ཨོ་སྒོར་ཐོག་གི་བུད་མེད་ཚོ།

images/stories/45/000/Resized/aaa.jpgཨོ་སྒོར་ཐོག་གི་བུད་མེད་ཚོ།

women on the Australian dollar

澳幣上的女人們

ཡིག་འགྱུར་མའི་སྔོན་གླེང་།

ང་རང་ཨོ་གླིང་སླེབས་ནས་ཟླ་དགུ་ལྷག་ཙམ་སོང་། ད་ཆ་གཞུང་གིས་རོགས་དངུལ་ཟ་བཞིན་སློབ་གྲྭར་འགྲིམ་བཞིན་ཡོད། དེའི་རིང་སྒེར་ངོས་ནས་ཉེ་འཁོར་གྱི་ཕྱི་རྒྱལ་བ་ཚོར་རྒྱུས་ལོན་བྱས་པའི་འགྲོ་འདུག་སྤྱོད་གསུམ་དང་།

ཤེས་དཔལ་རིག་གསུམ་ཐད་འདི་ཚོས་ཁྲིམས་དང་སྒྲིག་གཞིར་གཙེགས་ཆེར་འཛིན་ནས་བརྩི་སྲུང་བྱེད་སྟངས་འདི་གང་ཟག་ལ་མི་སྟོན་ཆོས་ལ་སྟོན་ཚུལ་སོགས་དགེ་མཚན་དུ་མ་ཞིག་མིག་མཐོང་ལག་ཟིན་བྱུང་། གཞན་ཡང་འདིར་འབྱོར་བོད་མོ་ངོ་ཤེས་ལ་ལ་དང་མཉམ་དུ་ཨོ་གླིང་དུ་གང་ས་ཅིའི་ཐད་ནས་སྲོག་ལྡན་ལ་མཐོང་ཆེན་བྱེད་དགོས་པའི་གོ་རིམ་ལྟར་ན་དང་པོ་ཕྲུ་གུ་དང་། གཉིས་པ་བུད་མེད། གསུམ་པ་ཁྱི་དང་ཞི་མི། བཞི་པ་སྐྱེས་པ་ཚོ་རེད་བཞག་ཟེར་ནས་ཕན་ཚུན་ཀུ་རེའང་རྩེད་རྒྱུ་བྱུང་།

 

དེ་བས་དེ་སྔོན་ཅུང་མཐོང་དཀོན་པའི་གནས་ཚུལ་ཞིག་སྟེ། ཨོ་སྒོར་གྱི་དངུལ་ལོ་ལ་བརྒྱ་དང་ལྔ་བཅུ་ལོ། ཉི་ཤུ་དང་བཅུ་ལོ། ལྔ་ལོ་ཡོད་པ་ཐོག་གི་བུད་མེད་དེ་དག་སྐོར་བསྒྱུར་འདོད་བྱུང་བ་འདི་ཡིན།

 

 

རྩོམ་དངོས།

ཨོ་སྒོར་ ༡༠༠ ལོ།

སྤྱིར་ན་ཨོ་སྒོར་ནི་འགྱིག་གིས་བཟོས་ཤིང་ཉར་ཚགས་བདེ་ལ། རལ་རུལ་མི་འགྲོ་ཅིང་ཡུན་རིང་ཉར་ཆོག་པའི་དགེ་མཚན་ཆེ། ཨོ་སྒོར་བརྒྱ་ལོའི་མཚོན་མདོག་ལྗང་ཁུ་ཡིན་ལ། མདུན་ངོས་སུ་བུད་མེད་ནཱེལ་ལི་མེ་པ་NellieMelbaཡི་མགོ་པར་རེད།

 

མོ་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་སྐད་མགོ་མཐོ་ཤོས་ཀྱི་གླུ་མ་ཆེད་མཁས་ཤིག་རེད། མོ་ནི་ ༡༨༦༡ ཟླ་ ༥ ཚེས་ ༡༩ ཉིན་ཨོ་གླིང་མཱོ་ཨར་བྷོན་གྲོང་ཁྱེར་དུ་འཁྲུངས། དེའི་དུས་རབས་ཀྱི་ཡ་མཚན་མི་སྣའི་གྲལ་ཡིན། ༡༩༢༨ ལོར་མོས་གླུ་གར་གྱི་སྡེངས་ཆ་ནས་ཁ་བྲལ་བའི་མཛད་སྒོ་འཚོགས། དེ་ལོའི་ལོ་ ༣ རྗེས་སུ་མོ་ལ་ཁྲག་ནད་རྐྱེན་བྱས་ཏེ་རང་ལོ་ ༧༠ ཐོག་འདས།

 

 

ཨོ་སྒོར་ ༥༠ ལོ།

ཨོ་སྒོར་ ༥༠ ལོའི་རྒྱབ་ཕྱོགས་སུ་བུད་མེད་ཨཱི་ཋི་ཁོ་ཝན་(EdithCowan)གྱི་སྐུ་པར་རེད། ཁོང་མོ་ནི་དེ་སྔོན་སྤྱི་ཚོགས་ལས་འགུལ་བ་ཞིག་དང་། ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་འཐུས་ཐོག་མ་ཡིན། མོ་ནི་དུས་རབས་ ༡༩ ཡི་མཇུག་དང་དུས་རབས་ ༢༠ ཡི་མགོ་སྟོད་ཨོ་གླིང་རྒྱལ་ཁབ་ཀྱི་མ་བུའི་ཁེ་དབང་སྲུང་སྐྱོབས་དང་དར་སྤེལ་གཏོང་མཁན་ཕུལ་བྱུང་མ་ཞིག་ཡིན།

 

༡༨༦༡ ལོར་མོ་ནི་ཨོ་གླིང་ནུབ་ཕྱོགས་རྒྱལ་སའི་གྲོང་ཁྱེར་ཧྥེ་སིའི་བྱང་གི་ས་ཁུལ་དུ་སྤྱི་བཏང་བའི་ཁྱིམ་གཞི་ཞིག་ཏུ་འཁྲུངས། དར་མའི་རྗེས་མོ་རང་གི་ཉེ་འཁོར་དུ་ཡ་ང་བའི་གནས་སྟངས་མྱོང་བའི་མི་དང་། དམིགས་བསལ་དུ་བུད་མེད་དང་བྱིས་པ་ཚོར་སྙིང་རྗེ་ཆེན་མོ་སྐྱེ་བཞིན་ཡོད། སྐབས་དེའི་སྤྱི་ཚོགས་སུ་བུད་མེད་ལ་སློབ་གསོར་རག་པར་བསྐུལ་མའང་མི་བྱེད། འོན་ཀྱང་མོ་རང་གིས་བུད་མེད་ལ་སློབ་གསོ་རག་ཐབས་དེ་ནི་སྤྱི་ཚོགས་བཅོས་བསྒྱུར་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དེ་གཏིང་ཟབ་པོའི་སྒོ་ནས་ཤེས་ཀྱི་ཡོད། མོ་རང་ཁཱ་ལ་ཁ་ཐ་ཞེས་པའི་བུད་མེད་སྤྲོ་ཚོགས་ཤིག་ཏུ་འཛུལ་བཞུགས་བྱས་པ་དང་།

 

དེ་རྗེས་ཀྱང་བུད་མེད་ཚོགསཔ་འདིིའི་འགོ་གཙོ་ཆགས། མོ་རང་ཧུར་བརྩོན་ཆེན་པོས་བུད་མེད་ལའང་འོས་འཕེན་གྱི་ཐོབ་ཐང་དགོས་པའི་རེ་འདུན་གྱི་ལས་འགུལ་དུ་བཞུགས་ཏེ་ ༡༨༩༩ ལོར་ལས་འགུལ་འདི་ལ་རྒྱལ་ཁའང་ཐོབ།

 

མོས་ད་དུང་གཞང་བཙོང་མ་ཚུད་པའི་བུད་མེད་ཡོངས་ཀྱི་ཁེ་ཕན་དང་ཐོབ་ཐང་སྐོར་ཧ་ཅང་དོ་སྣང་ཅན་ཞིག་ཡིན་ལ། བུད་མེད་ཚོར་འཕྲོད་བསྟེན་ཕྱོགས་ཀྱི་འགན་སྲུང་འཐུས་ཚང་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། སྒེར་གྱིས་ཧུར་བརྩོན་བྱས་པ་བརྒྱུད་མོས་ཧྥེ་སི་གྲོང་ཁྱེར་ཨཱེ་ཊི་ཝ་ཏི་རྒྱལ་པོའི་བུད་མེད་སྨན་ཁང་བཙུགས་ཐུབ་པར་བསྐུལ་འདེད་བཏང་ཐུབ་པ་བྱུང་། ད་དུང་མོས་མུ་མཐུད་བྱིས་པར་སྲུང་སྐྱོར་ཚོགས་པ་ཞིག་བཙུགས་ནས་བྱིས་པ་དང་འབྲེལ་བའི་ཉེན་དོན་རྟོག་ཞིབ་ཀྱི་དམིགས་བསལ་ཁྲིམས་ཁང་ཡང་བཙུགས་པར་བསྐུལ་འདེད་བཏང་ཡོད།

 

གཡུལ་ཆེན་དང་པོ་བྱུང་རྗེས་མོ་རང་གཡུལ་སའི་འཐབ་འཛིང་པའི་ཆེད་དུ་ཟས་རིགས་དང་གྱོན་ཆས། ད་དུང་གཞན་རྒྱུན་མཁོའི་དངོས་རྫས་རིགས་བསྡུ་རུབ་ཧུར་ཐག་བྱས། སྡོམ་རྟགས་དམར་པོའི་སྒྲིག་འཛུགས་ཀྱི་གཙོ་དཔོན་ཡིན་པའི་ཆ་ནས་མོས་ད་དུང་རྨས་མ་མྱུར་སྐྱོར་གྱི་ལས་འགུལ་ནང་དུའང་ཧུར་བརྩོན་ཆེན་པོའི་སྒོ་ནས་བཞུགས་ཡོད་པ་རེད།

 

༡༩༢༠ ལོར་ཨཱིན་ཇི་བཙན་རྒྱལ་ནས་མོ་རང་ལ་གཟེངས་རྟགས་གནང་ནས་མོའི་དཀའ་ངལ་ཁྱད་བསད་ཀྱིས་ལས་ཀ་བྱས་པར་གཟེངས་བསྟོད་གནང་། ལོ་དེར་ཨཱོ་གླིང་ནུབ་མའི་གྲོས་ཚོགས་ནས་བུད་མེད་སྤྱི་འཐུས་ཀྱི་འགྲན་རྩོད་དུ་ལང་ཆོག་པའི་གྲོས་ཆོད་སྟོན་པར་བརྟེན། མོ་རང་ས་ཁུལ་དེའི་འོས་མིའི་ངོ་བོ་ཐོག་གྲོས་ཚོགས་ཀྱི་འོས་མིའི་ཐོབ་ཐང་བརྩོན་ལེན་བྱས། དེ་ལྟར་མཇུག་ཏུ་འོས་བསྡུའི་ལས་རིམ་ནས་རྒྱལ་ཁ་ཐོབ་སྟེ་ཨོ་གླིང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་བུད་མེད་སྤྱི་འཐུས་ཐོག་མ་དེ་ཆག ༡༩༣༢ ལོར་མོ་རང་ནད་ཀྱི་རྐྱེན་བྱས་ནས་རང་ལོ་ ༧༡ ཐོག་འདས་གྲོངས་སུ་གྱུར།

 

 

ཨོ་སྒོར་ ༢༠ ལོ།

ཨོ་སྒོར་ ༢༠ ལོའི་མཚོན་མདོག་དམར་མོ་ཡིན། མདུན་ངོས་སུ་ཡོད་པའི་བུད་མེད་ཀྱི་སྐུ་པར་དེ་ནི་གྲུ་གཟེང་འགྲིམ་འགྲུལ་གཉེར་མཁན་གྱི་ཚོང་པ་ཆེན་པོ་དང་དགེ་རྩ་བཙུགས་མཁན་གྲགས་ཅན་མ་མཱེ་རི་རེ་བི་MaryReibeyརེད། ཨོ་གླིང་ལོ་རྒྱུས་ཐོག་གི་བུད་མེད་ཕྱུག་བདག་མའམ་ཁེ་ལས་པ་གྲགས་ཅན་མ་འདི་དེ་སྔོན་ཨིན་ཇིའི་རྒྱལ་ཁབ་ཀྱི་ཁྲིམས་ཁང་ནས་ལོ་ ༧ ཙམ་ཁྲིམས་ཆད་ཕོག་མྱོང་བའི་ཉེས་ཅན་ཞིག་ཡིན།

 

༡༧༧༧ ཟླ་ ༥ ཚེས ༡༢ ཉིན་མོ་རང་ཨིན་ཇིའི་ལཱན་ཁེ་ཞ་ཅུན་ལ་སྐུ་འཁྲུངས། ཆུང་དུས་ནས་ཕ་མ་གཉིས་ཀ་འདས། རྨོ་བོ་ལགས་ཀྱིས་མོ་རང་ཕྱུག་བདག་ཅིག་གི་ནང་དུ་གཡོག་མོར་བཏང་། མོ་རང་ཕྱུག་བདག་དེའི་ཁྱིམ་ནས་བྲོས་བྱོལ་དུ་སོང་ནས་བཟུང་གང་སར་འཁྱམ་མྱུར་གྱི་འཚོ་བ་དེའང་འགོ་བརྩམས།

 

༡༧༩༡ ལོར་ཉེས་རྟོགས་པས་མོ་ལ་རྐུན་མའི་ཉེས་མིང་ཐོག་འཛིན་བཟུང་བྱས། ཁྲིམས་ཁང་ནས་མོས་རྟ་བརྐུས་པར་བཤད་དེ་མོ་རང་གཞན་ཡུལ་རྒྱང་ཕུད་ལོ་ངོ་ ༧ བཏང་དགོས་པའི་ཁྲིམས་ཆད་བཏང་། ཕྱི་ལོར་མོ་བཙོན་པ་རྒྱང་ཕུད་གཏོང་བའི་གྲུ་གཟེངས་ཐོག་བརྫངས་ནས་རྒྱ་མཚོ་བརྒལ་ཏེ་ཨོ་གླིང་གི་གྲོང་ཁྱེར་ནུབ་ཕྱོགས་གྲོང་གསར་མ་ New South Wales ཞེས་པའི་དོན་གྱི་ས་ཁུལ་དུ་འབྱོར།

 

༡༧༩༤ ཟླ་ ༩ པར་རང་ལོ་ ༡༧ སོན་པའི་མོ་རང་དམག་དཔོན་ཆུང་གྲལ་གྱི་སྐྱེས་པ་ཐཱང་མ་སི་དང་ཆང་ས་བརྒྱབས། གཉེན་སྒྲིག་རྗེས་ཁྱོ་ཤུག་གཉིས་ཀྱིས་སྲིད་གཞུང་ནས་གནང་བའི་ས་རྒོད་་བརྐོས་ནས་ཞིང་ས་བཟོས་ཏེ་འབྲུ་རིགས་བཏབས། དེ་རྗེས་ཀྱང་ཧཱོ་ཁི་སིའི་ཆུ་བོའི་ཐོག་གྲུ་གཟེངས་བཟོ་ཚོང་གི་ཆེད་ལས་གཉེར། ༡༨༡༡ ཟླ་ ༤ པར་མོ་རང་གི་ཁྱོ་བོ་འདས་གྲོངས་སུ་གྱུར། མོས་དུས་དེ་ནས་བཟུང་ཁྱིམ་ནང་གི་ཕྲུ་གུ་ ༧ གསོ་སྐྱོང་གི་འགན་ཡོངས་རྫོགས་འཁྱེར་བ་མ་ཟད། ཁྱིམ་གཞིའི་ཚོང་ལས་ཀྱི་ལས་འགུལ་དག་ལ་དོན་གཉེར་བྱས།

 

༡༨༡༢ ལོར་མོ་རང་སཱིད་ཉི་གྲོང་ཁྱེར་གྱི་ལྟེ་བའི་ས་གནས་ཅཱོ་ཀྲི་ཁྲོམ་ལམ་ཆེན་མོར་བང་མཛོད་གསར་པ་ཞིག་བརྩེགས། ༡༨༡༧ ལོར་མོའི་གྲུ་གཟེངས་ཚོང་གཉེར་ཚོགས་པ་ནས་གྲུ་གཟེངས་གསར་པ་ཁག་ཅིག་ཉོས་ནས་རང་གི་ཚོང་ལས་དག་རྒྱ་བསྐྱེད་བཏང་། ༡༨༢༨ ལོར་རིམ་གྱིས་ཚོང་ལས་ནས་ཕྱིར་ཐོན་སྐབས་མོ་ནི་གྲོང་ཁྱེར་སཱིད་ཉི་དང་ཨོ་གླིང་རྒྱལ་ཡོངས་གང་སར་མ་རྩ་ཕོན་ཆེན་ཡོད་མཁན་ཞིག་ཆག་ཟིན།

 

མོའི་ཚོང་གཉེར་བའི་དུས་དེར་དུས་མཚུངས་སུ་དགེ་རྩའི་ལས་འགུལ་སྣ་མང་ངམ་འཕོན་ཆེན་ནང་བཞུགས་པ་མ་ཟད། ཆོས་ཚོགས་དང་སློབ་གྲྭའི་སློབ་གསོའི་ལས་དོན་དུའང་བཞུགས་ཀྱི་ཡོད། ༡༨༢༥ ལོར་མོ་རང་སཱིད་ཉིའི་སྒེར་བཙུགས་སློབ་གྲྭའི་སྦྱིན་བདག་ལ་བསྐོ་བཞག་བརྩལ། ༡༨༥༥ ལོར་རང་ལོ་ ༧༨ ཐོག་བསྙུན་ནས་འདས་གྲོངས་སུ་གྱུར།

 

 

ཨོ་སྒོར་ ༡༠ ལོ།

ཨོ་སྒོར་ ༡༠ ལོའི་རྒྱབ་ངོས་སུ་ཡོད་པའི་བུད་མེད་ཀྱི་སྐུ་པར་དེ་ནི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་བུད་མེད་རྩོམ་པ་མོ་དང་སྙན་ངག་མ་ཊཱ་མ་མཱ་རི་གྷིལ་མོ་Dame Mary Gilmoreརེད། མོ་རང་ ༡༨༦༥ ཟླ་ ༨ ཚེས་ ༡༦ ཉིན་ནུབ་ཕྱོགས་གསར་མའི་གྲོང་གི་ཁཱོ་ཋ་ཝ་ལར་སྐུ་འཁྲུངས། ༡༨༨༣ ལོར་སློབ་ཆུང་ཞིག་གི་དགེ་རྒན་བྱས།

 

༡༨༩༠ ལོའི་རྗེས་སུ་ཨོ་གླིང་རྒྱལ་ཁབ་ཀྱི་མི་རིགས་རིང་ལུགས་གཡོན་ཐལ་ཅན་གྱི་བསམ་བློ་དེའི་རྐྱེན་གྱིས་མོ་རང་སྤྱི་ཚོགས་བཅོས་བསྒྱུར་གཏོང་བའི་རེ་འདུན་དེ་ཤུགས་ཇེ་ཆེར་སོང་། མོས་སྨྱུག་མིང་སྣ་ཚོགས་ཀྱི་ཐོག་ནས་སྤྱི་ཚོགས་ལ་བཅོས་བསྒྱུར་དགོསཔའི་རྩོམ་མང་སྤེལ། སྤྱི་ཚོགས་རིང་ལུགས་ཕུག་བསམ་རིང་ལུགས་གྲལ་གྱི་བསམ་བློ་དེའི་ཤུགས་རྐྱེན་འོག་མོ་རང་ཨོ་གླིང་གསར་མའི་ལས་འགུལ་ཞེས་པའི་ནང་བཞུགས་ཏེ་ཚོགས་པ་དེའི་དུས་དེབ་ཐོག་རྩོམ་སྤེལ། ༡༩༠༨ ལོར་ཨོ་གླིང་བཟོ་པའི་ཚགས་ཤོག་གི་རྩོམ་སྒྲིག་པ་གཙོ་བོའི་གདན་ཞུས་ལྟར་ཚགས་ཤོག་དེའི་བུད་མེད་ཆེད་སྒྲིག་ལེའུ་ཚན་དུ་རྩོམ་ཡིག་སྤེལ་འགོ་བརྩམས། ཆེད་གཉེར་ལེའུ་ཚན་དེ་བརྒྱུད་མོས་སྤྱི་ཚོགས་དང་དཔལ་འབྱོར་རིམ་པ་དགོས་པའི་འབོད་བསྐུལ་ཞུས།

 

དེའི་ནང་བུད་མེད་ཀྱི་འོས་ཆོས་འཕང་བའི་དབང་ཆ་དང་། རྒས་གསོའི་རོགས་དངུལ། བྱིས་པའི་དགེ་རྩ་དང་དབུལ་སྐྱོར་དང་ས་གནས་རང་གི་གདོན་མའི་མི་རིགས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པ་བཅས་ཀྱི་ཁྱབ་ཁོངས་ཚུད་པའི་བརྗོད་གཞི་བཟུང་ནས་རྩོམ་ཡིག་སྤེལ། མོ་རང་ཆེད་གཉེར་ལེའུ་ཚན་དེར་རྩོམ་ཡིག་སྤེལ་ནས་ལོ་ངོ་ཧྲིལ་པོ་ ༢༠ ལྷག་སོང་།

 

༡༩༣༧ ལོར་ཨོ་གླིང་མི་དམངས་ཚང་མས་ཤེས་རྟོགས་ཡོད་པའི་གྲགས་ཅན་རྩོམ་པ་མོ་ཞིག་ཡིན་པའི་ཆ་ནས་ཨིན་ཇིའི་བཙན་རྒྱལ་གྱིས་མོ་རང་དཔོན་གནས་མཐོ་གྲལ་དུ་བསྐོ་བཞག་མཛད། དེ་ནས་མོ་ནི་ཆེས་མཐོའི་གཟེངས་གསོལ་འདི་ཐོབ་མྱོང་བའི་བུད་མེད་ཐོག་མ་དེ་ཆགས། ༡༩༦༢ ཟླ་ ༡༢ ཚེས་ ༣ ཉིན་མོ་རང་འདས་པའི་ཉིན་གསུམ་རྗེས་སུ་ཨོ་གླིང་རྒྱལ་ཁབ་ནས་མོ་ལ་རྒྱལ་ཁབ་རིམ་པའི་ངོ་བོའི་ཐོག་ནས་མྱ་ངན་མཛད་སྒོ་འཚོགས་ཡོད་པ་རེད།

 

 

ཨོ་སྒོར་ ༥ ལོ།

སྒོར་མོ་འདིའང་ཟིང་དམར་མདོག་ཅན་ཡིན། དེར་ཨིན་ཇིའི་རྒྱལ་མོ་ཨི་ལི་ཙ་པེ་ (Queen Elizabeth) སྐྱེ་ཕྲེང་གཉིས་པའི་པར་རེད། རིག་པའི་གཞུང་ལུགས་ཐོག་ནས་བཤད་ན་མོ་ནི་ཨོ་གླིང་གི་ཆེས་མཐོའི་དབང་འཛིན་པ་ཞིག་རེད། ཡིན་ཡང་རྒྱལ་ཁབ་འདིའི་ཆེས་མཐོའི་དབུ་འཁྲིད་འདི་ཨོ་སྒོར་ ༥ ལོ་ཐོག་ལ་མ་གཏོགས་མ་པར་བ་རེད། དོན་དངོས་ཐོག་ད་ལྟའི་ཆ་ལ་ཨིན་ཇིའི་རྒྱལ་མོའི་དབང་ཆའི་མངའ་ཁོངས་ནི་ཨིན་ཇིའི་རང་ཁོངས་ཡོངས་རྫོགས་ཕུད། ད་དུང་ཁཱ་ན་ཊ་དང་ཨོ་གླིང་། ནཱེའུ་ཙི་ལན་ཊི། ཡཱ་མེ་ཅ། པཱ་པ་ཊོ་ཟི་གླིང་ཚོམས་བཅས་ཀྱང་ཡོད་པ་རེད།

 

པཱ་ཧ་མ་གླིང་ཚོམས་དང་། གྷི་ལིང་ན་ཏ། པཱ་བུ་ཡ་ཅི་ནེ་ཡ། སཱོ་ལོ་མིན་གླིང་ཚོམས་སོགས་ས་གནས་ཁག་ ༡༥ ཡི་ཡོངས་རྫོགས་ཀྱི་མི་འབོར་བསྡོམས་ན་དུང་ཕྱུར་ ༡ དང་ཁྲི་སྟོང་ཕྲག ༢ ལྷག་ཙམ་ཡོད་པ་རེད། ཡིན་ཡང་དོན་དངོས་ཐོག་རྒྱལ་མོ་འདིས་རྩ་བའི་ཆ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་ལ། སོ་སོའི་དགའ་བདེའི་ལོངས་སྤྱོད་ཆེ་བའི་འཚོ་བར་རོལ་ནས་བསྡད་ཀྱི་ཡོད་པ་རེད།

 

 

མ་རྩོམ་འབྲེལ་ཐག

http://aus.tigtag.com/chat/176685.shtml

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།