ཆོད་དེ་ཕྱིར་དོན།

གཞུང་ལམ་ཕྲོད་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་མི་མང་བསྡུ་བསྐོང་གིས། བོད་རང་བཙན་ཡིན། མཉམ་སྦྲེལ་རྒྱལ་ཚོགས་གཉིད་སད་ཤོག ༸རྒྱལ་བ་རིན་པོ་སྐུ་ཚེ་ཆེ་ཁྲི་ལོ་བརྟེན་པར་ཤོག སོགས་སྐད་འབོད་སྦྲགས་ཆབ་སྲིད་ལས་འགུལ་སྤེལ་བཞིན་ཟས་ཁང་སྒོ་འགྲམ་དུ་སླེབས་བྱུང་། ནོར་བུ་ལས་འགུལ་བའི་དབུས་ནས་འཕྲེད་བཅད་ཀྱིས་སོང་བར། བུད་མེད་ལྷན་ཚོགས་ཀྱི་སྣེ་འཁྲིད་དེས་ཇོ་ལགས། ལས་འགུལ་ནང་ཞུགས་རོགས་གྱིས་དང་། ང་ཚོའི་མི་རིགས་འདིའི་བདེན་དོན་གྱི་ཆེད་དུ་ཉིན་ཕྱེད་ཙམ་གྱི་དུས་ཚོད་ཀྱང་གཏོང་མི་ཐུབ་པ་ག་རེ་ཡིན་ནམ། ཞེས་པར་ནོར་བུས་དགོངས་དང་། ང་ལ་ལས་ཀ་གཞན་ཡོད། ལས་འགུལ་སྤེལ་ཐུབ་ཀྱི་མི་འདུག ཅེས་བཤད་དེ་བྲེལ་འཚུབ་ཀྱིས་ཕྱིར་ཁྱིམ་དུ་ལོག

 

སྣེ་འཁྲིད་དེས། ཧུན། གསར་འབྱོར་འདི་ཚོ་ཡིན་ན་སེམས་ཤུགས་རྩ་བ་ནས་མི་འདུག ཅེས་སྣ་གཉེར་གཉེར་གྱིས་དེ་ལྟར་བཤད་དེ་མདུན་དུ་སོང་། ནོར་བུ་རྒྱ་གར་གྲོང་གསེབ་ཀྱི་ཁང་ཆུང་དུ་ཡར་འཛུལ་མ་ཐག་ཕྲུ་གུ་སྦྲུམས་ནས་ལོ་ཕྱེད་སོང་ཚར་བའི་ཆུང་མས་གོ་རའི་ནང་ཞོ་ཁོག་ཁ་ཤས་འཁྲུས་ནས་བསྡད་འདུག་པར་ནོར་བུ་ལམ་སང་ཕར་སོང་ནས། གཡུ་སྒྲོན། ངས་ཆུ་གྲང་མོར་མ་ཐུག་ལབ་མ་བྱུང་ངེ་། ཡ་ད་ཡར་ལོངས། ཅེས་པར་ཆུང་མས་ལས་ཀ་རག་སོང་ངམ། ཞེས་དྲིས་པར་ནོར་བུ་ལམ་སང་འཛུམ་དང་བཅས་ཆུང་མར་འཐམ་ནས་གཡུ་སྒྲོན། རག་སོང་། ལས་ཀ་རག་སོང་། ད་ཡིན་ན་ངེད་གཉིས་ཀྱི་མ་འོངས་པའི་འཚོ་བ་ཡག་ཏུ་འགྲོ་གི་རེད། ད་དུང་ངེད་གཉིས་ཀྱི་བུ་ཆུང་སྐྱེས་ཚར་ན་ང་ཚོའི་འཚོ་བ་ཡག་ཏུ་འགྲོ་བར་ང་ལ་ཡིད་ཆེས་ཡོད། ངས་ལས་ཀ་ཧུར་ཐག་བྱེད་དེ་སྒོར་མོ་བསགས་ན་ངེད་གཉིས་ཀྱིས་ཁང་གླ་སྤྲོད་ཐུབ་པའི་སྒང་ཁྱེད་ལ་བཅུད་ལྡན་གྱི་ཟས་མང་ཙམ་ཉོ་ཐུབ་ཀྱི་རེད། ཧོ་ཧོ་ཧོ་ད་ཡིན་ན་ངོ་མ་འགྲིག་སོང་། ཞེས་ནོར་བུ་དགའ་ཐག་ཆོད་པར་མཐོང་དུས།

 

 

ཆུང་མས་གདོང་ལའང་འཛུམ་ཆུང་མངོན་བཞིན་ཁྱེད་རང་སེམས་ཤུགས་ཆེ་བ་ལ། ཞེས་བསྟོད་པར་ནོར་བུས་སླར་སོ་སོའི་ཆུང་མར་འཐམ་ནས་མོ་ལ་བརྩེ་དུང་ཟབ་པའི་འོ་ཞིག་སྦྱིན། ཡ་ད་ཤོག ཉལ་ཁྲིར་སྡོད་ཤོག རྗེས་མར་ཁྱིམ་ལས་གང་ཡང་བྱེད་མི་དགོས་ཨ། ཚང་མ་ངས་བྱེད་ཆོག ཁྱོད་རང་ངལ་གསོ་རྒྱོབས་ལ་འཚོ་བའི་ཐད་སེམས་འཁུར་སྤུ་ཙམ་མི་དགོས། ཅེས་བཤད་དེ་ཆུང་མ་མལ་ཁྲིའི་འཁྲིས་སུ་འཁྲིད་དེ་ལག་གཉིས་ཀྱི་ཕུ་ཐུང་གཉིས་བརྫེས་ཏེ་གླུ་ཨ་ལ་ཐ་ལ་ཐ་ལ་རེད། ཕོ་ང་འདྲ་ང་ངོ་མ་ཤེས་ན། ཟེར་གླུ་ལེན་བཞིན་ཞོ་ཁོག་འཁྲུས་ཏེ་ཉིན་གུང་གི་ཟས་བཟོ་བརྩིས་བྱས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།