༢༦།བཟའ་འཁོན།

images/stories/45/Resized/couple-fighting1.jpg༢༦།བཟའ་འཁོན།

(བརྩམས་སྒྲུང་ཡིག་བརྒྱ་མ།)

couple quarrele 夫妻吵嘴

ཁྲོམ་གཞུང་དུ་སྐྱེས་པ་འགའ་ཁ་བརྡ་དང་བཅས་དགོད་མོ་ཤུགས་ཀྱིས་ཤོར། གྲོགས་པ་ཀ་པས། ཁོ་རེ། ནག་མོ་ཟེར་བ་དེ་ལ་མགོ་ཡར་བཀྱག་བཅུག་ན་དེ་ནས་ཚར་སོང་བ་རེད། ནག་མོ་ཟེར་བ་དེར་ཚོད་ཙམ་བྱས་ནས་བཞག་ན་ཡག་ལེ་རེད། དེ་མ་གཏོགས་ནག་མོས་ནང་གི་གནད་དོན་ཐག་གཅོད་བཅུག་པ་དང་དོན་ཆེན་སྒྲུབ་པར་ཇུས་གཤམ་བཅུག་ན་དོན་དག་གྲུབ་རྒྱུའི་ཚབ་ཏུ་དེར་འགག་རྡོ་བཞག་ངེས།

འོན་ཀྱང་གྲོགས་པོ་ཁྱེད་རང་གི་ནག་མོ་དེ་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་བཙན་ཤོས་ཅིག་རེད་ཟེར་གྱི་འདུག་ག ཁྱེད་ནག་མོ་ལ་སྐྲག་སྐྲག་པ་བསྡད་ཀྱི་ཡོད་པ་ཐག་གིས་ཆོད། ཧ་ཧ་ཧ་ཧ སྐད་ཆ་དེའི་མཇུག་མཐུད་དེ་གྲོགས་པོ་ཁ་པས། ངོ་མ་ཁྱོད་ནག་མོ་ལ་སྐྲག་མཁན་ཞིག་རེད་འདུག ག་རེ་ཡིན་ཡང་ནག་མོའི་ཁ་ལ་ཉན་དགོས་དོན་མེད། ཁྱོད་རང་ཡང་སྐྱེས་པ་ཕོ་ཞིག་རེད། མོས་རྒྱུན་དུ་ཁ་མང་པོ་བྱེད་དུས་དེར་སྣང་མེད་གཏོང་དང་དེ་ག་རེད། དེ་འདྲ་མོའི་ཁ་ལ་གཅིག་གཅིག་གཉིས་ཉན་བསྡད་ན་མོ་སྐྱག་ལང་ཤོར་ནས་ཁྱོད་རང་མོའི་དབང་དུ་བསྡུ་ངེས་རེད།་་་་

 

དེ་ནས་ཁྱོ་ག་ཕྱི་པོར་ཁྱིམ་དུ་ལོག་མ་ཐག་ཐད་ཀར་ཉལ་ཁྲིར་བསྡད་དེ་བཟའ་ཟླ་མོར་ཡ་མ་བྱེད། རྒྱུན་གཏན་ལྟར་ན་ཁྱོ་གས་རྟག་པར་ཁྱིམ་སྒོ་ནས་འཛུལ་མ་ཐག་མོ་རང་ལ་འོ་སྦྱར་བ་དང་ཡང་ན་འཚམ་འདྲི་བྱེད་རྗེས་གཞི་ནས་ཁོ་རང་དུས་རྒྱུན་བསྡད་སའི་གདན་ཁྲིར་འཛེག་པའི་གོམ་གཤིས་ཤིག་ཆགས་ཡོད་མོད། དེ་རིང་ཁོས་མོ་ལ་སྐད་ཆ་ཙམ་ཡང་མ་བཤད་པར་ཐད་ཀར་མལ་ཁྲིར་འཛེགས་པས་བཟའ་ཟླ་མོའང་ཏོག་ཙམ་མ་བདེ་བ་བྱུང་། མོས་ཐབ་ཀར་ཟས་གཡོ་བསྐོལ་བྱེད་བཞིན་ཁྱོ་བོའི་གདོང་ལ་ཟུར་ལྟ་ཙམ་བྱས་ཏེ་ནོར་བུ། དེང་སང་ཁྱེད་རང་རྒྱུན་དུ་ཕྱི་པོ་མ་གཏོགས་ནང་དུ་ལོག་གི་མི་འདུག གཞུང་གི་ལས་ཀ་མང་པོ་ཡོད་པ་འདྲ། ཞེས་པར་ཁྱོ་གས་དེ་མུར་ལས་ཀ་མེད། ལམ་བར་གྲོགས་པོ་ཐུག་ནས་ཁ་བརྡ་བྱས་བསྡད་ཡིན།

བཟའ་ཟླ་མོས་སླར་ཡང་ཁྱེད་རང་ཁྱིམ་དུ་མ་ལོག་པར་རྟག་པར་ང་གཅིག་པུར་ནང་དུ་བསྡད་དགོས་འཁེལ་གྱི་འདུག ངའི་ག་རེ་བྱེད་ཀྱི་འདུག ངའི་གནས་སྟངས་ཅི་འདྲ་རེད་ཙམ་ཡང་བསམ་བློ་གཏོང་ཤེས་ཀྱི་མི་འདུག དེང་སང་ང་ཁེར་རྐྱང་ནང་ལ་སྡོད་མང་དྲག་ནས་སུན་སྣང་ཆེ་རུ་འགྲོ་གི་འདུག ཁྱེད་རང་ནང་ལ་ལོག་ནས་ང་དང་མཉམ་དུ་མང་ཙམ་སྡོད་རོགས། ཁྱོ་གས་ག་རེ། ཁྱོད་ཕྲུ་གུ་འདྲ་པོ་ང་ངེས་པར་དུ་མཉམ་དུ་སྡོད་དགོས་པ་མ་རེད། སོ་སོའང་ང་ནང་བཞིན་ཕྱི་ལ་འཁྱམ་སོང་ན་འགྲིག་གི་རེད། ང་སྐྱེས་པ་ཕོ་ཞིག་གིས་བྱེད་འདོད་པའི་ལས་ཀ་མང་པོ་ཡོད།

བཟའ་ཟླ་མོས། འགྲིག་གི་རེད། སང་ཉིན་ནས་ང་ཕྱི་ལ་འཁྱམ་འགྲོ་གི་ཡིན། ཁྱོ་གས། འཁྱམ་ཀ་རྒྱུགས། སུ་ཡིས་རང་མ་འགྲོ་ཟེར་གྱི་འདུག བཟའ་ཟླ་མོས་དེང་སང་རང་ག་རེ་བྱས་པ་རེད། ང་ལ་སྣང་བ་ཙམ་ཡང་འཇོག་གི་མི་འདུག ང་ཁྱོད་ཀྱི་ཁང་པ་འདིའི་ནང་གི་ཉལ་རོགས་དང་ཡང་ན་མགྲོན་པོ་དེ་འདྲ་མ་རེད་ད། ང་ཁྱོད་ཀྱི་བཟའ་ཟླ་རེད། སྔ་ཙམ་ནང་ལ་ལོག་ནས་ལྷོད་ལྷོད་བྱེད་ན་མ་འགྲིག་པ་ག་རེ་འདུག་གམ། དེ་སྔོན་ནས་ནང་གི་དོན་དག་མང་པོ་ཞིག་ཁྱོད་དང་གྲོས་བསྡུར་འདྲ་བྱ་དགོས་བསམ་ཡང་། ཁྱོད་ཉིན་རྟག་པར་ཕྱི་པོ་མ་གཏོགས་ནང་ལ་མི་ལོག ནང་ལ་སླེབས་པ་ནས་སོ་སོའི་ལས་ཀ་དེ་ཚོ་བྱེད་དེ་ང་ལ་ཡ་ཙམ་ཡང་བྱེད་ཤེས་ཀྱི་མི་འདུག ང་ཁྱོད་ཀྱི་གཡོག་མོ་རེད་བསམ་སོང་ངེ་། ཧམ་པ་ཇེ་ཆེ་རེད། ཅེས་མོས་རླུང་ཅུང་ཙམ་ལང་བཞིན་སྐད་ཆ་བཤད་མཚམས་འདིར་བཞག་ནས་ཁྱོ་ག་ལ་ཟུར་མིག་གིས་ལྟ་ཙམ་ལྟ་ཙམ་ཡང་བྱས། 

འོན་ཀྱང་ཁྱོ་གས་མོའི་སྐད་ཆ་དེ་དག་གོ་མ་ཐག་རྒྱུན་གཏན་ལྟར་མོ་ལ་སེམས་གསོ་བྱེད་རྒྱུའི་ཚབ་ལ་ཧད་ཀྱིས་ཡར་ལང་ནས་གོས་གྱོན་ནས་ཕྱི་ལ་འགྲོ་བརྩིས་བྱས་པར་མཐོང་དུས་བཟའ་ཟླ་མོ་ཅི་ཡིན་མི་ཤེས་པའི་ཁོང་ཁྲོ་ཞིག་འབར། མོས་སྐད་ཆ་ཚིག་གཅིག་མ་བཤད་པར་རླུང་ལང་ཐེངས་གཅིག་གིས་ལག་ཏུ་འཛིན་པའི་ཐབ་ཀར་བཞག་པའི་ཟས་སྣོད་དེ་ཤུགས་ཀྱིས་ས་ལ་གཡུག་ནས་ཁང་མིག་གཞན་ཞིག་ཏུ་འཛུལ་ཏེ་བཟོད་མ་ཐུབ་པར་ངུ་ཤོར། ཁྱོ་གས་ཧུན། ངས་གྲོགས་པོ་ཚོས་ཟེར་བ་དེ་ངོ་མ་བདེན་པ་རེད་འདུག ད་ནག་མོ་འདི་ངོ་མ་སྐྱག་ལང་ཤོར་འདུག མོའི་སྐད་ཆ་རྫོགས་རྒྱུ་མེད་པ་དེ་ཚོར་ཉན་པ་ལས་ཕྱི་ལ་འཁྱམ་སོང་ན་དགའ། ཁྱོ་གས་དེ་ལྟར་བཟའ་ཟླ་མོ་ལ་ཕྱི་མིག་ཙམ་མ་ལྟ་བར་རླུང་འཚུབ་འཚུབ་ཀྱིས་སྒོ་ཕྱི་ལ་བུད་སོང།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།