དྲ་ཐོག་འདུག

None

གཡོ་ཇུས།

images/stories/45/000/stock-vector-secret-plans-133773623.jpgགཡོ་ཇུས།

(བརྩམས་སྒྲུང་།)

陰謀 

conspiracy

 དང་པོ།

སྟོན་མཇུག་གི་དུས་འདིར་མི་ཚོས་རི་གྲོང་སྡེ་སྤྱིའི་འགོ་བྱེད་ཚན་པའི་ནང་མི་གྲངས་བཅུ་བརྗེ་བསྒྱུར་རམ་གསར་འདེམས་བྱ་བརྩིས་ཀྱི་སྟ་གོན་རྩོམ་བཞིན་ཡོད། ཡར་ལོ་ཚང་གི་བུ་ཆེ་བའམ། ཕོ་ལོ་ང་བཞིར་སླེབས་པའི་ཚེ་རིང་མགོན་པོའམ་ཚེ་མགོན་ནི་དེ་སྔོན་རི་གྲོང་གི་འགོ་བྱེད་ཚན་པའི་འགན་གཙོ་ཡུན་རིང་བྱས་མྱོང་མཁན་ཞིག་རེད། ཚེ་མགོན་ཁོ་རང་ཆུང་དུས་ཕ་མའི་བཀའ་དྲིན་ལ་བརྟེན་ཡི་གེ་འབྲི་ཀློག་སྦྱངས་ནས་རང་མགོ་ཐོན་ཙམ་ཡོད། ཆེན་པོར་ཆགས་རྗེས་དབང་ཆ་བཟུང་བར་འདོད་མོས་ཡོད་མཁན་ཞིག་ཡིན་རུང་སྒེར་ལ་མདུན་ནས་དཔོན་ཆེན་གྱི་སྣེ་འདྲེན་དང་རྒྱབ་ཏུ་སྤུངས་ཤུགས་ཆེར་མེད་པའི་རྐྱེན་གྱིས་ནུས་ཤུགས་ཡོད་རྒུས་བློ་བསྐྱེད་ཇི་ཙམ་བྱས་ཀྱང་རི་གྲོང་འདིའི་འགོ་གཙོ་བརྒལ་བའི་གོང་རིམ་གཞན་གྱི་དབང་ཆ་འདི་ལས་ལྷག་པ་ཞིག་མ་རག་ནས་ལུས།

 

འོན་ཀྱང་ཁོས་ལོ་ཟླ་བརྒྱུད་དེ་ཧུར་བརྩོན་བྱས་པའི་བཀའ་དྲིན་ལ་བརྟེན་རི་གྲོང་འདིའི་མི་འབོར་སྟོང་ཚོ་གསུམ་ཙམ་གྱི་འགོ་བྱེད་ཀྱི་དབང་ཆ་འདི་ཡུན་རིང་པོར་བཟུང་བའི་གོ་སྐབས་ཐོབ། དེ་མིན་ཕྱི་རྒྱལ་དུ་ཚོང་ལས་ཉུང་ཙམ་ཡང་གཉེར་བཞིན་པ་འདི་ཚང་མས་ཤེས་སྟབས་ཁོ་བོར་ཚོང་དཔོན་ཟེར་ནས་འབོད་མཁན་ཡང་ཡོད། ད་ཐེངས་ཚེ་མགོན་གྱིས་རིང་གྲོང་གི་འགོ་གཙོའི་དབང་ཆ་འདི་ཁོའི་སྤུན་ཡ་ཞིག་ལ་ཐོབ་ཕྱིར་རྒྱང་ཐག་རིང་སའི་ཡོ་རོབ་གླིང་གི་ཚོང་ལས་ཀྱང་དུས་ཡུན་མཚམས་བཞག་སྟེ་ལམ་བར་གྱི་དཀའ་ངལ་དུ་མར་མ་འཛེམས་པར་ཕ་ཡུལ་རི་གྲོང་འདིར་ཕྱིར་ལོག

 

ཕྱི་ཉིན་ཉིན་གུང་ཙམ་ལམ་བར་ནས་ཚེ་མགོན་གྲོགས་པོ་ངོ་ཤེས་གཅིག་དང་འཕྲད། ཚོང་དཔོན་ཚེ་མགོན་ལགས། སྐུ་ཁམས་བཟང་། མགོ་སེར་གྱི་ཡུལ་དུ་ཚོང་ལམ་གང་འདྲ་བྱུང་། ད་ཐེངས་ཕྱིར་ཕ་ཡུལ་དུ་ཕེབས་པར་དགའ་བསུ་ཡོད་ལགས། ཕ་ཡུལ་ལ་འཁོར་བཞག་དགུང་སེང་ཕེབས་པ་ཡིན་ནམ། གྲོགས་པོའི་འཚམ་འདྲིར་ཚེ་མགོན་གྱིས། འོ་་་ཐུགས་རྗེ་ཆེ། ཚོང་དཔེ་འདྲ་ཡག་པོ་འདུག ད་ཐེངས་དམིགས་བསལ་ལས་དོན་གཞན་གང་ཡང་མེད། ཕ་མ་སྤུན་མཆེད་ལ་ཐུག་ཙམ་ཆེད་དུ་ཡོང་བ་ཡིན། ཞེས་ལན་སྤྲད་པར་གྲོགས་པོ་དེས། ཡ་ཡ་ཡ། དེ་ནས་རྗེས་མར་ཐུག་ཡོང་། བཀྲིས་བདེ་ལེགས་ཡོད། ཅེས་བཤད་རྗེས་ཕར་ཙམ་སོང་ནས་ཕྱིར་མགོ་བསྐོར་ཏེ་ཚེ་མགོན་གྱི་རྗེས་ལ་མིག་ལོག་ལྟ་བཞིན་མཆིལ་མ་ཞིག་སར་གཡུག་སྟེ། ཕའེ། གཡོ་རྒན་ཁྱོད་ཀྱིས་ཅི་བྱ་བསམ་པ་ངས་ཤེས་ཀྱི་མ་རེད་དྲན་ཡོད་འགྲོ ཧུན། རི་གྲོང་འདིའི་འགོ་དཔོན་གྱི་དབང་ཆར་རྔམ་ནས་ཡོད་པ་ཐག་གིས་ཆོད། གཡོ་རྒན་རང་རེད། སྐྱུག་རེ་དྲོ། ཞེས་ཆིག་ལབ་བྱེད་བཞིན་ལམ་ལ་ཆས།

 

གཅེན་པོ་ལགས། ང་ཚོའི་རི་གྲོང་གི་མི་མང་ཆེར་གྱིས་ཁྱེད་རང་ཕྱིར་ཡོང་དགོས་པའི་རྒྱུ་མཚན་ནི་དེ་སྔོན་ཁྱེད་ཀྱི་ལས་རོགས་སྣ་ཉག་རི་རྡོ་སླར་འགོ་དཔོན་ལ་འདེམས་ཐོན་ཡོང་ཕྱིར་ཁོ་ལ་ང་ཚོའི་སྤུན་ཉེ་ཚོས་མོས་མཐུན་གྱི་སྐད་ཆ་བཤད་པའི་ཆེད་དུ་ཕེབས་པ་རེད་ཟེར་གྱི་ཡོད་པ་འདྲ། ཧུ་ཧུ་ཧུ་་་། ཡིན་ཡང་ལྐུགས་པ་དེ་ཚོས་ག་ལ་ཤེས། གཅེན་པོ་ལགས། ད་ང་ཚོས་འཆར་གཞི་མགྱོགས་ཙམ་འདིང་ན་མ་གཏོགས། འགོ་དཔོན་བཅུའི་ནང་ང་ཚོའི་ཕྱོགས་ཀྱི་མི་གཅིག་མ་སླེབས་ན་ག་ནས་ཡོང་། ཧ་ཧ་ཧ་རི་གྲོང་འདིའི་བང་མཛོད་ནང་གཅེན་པོ་ཁྱེད་ཀྱིས་དེ་སྔོན་དཀའ་ལས་བསྐྱོན་མྱོང་བ་མང་པོ་ཡོད། དེའི་ནང་རྒྱུ་ནོར་གྱི་གྲངས་ཀ་བརྒྱ་ཆ་ཕྱེད་ལྷག་ང་ཚོའི་ཁྱིམ་རྒྱུད་ཀྱིས་ཟ་རྒྱུ་རག་ནས་ད་ལྟ་ང་དང་གཅེན་མོ་གཉིས་ཀྱིས་ཁྱིམ་གཞིས་སྲ་ཐག་ཐག་འཛིན་ཐུབ་ཡོད་པ་རེད། བསམ་བློ་ག་ཚོད་བཏང་ཡང་མི་མང་ཟེར་བ་འདི་ཚོ་ངོ་མ་བླུན་རྨོངས་ཁྱུ་ཚོགས་དང་ཆུ་སྣེ་གང་འཁྲིད་རང་རེད་འདུག ད་དུང་ཡིན་ཡང་ལྐུགས་པ་དེ་ཚོས་གཅེན་པོ་ཁྱེད་རང་རི་གྲོང་འདིའི་དྲིན་ཆེན་ལ་བརྩི་བཞིན་ཡོད་ཧ་ཧ་ཧ་ཞེས་ཚ་བོ་བློ་གྲོས་ཀྱིས་སྐད་ཆ་འདིར་ཚེ་མགོན་གྱིས། སྐད་ཆ་མང་པོ་དེ་འདྲ་བཤད་ནས་ག་རེ་ཕན་གྱི་རེད། ད་དུས་ཚོད་མང་པོ་མི་འདུག ཉིན་ཁ་ཤེས་རྗེས་སུ་འགོ་དཔོན་གདམ་རན་གྱི་རེད། ཁྱོད་སོང་ནས་གཅེན་པོ་དང་ཨ་ཞང་ཚང་གི་སྤུན་མཆེད་གནད་ཡོད་ཚང་མ་ང་ཚོའི་ནང་ལ་སྐད་གཏོང་ཤོག དེ་ནས་ང་ཚོས་་་་་་་

 

 

 

གཉིས་པ།

 

རི་གྲོང་གི་ཁྲོམ་དབུས་ཀྱི་ཡང་འཛོམས་ཇ་ཁང་སྦུགས་ན་ཚེ་མགོན་དང་ཁོའི་དེ་སྔོན་རི་གྲོང་འདིའི་འགོ་དཔོན་བྱེད་སྐབས་ཀྱི་ལས་རོགས་སྣ་ཉག་རི་རྡོ་གཉིས་མངར་ཇ་འཐུང་ནས་བསྡད། ངོ་མ་ཐུགས་རྗེ་ཆེ། ཚེ་མགོན་ལགས། ཁྱེད་རང་གིས་གུས་པར་ཐུགས་འཁུར་དེ་འདྲ་གནང་བར་ཧ་ཅང་དགའ་པོ་བྱུང་། ཐོག་མའི་དུས་ནས་ངེད་གཉིས་གཙོས་རི་གྲོང་འདིའི་འཛུགས་སྐྲུན་ཆེད་དཀའ་ལས་མང་པོ་བརྒྱབས་ཚར་བ་རེད། འོན་ཀྱང་དེང་སང་གི་གསར་སྐྱེས་ཚོས་ངེད་གཉིས་འགོ་བྱེད་བསྡད་ཡུན་རིང་སོང་ཟེར་ནས་ཟིང་རྒྱག་ཡོང་གི་འདུག མི་ཟེར་བ་འདི་དངོས་གནས་ཧམ་པ་ཚ་བ་ལ་ནི་དཔེ་རེད། དཀའ་ལས་རྒྱག་མཁན་ང་ཚོ་རེད། ཁ་དཔེ་ལྟར་ན་ཤིང་སྡོང་བཙུགས་མཁན་དང་ཤིང་ཆུ་འདྲེན་མཁན་ང་ཚོ་རེད་དེ། ད་སྡོང་པོར་ཤིང་འབྲས་རྨིན་དུས་བདག་པོ་ང་ཡིན་ཁོ་ཡིན་རེད། ད་ལུགས་སྲོལ་ངན་པ་འདི་འདྲ་ཆགས་བཞག ཁོང་ཁྲོ་ཟ་བ་ལ། སྣ་ཉག་རི་རྡོས་དེ་ལྟར་འཁང་ར་བྱས།

 

  གྲོགས་པོ་རི་རྡོ་ཁྱེད་རང་ཐུགས་གཡེང་གནང་མི་དགོས། ངེད་གཉིས་ཀྱིས་མཉམ་དུ་གྲོང་སྡེའི་མི་ཁ་གཅིག་གྱུར་བཟོ་ཐུབ་ན་དོན་དག་འགྲུབ་ངེས་རེད། ངེད་གཉིས་མཉམ་དུ་ཤུགས་རྒྱག་ན་གྲོགས་པོ་ཁྱེད་རང་སླར་འགོ་དཔོན་གྱི་དབང་ཆར་སླེབས་པའི་རེ་བ་ཆེ། ཐུགས་འཁུར་རྩ་བ་ནས་གནང་མི་དགོས། ངས་སྤུན་མཆེད་གཉེན་ཉེ་ཡོངས་རྫོགས་བསྡུས་ནས་ཁྱེད་ལ་རྒྱབ་སྐྱོར་བྱ་ཆོག ཚེ་མགོན་གྱིས་རི་རྡོ་ལ་སེམས་གསོ་དེ་འདྲ་བྱས་པར་རི་རྡོ་དགའ་ཐག་ཆོད་ནས། འོ་ན་འགོ་དཔོན་ལགས་སུ་བཀའ་དྲིན་བླ་ན་མེད་པ་ཆེ་ཞུ་རྒྱུ་ཡིན། ལས་དོན་ལེགས་གྲུབ་བྱུང་རྗེས་ངས་ཁྱེད་ལ་དྲིན་གསོལ་གྱ་ནོམ་པོ་ཞུ་ཐག་ཆོད་ཡིན། ཞེས་བརྗོད། དེ་འདྲ་གནང་དགོས་མ་རེད། འོན་ཀྱང་་་གྲོགས་པོ་རི་རྡོ་ལགས། ངས་བསམ་བློ་གཏོང་དུས་ད་ཐེངས་འགོ་བྱེད་ནང་མི་གྲངས་བཅུ་གསར་འདེམས་དགོས་པར་ངའི་གཅུང་པོ་བློ་གྲོས་ཀྱང་དེའི་ནང་གཅིག་སླེབས་ཐུབ་ན་བསམ་བྱུང་། སྤྱི་བཏང་གི་ཆ་ནས་བཤད་ན་བློ་གྲོས་ད་ལྟ་ཕོ་ལོ་ཉེར་བདུན་ཙམ་རེད། དབང་ཆར་རྔམ་དགོས་དོན་མེད་ལ་དེ་ཏོག་ཙམ་སྔ་དྲགས་པ་རེད་བསམ་གྱི་ཡོད། འོན་ཀྱང་གལ་ཏེ་གྲོགས་པོ་ཁྱེད་རང་འགོ་གཙོར་སླེབས་དུས་མ་འོངས་པར་ཁོས་ཁྱེད་ལའང་རོགས་པ་ཞིག་ཡོང་གི་རེད་སྙམ། དེའི་སྐོར་ངས་གྲོགས་པོ་ཁྱེད་ཀྱི་བསམ་ཚུལ་ལ་གཅིག་ཉན་དགོས་བསམ་པ་ཡིན། ཡང་ཚེ་མགོན་གྱིས་གྲོས་འགོ་མི་འདྲ་བ་འདི་བཏོན་དུས་རི་རྡོ་ཡིས་འཕྲལ་དུ། ཡ་ཡ་ཡ། དེ་འདྲ་ཡིན་ན་ལོས་འགྲིག བློ་གྲོས་ནི་གཞན་ལ་ལྟ་ཤེས་བསྟུན་མཁས་བྱེད་མཁས་པའི་གཞོན་ནུ་ཞིག་དང་། གཞན་ལ་ཕོག་གཏུག་གཏོང་མི་དགོས་པ་ཞིག་ཀྱང་མཐོང་སྣང་བྱུང་། དབང་ཆའི་སྡེངས་ཆར་སླེབས་སོང་ན་ང་ལའང་སྤུངས་ཡ་ཞིག་རག་པ་རེད། ད་ཡིན་ན་འགྲིག་སོང་། ངས་ཀྱང་སོ་སོའི་ཕྱོགས་གཏོགས་ཚོ་བསྡུས་ནས་བློ་གྲོས་ལ་རྒྱབ་སྐྱོར་འཚོལ་དགོས། དེ་བཞིན་གཅེན་པོ་ཚེ་མགོན་ཁྱེད་ཚོས་ཀྱང་གུས་པར་རྒྱབ་སྐྱོར་གང་མང་འཚོལ་རོགས།་་་་་ཅེས་བཤད།

 

དེ་ལོས་ཀྱང་ཡིན། དེ་འདྲ་རང་ཡིན། ཡ་་་་ད་ཇ་མངར་མོ་འདི་ཆང་ལ་བརྩིས་ནས་ཞབས་ཏག་ཅིག་རྒྱོབས། ངེད་གྲོགས་པོ་རྙིང་པ་གཉིས་ཀྱི་ལས་དོན་ལམ་ལྷོང་ཡོང་བར་སྨོན་འདུན་ཡོད། ཧ་ཧ་ཧ་ཧ་་ཞབས་ཏག་ཡིན་ཡཱ། ཚེ་མགོན་དང་རི་རྡོ་གཉིས་སྐད་ཆེན་པོ་དགོད་པའི་སྒྲ་ཡིས་ཇ་ཁང་དུ་ཇ་འཐུང་མཁན་མགྲོན་པོ་གཞན་དཀྲོགས་ཏེ་ཁོ་གཉིས་ཕྱོགས་སུ་མིག་ལོག་ཡང་ཡང་བལྟས་ཤིང་ཤབ་ཤུབ་ཀྱིས་སྐྱོན་བརྗོད་དང་མི་འདོད་པའི་རྣམ་འགྱུར་ཡང་བཏོན།

 

 

 

གསུམ་པ།

 

ཚེ་མགོན་དེ་སྔོན་རི་གྲོང་གི་འགོ་དཔོན་བྱེད་དུས་ཁོའི་དགྲ་ཁ་གཏད་ནི་མི་ཆུང་ཉི་མ་ཡིན། དེང་སང་མི་ཆུང་ཉི་མ་ཡང་དེང་སྐབས་རི་གྲོང་འགོ་དཔོན་གདམ་རྒྱུའི་དོན་ཕྱིར་ཟིང་འཁོར་ནས་ཡོད། ད་ལྟ་སྤུན་མཆེད་བཅུ་གྲངས་ཤིག་མི་ཆུང་ཉི་མའི་ཁྱིམ་ཚང་གི་ཉི་རའི་ནང་འཛོམས་ཏེ་དེའི་སྐོར་གྲོས་བསྡུར་བྱེད་མུས་ཡིན། མི་ཆུང་ཉི་མ་གཟུགས་པོ་ཆུང་བའི་སྟབས་ཀྱིས་མིང་དེ་ལྟར་ཐོགས། ཁོ་ནི་བགྲང་བྱ་དྲུག་བཅུ་བརྒལ་ཟིན་པའི་རྒས་པོ་ཞིག་རེད། གཡོ་ཅན་ཚེ་མགོན་ཁོ་ད་ཐེངས་ཕྱིར་ལོག་པ་དེ་ཁྱོན་ནས་ཡག་རྟགས་མ་རེད། ང་ཚོའི་མི་ཚང་མའི་ནུས་ཤུགས་ཕྱོགས་གཅིག་ཏུ་སྤུངས་ན་རྒྱལ་ཁ་ཐོབ་ངེས་རེད་ལ་དོན་དག་ཀྱང་འགྲུབ་ཀྱི་རེད། ང་ཚོའི་ཕྱོགས་གཏོགས་ཀྱི་བུ་སྤུན་རྣམས་དཔོན་མགོ་ཟིན་ཐུབ་མཁན་ཚང་མ་ཡུལ་གཞན་ནས་བསོད་ནམས་དང་དབང་ཐང་གི་རླུང་རྟ་དར་བའི་སྒང་ཡིན། འོན་ཀྱང་རི་གྲོང་འདིའི་འགོ་དཔོན་གྱི་དབང་ཆ་འདི་ལའང་སྣང་ཆུང་ཁྱོན་ནས་གཏོང་མི་ཉེན། གང་ཡིན་ཟེར་ན། ང་ཚོ་ས་ཆགས་རྡོ་ཆགས་བྱེད་ས་འདི་རེད་མ་གཏོགས་ཡུལ་གཞན་མ་རེད། ད་རས་ཡིན་གཅིག་མིན་གཉིས་ཁོ་ཚོར་འགྲན་ཡ་ཁ་གཏད་གཅོག་དགོས། ཚེ་མགོན་ཁོ་སྔོན་ནས་རྒྱུན་རིང་དབང་ཆ་བཟུང་ཡོད་ལ་ངའི་དགྲ་ཡ་ཁ་གཏད་ཀྱང་རེད། དེ་སྔོན་ངའི་གྲོས་འགོ་གང་བཏོན་པར་ཁོས་ངོ་རྒོལ་བྱེད་ངེས་ལ། དེའང་ནང་དོན་ལེགས་ཉེས་ལ་ཁྱད་པར་གཏན་ནས་མེད། ཚང་མས་ཤེས་གསལ་ལྟར་ཁོས་རི་གྲོང་མི་མང་གི་བདེ་སྡུག་ཁ་ལ་འཁྱེར་ནས་ལྐོགས་ནས་གཞུང་རྒྱུ་སྒེར་ཟོས་ག་ཚོད་ཅིག་བྱས་ཡོད། ཁོ་རང་སྤྱང་ཀིའི་བུ་ཡིན་བསམ་གྱི་ཡོད་འགྲོ ཡིན་ཡང་ངའང་རི་བོང་གི་བུ་ཡིན་བསམ་གྱི་ཡོད། ཁོའི་ཁོག་པའི་ནང་གི་རྩིས་སྙོག་དེའི་རི་མོ་ངའི་བློ་ཡུལ་དུ་ཝ་ལེར་ཡོད། ད་ལྟའི་ཆར་ང་ཚོར་གྲོང་སྡེའི་གཙོ་དཔོན་གྱི་དབང་ཆ་དེ་ཐོབ་དཀའ་ཡང་དེའི་ལས་རོགས་ཀྱི་དབང་ཆ་གཞན་ཞིག་ངེས་པར་དུ་རག་ཐབས་བྱ་དགོས། དཔེར་ན་གཉེར་པའི་བྱ་བ་དེ་ཟ་སྒོ་ཡོད་པའི་ལས་གནས་ཤིག་རེད། དེ་སྔོན་ཡང་ཚོགས་པར་བུད་མེད་གཉེར་པ་བྱེད་མཁན་དེ་འདྲ་བྱུང་ཡོད། ང་ཚོས་ཤུགས་རྒྱབ་ཐེངས་གཅིག་གིས་བུ་མོ་འཛུམ་ཆུང་གཉེར་པའི་གོ་གནས་སུ་སླེབས་ཐབས་བྱོས་ཤོག་ཨཱ། རྒད་པོ་ཉིས་མས་ཁོའི་གོང་གསལ་གྱི་གདམ་ངག་དེ་དག་སྤུན་མཆེད་དང་ཕྱོགས་གཏོགས་ཚོར་བསྒྲགས།

 

རྒན་ཉི་མ་ལགས། ཁྱེད་རང་ཐུགས་གཡེང་རྩ་བ་ནས་གནང་མི་དགོས། ངས་འོག་ནས་འབྲེལ་ཡོད་ཡོངས་རྫོགས་ལ་བརྡ་སྤྲོད་ཆོག འོན་ཀྱང་མི་མང་པོའི་ཁ་ངོ་ལོན་ཐབས་བྱ་བར་དངུལ་ཏོག་ཙམ་བེད་སྤྱོད་མ་གཏོང་ན་དཀའ་ལས་ཁག་པོ་རེད། དེ་ཡིན་དུས་་་ སྐད་ཆ་བཤད་མཁན་དེ་ནི་རྒས་པོ་ཉི་མའི་ཕྱོགས་གཏོགས་ཡིན་ཟེར་བའི་གྲོང་སྟོད་ཚེ་རིང་གི་སྐད་ཆ་རེད། དེར་སེམས་འཕྲལ་མ་བྱེད། ང་ཚོའི་བུ་མོ་འཛུམ་ཆུང་གི་མ་འོངས་པའི་མདུན་ལམ་ཆེད་དུ་མིག་སྔར་རྒྱུ་ནོར་ཏོག་ཙམ་གཏོང་དགོས་བྱུང་ཡང་སེར་སྣ་བྱེད་མི་ཉེན། གཙོ་བོ་ཁྱོད་ཀྱིས་མི་དམངས་ཀྱི་ཁ་གཅིག་བསྡུད་བཟོས་ཤོག མི་ཆུང་ཉི་མའི་གཡོ་གཏམ་དེར་ཚེ་རིང་གིས། ལགས་སོ། ལགས་སོ། དེ་ཡིན་ན་གུས་པ་ད་ལྟ་ནས་གྲ་བསྒྲིག་བྱེད་དུ་འགྲོ་ཆོག ཅེས་ལན་འདེབས་རྗེས་སྒོ་ཕྱི་ལ་བུད་སོང་།

 

 

 

བཞི་པ།

 

དེ་མིན་ཚེ་མགོན་དང་རྒས་པོ་ཉི་མ་གཉིས་ཀྱི་ཕྱོགས་གཏོགས་ཟེར་བ་དེ་འདྲ་གང་གི་ཁོངས་སུའང་མི་ཚུད་པའི་མི་མང་ཁག་ཅིག་ཡོད། དེའི་ནང་ནས་ཚང་མས་བརྩི་འཇོག་བཞག་ས་ཨ་ཕོ་རྒྱག་ལུག་དང་གཞན་གྲོགས་པོ་གཉིས་ད་ལྟ་རི་སྐེད་དུ་ཤིང་འཐུས་སོང་ནས་མཉམ་དུ་ངལ་གསོ་རྒྱག་སྐབས། རྒྱག་ལུག་གིས་ད་ཡིན་ན་ག་རེ་ཡིན་ཡང་ང་ཚོས་ཚེ་མགོན་དང་མི་ཆུང་ཉི་མ་ཕྱོགས་གཉིས་ཀྱི་མིའི་ནང་དུ་རི་གྲོང་འདི་ལ་དངོས་གནས་ཕན་སེམས་བཅང་མཁན་ཡོད་མེད་རྟོག་དཔྱོད་ཅིག་བྱ་དགོས་ཀྱི་འདུག དེའི་ནང་དམིགས་བསལ་ཕྱོགས་གཏོགས་དང་དཔུང་བསྒྲིག་ཅིའང་མེད་པའི་ནང་དྲང་བདེན་དང་ཤེས་ཡོད་ལྡན་པ་དེ་འདྲ་འགོ་དཔོན་གྱི་དབང་ཆར་འཁོད་ཐབས་བྱ་དགོས། དེ་མ་བྱས་ན་གྱོང་རྒུད་འཁྱེར་མཁན་ག་དུས་ཡིན་ཡང་ང་ཚོ་ཉམས་ཆུང་མི་མང་ཚོ་རེད་འདུག ཁོ་ཚོས་དཔོན་མགོ་ཟིན་དུས་མི་མང་གིས་བསགས་བཞག་པའི་གཞུང་རྒྱུ་དེ་སྒེར་ཟོས་ཡག་ཐག་ཆོད་ཅིག་བྱས། ཁ་ནས་འུར་སྒྲོག་ངར་ཐག་ཆོད་ཅིག་ཚར་སོང་ན་དེ་ནས་རྐུབ་རྡེབ་རྡེབ་བཏང་ནས་འགྲོ་ཡི་རེད། ཅེས་བཤད།

 

དེ་ངོ་མ་བདེན་པ་རེད། ཚེ་མགོན་དང་ཉི་མ་གཉིས་ཀྱིས་གཡོ་སྒྱུའི་འོག་མི་མང་ཚང་མ་ཆུ་སྣ་གང་འཁྲིད་ཀྱི་གནས་སྟངས་དང་ལུགས་སྲོལ་ངན་པ་འདི་ཆགས་ཟིན་པ་རེད། མི་མང་རང་ངོས་ནས་བསམ་བློ་སྒེར་ཚུགས་རེ་གཏོང་མཁན་ཉུང་ཉུང་རེད། དོན་ངོ་མ་ནི་ཁོ་གཉིས་ཀྱིས་སོ་སོའི་རྒྱུ་ནོར་གྱི་བསླུ་བྲིད་མང་ཉུང་ལ་བརྟེན་ནས་ང་ཚོའི་རི་གྲོང་གི་དབང་ཆ་སྒེར་གཅོད་བྱེད་ཀྱི་འདུག འོན་ཀྱང་སྔར་ལྟར་མ་ཡིན་པར་ད་ཐེངས་ང་ཚོས་མི་མང་ལ་གོ་རྟོགས་སེལ་ཐབས་ཀྱི་བྱ་བ་འདྲ་བསྒྲུབ་དགོས་ཀྱི་འདུག གྲོགས་པོ་ཞིག་གིས་དེ་ལྟར་རྒྱག་ལུག་གི་སྐད་ཆར་མོས་མཐུན་བྱས། ད་གཡུགས་ཤོག ང་ཚོ་རི་གྲོང་མི་མང་ཚོའི་བསམ་བློར་གོ་རྟོགས་ཡོད་མཁན་ཉིན་མོའི་སྐར་མ་ལྟར་ཡིན་པ་ཁྱོད་གཉིས་ཀྱིས་ཤེས་གསལ་རེད། ད་ལྟའི་ཆར་གསར་སྐྱེས་ཚོས་དབང་ཆ་བརྗེ་བསྒྱུར་དགོས་པའི་བསམ་འཆར་ལ་གྲུབ་འབྲས་ཏོག་ཙམ་ཐོན་ཡོད་ཟེར་ཆོག་ཀྱང་ད་ཐེངས་ཀྱི་འགོ་དཔོན་གདམ་ཐོན་འདིའང་སྔར་བཞིན་ཚེ་མགོན་དང་མི་ཆུང་ཉི་མའི་དབར་གྱི་དབང་ཆའི་འགྲན་རྩོད་ཀྱི་བྱ་བ་ཁོ་ནར་ཞིག་ཏུ་འགྱུར་རྒྱུ་གཏན་འཁེལ་བ་ལས་སུས་རི་གྲོང་མི་མང་ལ་ཕན་ཐོག་མིན་མི་ལྟ་བ་ནི་ངན་པ་རྒྱུན་འབྱམས་ལྟ་བུའི་ལམ་སྲོལ་ཞིག་རེད། ད་དོན་མེད་ཀྱི་རྩོལ་བ་དེ་འདྲ་བྱས་ཀྱང་ཕན་མེད་རེད། ཡང་གྲོགས་པོ་གཞན་དེས་ཀྱང་སུན་སྣང་དང་བཅས་དེ་ལྟར་བཤད།

 

ཨ་ཕོ་རྒྱག་ལུག་གིས་གྲོགས་པོ་གཉིས་ཀྱི་སྐད་ཆ་དེ་དག་ཐོས་རྗེས་བསམ་བློ་ཅུང་གཏོང་ནས་སླར་ཡང་། གྲོགས་པོ། དེ་འདྲ་ཡིན་ན་ང་ཚོས་ཀྱང་འགོ་དཔོན་གྱི་འོས་མིའི་སྐོར་བསམ་བློ་གཏོང་ནས་མི་མང་བསྡུ་བསྐོང་བྱ་ན་མི་འགྲིག་རྒྱུ་ག་རེ་ཡོད་དམ། ཁོ་ཚོས་བྱེད་ཆོག་ས་ང་ཚོས་བྱེད་མི་ཆོག་པ་ག་རེ་ཡོད་དམ། ཞེས་བཤད་པར་གཞན་ཞིག་གིས་ཀྱང་། ད་གཡུགས་ཤོག ཨ་ཕོ་རྒྱག་ལུག ང་ནི་གཞན་ལ་མ་ཉེས་ཁ་གཡོག་གིས་ཁྱབ་བསྒྲགས་བྱེད་གང་ཐུབ་དང་། དོན་ངོ་མ་སོ་སོའི་ཕྱོགས་ནས་སྤུངས་བསྒྲིགས་ཀྱིས་ཕྱོགས་རིས་འཐེན་འཁྱེར་གྱི་བྱ་བ་ངོ་མ་སྒྲུབ་མཁན་དང་དོན་དམ་གྱི་གཡོ་ཅན་དེ་ཚོ་ལ་ཞེན་པ་གཏིང་ནས་ལོག་སོང་། ཁོ་ཚོ་ནང་བཞིན་ཅུང་ཁ་ཡོད་ལག་ཡོད་ཀྱི་འཇོན་ཐང་ཅན་རེ་བྱུང་ན་ཁོ་ཚོས་རྒྱུ་མཚན་སྣ་ཚོགས་བཟོས་ཏེ་འབུར་འཇོམས་བྱ་ངེས། དེ་འདྲ་བྱེད་ན་ང་ཚོའི་མ་འོངས་པའི་གཞོན་སྐྱེས་ཚོའང་སྦྱོང་དགོས་རྒྱུ་ཤེས་རབ་དང་བློ་གྲོས་མི་སྦྱོང་པར་གཡོ་སྒྱུ་ལ་བྱང་ཞིང་མགོ་བདེ་དྲན་འཁྲུལ་ཅན་དང་ཕྱོགས་རིས་འཐེན་འཁྱེར་ལ་བྱང་བའི་སྐྱུག་བྲོ་པོ་དེ་འདྲ་ཆགས་འགྲོ་བར་ཉེན་ཁ་ཆེན་པོ་འདུག

 

 གྲོགས་པོ་ཀ་ཡིས། ང་ཚོས་མི་མང་རྣམས་ལ་གང་ཐུབ་ཐུབ་ཀྱིས་མི་དྲང་བདེན་དང་ལྷག་བསམ་ཡོད་མཁན། ཤེས་འཇོན་ལྡན་པ་རེ་རི་གྲོང་གི་དབང་ཆའི་ཐོག་སླེབས་ཐབས་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་ལུགས་ཚུལ་ལྡན་གྱིས་བཤད་པ་དང་མི་མང་ལ་རེ་བསྐུལ་བྱ་རྒྱུ་ལས་གཞན་ཐབས་ཤེས་མེད། ཅེས་དང་། གྲོགས་པོ་ཁ་པ་ཡར་ལང་ནས། མི་མང་ཆེར་གྱིས་ཁ་ཙམ་ལས་དོན་དངོས་སུ་སུས་ཁོ་ཚོར་རྒྱུ་ནོར་དང་དངུལ་དངོས་ཀྱིས་ཁེ་བཟང་སྤྲོད་མཁན་གྱི་ཕྱོགས་གཏོགས་རེད་འདུག་མིན་ལ་ལྟ་བ་མ་གཏོགས། སུས་རི་གྲོང་འདིའི་མི་དམངས་ལ་ཕན་བདེ་ཞིག་བསྐྲུན་མིན་ལྟ་མཁན་ཡོད་དམ། ཕྱོགས་གཏོགས་སུ་འདྲ་ཡིན་ཡང་འགྲིག་གི་འདུག་ཀྱང་མི་དྲང་བདེན་དང་ལྷག་བསམ་དེ་འདྲ་དཀའ་ལས་ཁག་པོ་རེད། ལྷའི་ཁོག་པའི་ནང་གང་ཡོད་མེད་ང་ཚོའི་མི་ཤེས་ས་ག་བ་ཡོད། ཅེས་བཤད་པར་གྲོགས་པོ་ག་པས་ཀྱང་ཡིད་མུག་བཞིན། དེ་འདྲ་གང་ཡིན་ཡང་ད་ཉུང་མཐའ་ཡང་དྲང་བདེན་བཟུང་ནས་ང་ཚོའི་མི་མང་དཀྱུས་མ་ཚོར་གནོད་མི་བསྐྱེལ་མཁན་ཞིག་གདམ་ཐབས་ལ་འགན་སྲུང་དགོས་ཀྱི་འདུག དེ་ཙམ་གྱིས་མི་ཕན་ན་ད་ཡིན་ན་ང་ནི་འགོ་དཔོན་གདམ་པའི་ཚོགས་འདུ་ལ་འགྲོ་སྙིང་ཙམ་ཡང་འདོད་ཀྱི་མི་འདུག ཅེས་ཚང་མའི་མདུན་དུ་སྐད་ཆ་དེ་དག་བཤད། གྲོགས་པོ་ང་པས་ཀྱང་སེམས་ཚོར་སླེབས་ནས། ཀྱེ་ཧུད། མི་ངན་དེ་ཚོ་ཡིན་ན་ད་གང་དྲག ད་གཡུགས་ཤོག གྲོགས་པོ། ཉམས་ཆུང་མི་དམངས་ཚོས་གཡོ་ཅན་འདི་ཚོས་དབང་ཆ་འགྲན་རྩོད་ཀྱི་ཟློས་གར་གང་འདྲ་འཁྲབ་ཀྱི་འདུག་བལྟས་ནས་བསྡད་རྒྱུ་ལས་ཅི་ཞིག་ཡོད། དགྲ་བོ་ཡིན་ན་ནི་ང་ཚོས་ཀྱང་སྦར་འཛིང་ཙམ་ཡང་ཨེ་འཇོན་ལྟ་སྲིད་ཀྱང་ནང་ཁུལ་དུ་འདི་འདྲ་གཡོ་ཇུས་འཁྲབ་པར་ངོ་མ་སྐྱུག་བྲོ་བ་ལ་ཨང་། དངོས་གནས་ཁོང་ཁྲོ་སེམས་གཏིང་ནས་ལང་ཡོང་གི་འདུག་་་་་

 

 

 

ལྔ་པ།

 

གཟའ་ཉི་མའི་དུས་དང་བསྟུན་རི་གྲོང་འདིའི་མི་མང་ལྔ་བརྒྱ་ཙམ་ཡུལ་འདིའི་སྡེ་དགོན་གྱི་ཚོགས་ཁང་གཡར་ནས་དེར་མ་འོངས་པའི་འགོ་གཙོ་གཙོས་སྡེ་དཔོན་བཅུ་བསྐོ་བཞག་གི་ཚོགས་འདུ་དངོས་སུ་བསྡུ་བསྐོང་བྱས།   ཚེ་མགོན་དང་མི་ཆུང་ཉི་མའི་ཕྱོགས་གཏོགས་ཀྱི་མི་མང་རྣམས་ཚོགས་ཁང་གི་གཡས་གཡོན་བྱས་ཏེ་མཉམ་རུབ་ཀྱིས་ས་གདན་ཐོག་བསྡད་པ་དང་། ཕྱོགས་གཏོགས་དང་སྤུངས་བསྒྲིགས་མེད་པའི་མི་མང་ཁག་ཅིག་ཚོགས་ཁང་དབུས་སུ་ཨ་ཕོ་རྒྱག་ལུག་གི་མཐའ་བསྐོར་ནས་བསྡད། ཕར་ལྟས་ཚོད་ལ་ཚོགས་རྭར་ཕལ་ཆེར་མི་གྲངས་ལྔ་བརྒྱ་ལྷག་ཙམ་འཛོམས་ཡོད་ཚོད་འདུག

 

ཚོགས་འདུའི་གཙོ་སྐྱོང་བ་དྲུང་ཡིག་ཚེ་རིང་གིས། ད་ཚང་མས་ཡག་པོ་ཉན་རོགས་བྱོས། སྐད་ཅོག་མ་རྒྱག་རོགས། ཤེས་གསལ་ལྟར་ད་ཐེངས་ང་ཚོའི་རི་གྲོང་གི་མི་དམངས་རྣམས་འདིར་འཛོམས་དགོས་དོན་ནི་འགོ་དཔོན་གཙོས་སྡེ་དཔོན་བཅུ་གསར་འདེམས་ཀྱི་ཆེད་དུ་རེད། ང་ཚོའི་རེ་བ་ལ་མི་དམངས་ཚང་མས་གཡས་ཕྱོགས་གཡོན་ལྷུང་མེད་པར་རང་ཚུགས་ལྡན་པའི་སྒོ་ནས་ཁེར་ཚུགས་ཀྱི་བསམ་བློ་གཏོང་ནས་མ་འོངས་རི་གྲོང་གི་སྡེ་དགོན་གཉིས་ཀྱི་མིི་དམངས་སྤྱིའི་ཆེད་དུ་སྐད་ཆ་བཤད་རོགས་ཞུ་བཞིན་ཡོད། རི་གྲོང་གི་དཔོན་པོ་དེ་ལྷག་བསམ་དང་དྲང་བདེན། ཤེས་འཇོན་ལྡན་པ་ཡོང་ཐབས་གནང་རོགས། ཕྱོགས་གཏོགས་དཔུང་བསྒྲིག་གིས་ཕྱོགས་རིས་འཐེན་འཁྱེར་གྱིས་འོས་གྲངས་མང་ཉུང་ཙམ་ལ་རེ་བ་རྒྱག་པ་ནི་ལུགས་བཟང་གི་གནང་སྟངས་ཤིག་རྩ་བ་ནས་མ་རེད་ཟེར་ཏེ་ང་རང་གཙོ་སྐྱོང་བའི་ངོས་ནས་ནན་ཏན་གྱིས་ཞུ་བཞིན་ཡོད་་་། གཤམ་ལ་མི་མང་རྣམས་ཀྱིས་སོ་སོའི་བསམ་འཆར་བཤད་པའི་གོ་རིམ་ཡིན། གཏམ་བཤད་གནང་མཁན་རྣམས་ཀྱིས་ཐོག་མར་ཕྱག་བརྐྱོང་ནས་གོ་སྒྲིག་པས་མིང་ཐོ་བང་རིམ་ལྟར་སྐད་གཏོང་རྗེས་བཀའ་མོལ་སྐར་མ་ལྔ་རེར་གང་བསྡུས་བསྡུས་རེ་གསུངས་རོགས།

 

ཐོག་མར་ཚེ་མགོན་མི་ཚོགས་དབུས་ནས་ཡར་ལང་སྟེ། ང་རང་རི་གྲོང་འདིའི་འགོ་གཙོ་རྒྱུན་རིང་བྱས་མྱོང་མཁན་ཞིག་ཡིན་པ་མི་མང་ཚང་མས་མཁྱེན་གསལ་རེད། ངས་རི་གྲོང་འདིའི་མི་མང་ཁྱེད་རྣམས་ཀྱི་ཆེད་དུ་དཀའ་ལས་རབ་དང་རིམ་པ་རྒྱག་པ་དེ་ཚོ་འདིར་གཅིག་གཅིག་གཉིས་གཉིས་ཀྱིས་གླེང་བའི་དགོས་པ་མ་མཐོང་ཡང་ཚང་མའི་ངའི་བཤད་པའི་སྐད་ཆར་ཉན་འཇོག་རེ་གནང་བའི་རེ་བ་ཡོད། ངས་དུས་ནམ་ཡང་ང་ཚོའི་མི་རྣམས་ལ་གནོད་པའི་བྱ་བ་ཞིག་བརྩམས་མི་སྲིད་པ་དེའང་མི་མང་གི་ངོས་ནས་ཡིད་ཆེས་དང་བློ་འགེལ་ལ་རག་ལུས་ཡོད་པས་ཚང་མས་བསམ་བློ་ཞིབ་ཕྲར་གཏོང་ནས་འོས་བླུགས་རོགས། ངའི་སྔོན་འགྲོའི་སྐད་ཆ་དེ་ཙམ་ཡིན། གཞན་གྱིས་བཤད་ཚར་བའམ་ང་རང་ལ་གོ་སྐབས་འབྱུང་ན་ཁྱེད་རྣམས་ལ་སླར་ཡང་བསམ་ཚུལ་ཕུལ་ཆོག་པ་ཞུ། མི་མང་གིས་ཐལ་སྒྲ་བརྡབ་ནས་ཚེ་མགོན་གྱི་སྐད་ཆ་དེར་དགའ་བསུ་ཞུས།

 

ཚེ་མགོན་གྱི་སྐད་ཆ་རྫོགས་མ་ཐག་མི་ཆུང་ཉི་མ་ཧར་གྱིས་ཡར་ལངས་ནས། དེ་སྔོན་གྱི་འགོ་དཔོན་ཚོ་སུས་མི་མང་ལ་ཕན་པའི་ལས་ཀ་ག་རེ་བྱས་ཡོད་མེད་དང་། ང་ཚོར་གནོད་པའི་བྱ་བ་སུས་བྱེད་མིན་ང་ཚོའི་སྡེ་གྲོང་གི་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མའི་སེམས་ནང་ཝ་ལེར་ཡོད། ཁ་མཁས་པོ་དང་ལྕེ་སྲ་ཐུག་གིས་མི་མང་བསླུ་བྲིད་གཏོང་བའི་དགོས་པ་མི་འདུག ངས་བསམ་ཚུལ་ལ་གང་ལྟར་ཡང་ད་ཐེངས་མི་གསར་པ་རྐྱང་རྐྱང་ཡོང་དགོས་པ་ལས་རྙིང་པ་ཚོ་ཡང་བསྐོར་སྐྱར་བསྐོར་གྱིས་དབང་ཆར་འདོད་རྔམ་བྱས་ཏེ་བསྡད་པ་ཡིན་ན་འགྲིག་གི་མི་འདུག མ་རེད་པས། གྲོགས་པོ་ཚང་མས་གཅིག་ཤོད་དང་། མི་ཆུང་ཉི་མའི་སྐད་ཆ་དེར་ཡང་མི་མང་གི་དགའ་བསུ་མང་ཙམ་ཐོབ།

 

གང་ལྟར་ཡང་རི་གྲོང་འདིའི་མི་རེ་ངོ་རེ་ནས་སྒེར་ཚུགས་ཀྱི་བསམ་བློ་རེ་བསྐོར་མ་ཤེས་པར་མ་འོངས་འགོ་དཔོན་གང་བྱུང་མང་བྱུང་གདམ་པ་དང་། འབྲེལ་ཡོད་ཚོས་སྒེར་ལ་ཕར་ཕྱོགས་ནས་དངུལ་དངོས་དང་རྒྱུ་ནོར་གྱི་ཁེ་བཟང་ག་ཚོད་སྤྲོད་མིན་ཁོ་ནར་བལྟས་བསྡད་ན་རྩ་བ་ནས་འགྲིག་གི་མི་འདུག ཚང་མས་བསམ་བློ་རེ་ཐོངས་དང་། སྒེར་གྱི་ཁེ་བཟང་ལ་བལྟས་ནས་འདེམས་ཐོན་བྱུང་བའི་མི་དེ་ཚོས་སྔར་གྱི་ལས་དོན་རྒྱུན་མཐུད་ཙམ་དང་། དབང་ཆ་ཐོག་སླེབས་རྗེས་དུས་ཚོད་ལ་དཔག་སྟེ་གང་ཐུབ་ཀྱིས་སྒེར་གྱི་དོན་དག་བསྒྲུབ་ཐབས་ལས་ང་ཚོའི་རི་གྲོང་ལ་ཕན་པའི་བྱ་བ་བསྒྲུབ་ཀྱི་མ་རེད། ད་ཡག་པོ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤུའུ་་་དོན་མེད་ཀྱི་སྐད་ཆ་དེ་འདྲ་བཤད་ནས་ག་རེ་ཕན་གྱི་རེད། མི་མང་ལ་མཐོང་ཆུང་དེ་འདྲ་མ་གཏོང་རོགས། མི་མང་གིས་ཐག་བཅད་པ་དེར་དུས་ནམ་ཡང་ནོར་འཛོལ་ཡོང་མི་སྲིད། ཨ་ཕོ་རྒྱག་ལུག་དང་ཚེ་མགོན་གྱི་སྤུན་ཡ་བློ་གྲོས་གཉིས་ཀྱིས་སྔ་ཕྱིའི་གོ་རིམ་བཞིན་གོང་གསལ་གྱི་བསམ་འཆར་དེ་དག་བཤད་པར་མི་མང་རྣམས་ཁོ་གཉིས་ལ་རྣམ་འགྱུར་གང་ཡང་མ་བཏོན་ནས་གོ་མེད་ཚོར་མེད་ལྟར་རང་སོར་གནས།

 

སྔ་སྲོལ་བཞིན་ཚོགས་ཐོག་ནས་མང་པོས་སྒེར་གྱིས་གང་ཤེས་ཅི་འཇོན་གྱིས་གཏམ་བཤད་རེ་བྱས་རྗེས་འོས་ཤོག་འཕེན་འགོ་བརྩམས། ཚོགས་ཁང་སྒོ་ཆེན་ཟུར་ནས་མི་གཉིས་ཀྱི་ཤབ་ཤུབ་ཀྱིས་ཁ་བརྡ་བྱེད་བཞིན་ཡོད། དེའི་ནང་གི་ཀ་པས་ཁ་པར། ཇོ་ལགས་ཚེ་མགོན་གྱིས་ཟེར་བ་ནང་བཞིན་བྱོས་ཨ། དེ་མ་གཏོགས་ང་ཚོར་དངུལ་རག་གི་མ་རེད། ཧ་གོ་སོང་ངེ་། ཁ་པས། གོ་སོང་་་གོ་སོང་། ཚེ་མགོན་གྱི་སྤུན་ཡ་དེ་གཅིག་པུར་བླུགས་རྒྱུ་དེ་རེད་པ། ཀ་པས། ཨོ་ཙི་ལ། སྐད་ཆུང་ཙམ་རྒྱོབས་དང་། གཞན་གྱིས་གོ་ན་དཔེ་བསགས་ཀྱི་རེད། ཁ་པས། དེ་ག་རེ་ཡོད་རེད། ཚེ་མགོན་གྱིས་མི་ཆུང་ཉི་མ་ལས་དངུལ་མང་ཙམ་སྤྲོད་ཀྱི་ཡིན་ཟེར་ནས་ཁེས་ལན་བྱས་འདུག་མ་གཏོགས། ང་ནི་དོན་མེད་ཀྱི་ཚོགས་འདུ་འདི་འདྲར་ཡོང་སའང་མ་རེད། ཀ་པས། ད་ཁ་ཚུམས་སྡོད། ངས་བྱོས་ཟེར་བ་དེ་འདྲ་བྱས་ན་འགྲིག རྗེས་སུ་ངས་ང་ཚོའི་ཕྱོགས་ཀྱི་མི་གྲངས་མང་ཉུང་ལ་བལྟས་ནས་ཇོ་ལགས་ཚེ་མགོན་སར་དངུལ་ལེན་དུ་སོང་ན་་་ཁོ་ཚོས་དབང་ཆ་རྩོད་ང་ཚོས་ཁེ་སང་རག དེ་ག་མ་རེད་པས་་་ཧུ་ཧུ་ཧུ

 

མི་གྲངས་ལྔ་བརྒྱ་མ་ཟིན་ཙམ་གྱིས་འོས་བླུགས་རྗེས་དེ་སྔོན་གྱི་འགོ་བྱེད་བཅུ་མཉམ་རུབ་ཀྱིས་འོས་གྲངས་བརྩིས། དེ་ནས་ཅུང་མ་འགོར་བར་མི་མང་ཚང་མ་ཚོགས་ཁང་དུ་འབོད་འགུག་གིས་མཐའ་མའི་འོས་གྲངས་རྣམས་གཙོ་སྐྱོང་བ་ཚེ་རིང་གིས་གསལ་བསྒྲགས་སྤེལ། ང་ཚོས་སྔ་སྲོལ་ལྟར་རི་གྲོང་གི་འགོ་བྱེད་བཅུ་པོའི་འོས་གྲངས་མང་ཉུང་ལ་བརྟེན་ནས་འགོ་དཔོན་གཙོ་གཞོན་གཉིས་དང་དྲུང་ཆེ་གཅིག དེ་བཞིན་ལས་གནས་གཞན་རྣམས་ཚོགས་ཐོག་ནས་གཏན་འབེབས་གནང་རྒྱུ་རེད། ད་ཐེངས་འོས་འཕེན་མཁན་ཚོགས་ཞུགས་པ་མི་གྲངས་ལྔ་བརྒྱ་བཅོ་ལྔ་འདུག ང་ཚོ་ཚང་མའི་རེ་འདུན་བཞིན་རི་གྲོང་འདིའི་མི་དམངས་ཡོངས་ཀྱི་ཁེ་ཕན་ཆེད་དུ། མ་འོངས་པའི་འགོ་དཔོན་བཅུ་དེ་ལྷག་བསམ་དང་དྲང་བདེན། ཤེས་འཇོན་ལྡན་པ་དེ་འདྲ་ཡོང་བའི་རེ་བ་ཡོད། དང་པོ། དགྲ་འདུལ་ཚང་གི་བུ་ཚེ་རིང་ལ། འོས་གྲངས། ༡༩༦། གཉིས་པ། ཇོ་ལགས་ཚེ་མགོན་གྱི་ཚ་བོ་བློ་གྲོས་ལ། འོས་གྲངས་༡༢༢། གསུམ་པ། ཇོ་ལགས་ཉི་མ་ཚང་གི་ཚ་མོ་འཛུམ་ཆུང་ལ། འོས་གྲངས་༡༡༨། དེ་ནས་མི་གྲངས་མང་ཤོས་ཀྱི་སྡེ་དགོན་གྲོང་གི་ཟླ་བ་ལ་འོས་གྲངས་༩༨ དང་། མིག་དམར་ལ་འོས་གྲངས་༩༧། ཕུར་བུ་ལ་འོས་གྲངས་༩༠། པ་སངས་ལ་འོས་གྲོངས་༨༧། སྤེན་པ་ལ་འོས་གྲངས་ ༥༤ བཅས་རེད་འདུག དེ་མིན་འོས་གྲངས་ཀྱི་བརྒྱ་ཆ་ལྔ་ཅུ་ལོན་མཁན་གོང་གསལ་དེ་དག་རེད། དེ་མིན་ཨ་ཕོ་རི་རྡོ་གཙོས་གཤམ་འོག་གི་མི་དེ་དག་འོས་གྲངས་ཀྱི་བརྒྱ་ཆ་ལྔ་བཅུ་མ་ལོན་སྟབས་འོས་ཁོངས་ནས་རང་བཞིན་གྱིས་བུད་པ་རེད། དེ་ནས་ང་ཚོའི་རི་གྲོང་གི་འགོ་གཙོ་ནི་བུ་ཚེ་རིང་དང་འགོ་གཙོའི་ཕྱག་རོགས་སམ་གཞོན་པ་དེ་བློ་གྲོས། དྲུང་ཆེ་བུ་མོ་འཛུམ་ཆུང་བཅས་འོག་ལ་ཟླ་བ་དང་མིག་དམར། ཕུར་བུ་དང་པ་སངས། སྤེན་པ་བཅས་གོང་གསལ་གྱི་མི་གྲངས་བརྒྱད་ཀྱིས་ང་ཚོའི་རི་གྲོང་གི་འགོ་བྱེད་ཚན་པ་གྲུབ་པ་ཡིན། ཚང་མས་དགའ་བསུ་ཚ་ཐག་ཆོད་རེ་ཞུ་རོགས།

 

གཤམ་ལ་དགའ་བསུ་ཞུ་མཁན་གྱི་ཐལ་སྒྲ་གསལ་ལ་མི་གསལ་བ་འགའ་གྲགས་བྱུང་། དེ་ནས་ཚང་མས་འགོ་བྱེད་གསར་པ་ཚོར་ཁ་དར་གཡོག་འགོ་བརྩམས་སྐབས། ཨ་ཕོ་རྒྱག་ལུག་གིས་མདུན་དུ་ཡོད་པའི་སྣ་ཉག་རི་རྡོ་ད་དུང་ཡང་ཁ་གདངས་ཏེ་ཧོན་འཐོར་ནས་ཧད་ཀྱིས་རང་སར་ལང་ཡོད་པར་མཐོང་དུས། ཇོ་ལགས་རི་རྡོ། ད་ཚར་སོང་། ཕེབས་ནས་འགོ་དཔོན་ཚོར་ཁ་དར་གཡོག་ཏུ་འགྲོ ཅེས་སྨྲས་པར་སྣ་ཉག་རི་རྡོ་ཅུང་ཁ་སྐྱེངས་པོའི་ཚུལ་གྱིས། རེད་རེད། ཁ་དར་གཡོག་རན་འདུག་ག ཅེས་བཤད་ནས་ཡར་ལང་རྗེས་སེམས་ནང་སླར་ཡང་གཙོ་སྐྱོང་བ་ཚེ་རིང་གི་མཇུག་བསྡོམས་ཀྱི་ཚིག་རེ་རེ་བཞིན་ལ་བསམ་རྣོ་རེ་བསྐོར་བཞིན་སྣ་བའི་ཟུར་དུ་འུར་སྒྲ་དང་བཅས་གྲགས་འོང་།

 

གྲོང་སྡེའི་འགོ་དཔོན་ཚན་པ་གདམས་ཚར་བའི་ཕྱི་ཉིན་ཞོགས་པར་དེ་སྔོན་རི་གྲོང་གི་འགོ་བྱེད་ཚན་པའི་དབུ་གཙོ་ཡུན་རིང་བྱས་མྱོང་མཁན་ཚེ་མགོན་ད་ཆ་མདོང་ལ་འཛུམ་གྱིས་ཁེངས་ནས་སྤུན་མཆེད་ཁ་ཤས་ཀྱིས་བསྐྱེལ་མ་འོག་རླངས་འཁོར་བབས་ཚུགས་སུ་སླེབས། དེ་ནས་ཁོས་བསྐྱེལ་མཁན་ཚ་བོ་བློ་གྲོས་ལ། ང་ཚོའི་རེ་བ་ནང་བཞིན་བློ་གྲོས་ཁྱོད་རང་འགོ་གཙོར་སླེབས་ཐུབ་པ་བྱུང་བ་རེད། ད་འགྲིག་སོང་། གང་ལྟར་ཚན་པ་དེའི་ནང་ལ་སླེབས་ཡོད་པ་རེད། མ་འོངས་པར་ངའི་ཟེར་བ་ནང་བཞིན་བགྱིས། སྤྲང་པོ་དགྲ་འདུལ་ཚང་གི་བུ་ཚེ་རིང་ནི་ཀླད་མེད་དེ་འདྲ་རེད། ཁ་བདེ་མོ་ཙམ་ལས་འཇོན་ཐང་ངོ་མ་ཡོད་མ་རེད། རྗེས་མར་ཁྱོད་རང་གིས་ག་རེ་བྱེད་བྱེད་རེད། ཡིན་ཡང་སྤོ་ཏོ་ཉི་མའི་ཚ་མོ་འཛུམ་ཆུང་ད་ནས་བཟུང་ཁྱོད་ཀྱི་ཁ་གཏད་དུ་ཆགས་ཚར་བ་དེ་བརྗེད་མི་ཉེན། གཡོ་རྒན་ཉི་མས་མ་འོངས་པར་མོ་ལ་བརྟེན་ནས་རི་གྲོང་གི་དོན་དག་ལ་ལག་པ་འཆང་ངེས། འོན་ཀྱང་དོན་དག་ཆེ་ཆུང་ག་རེ་ཡིན་ཡང་ཁྱོད་རང་གིས་ཀྱང་ང་ལ་སྐད་ཆ་འདྲི་ཆོག་གི་རེད། གང་ལྟར་ཡང་མིའི་ལས་དང་དབང་ཐང་གི་འཁོར་བསྐྱོད་འདི་དགོད་བྲོ་བ་འདྲ་རེད། ད་བལྟས་ཡོང་དུས་སྔར་བཞིན་རི་གྲོང་འདིའི་དབང་ཆའི་ཐོག་ང་དང་ཁོ་གཡོ་རྒན་ཉི་མ་སླར་ཡང་བློ་དང་རིག་པ་བསྡུར་རྒྱུ་རེད་འདུག་ཧ་ཧ་ཧ་ཚེ་མགོན་འཛེམས་ཟོན་མེད་པར་ཤུགས་ཀྱིས་གད་མོ་ཤོར། ལགས་སོ། ཇོ་ལགས། ཁྱེད་རང་གི་སོ་སོའི་སྐུ་གཟུགས་ལ་བདག་གཅེས་མཛོད། དོན་དག་ག་རེ་ཡིན་ཡང་ངས་གཅེན་པོར་གོ་བསྡུར་བྱའོ། ད་ལམ་བར་གཟབ་གཟབ་གནང་རོགས། ་་་ད་ཡིན་ན་་་རྗེས་མ་སྣ་ཉག་རི་རྡོ་ཐུག་ན་ངས་ཁོ་ལ་མགོ་བསྐོར་བཏང་བའི་རྐྱེན་གྱིས་ང་ཁོའི་མདུན་དུ་ངོ་ཏོག་ཙམ་ཚ་སྲིད་མོད་་་འོན་ཀྱང་ཅིའང་ཡོད་མ་རེད་་་ལུ་གུ་མ་དོར་ན་སྤྱང་ཀི་བསད་ཐབས་ག་ལ་ཡོད་་་དེ་འདྲ་བྱོས་་་ད་བདེ་མོ། ཚེ་མགོན་གྱིས་དེ་ལྟར་དོན་དང་མི་འཚམ་པའི་དཔེ་ཞིག་བཤད་ཁུལ་གྱིས་གླ་འཁོར་ཆུང་ངུ་ཞིག་ཏུ་འཛུལ་ནས་རྒྱང་རིང་ལ་སོང་།

 

 

 

དྲུག་པ།

 

རི་གྲོང་གི་དུད་ཚང་ཞིག་གི་ནང་དུ་སྐྱེས་པ་བཅུ་གྲངས་ཙམ་འཛོམས། དེའི་ནང་གི་དར་གཞོན་ཞིག་གིས། ་་་ཝ་ཡེ་ཝ་ཡེ་ཝ་ཡེ་་ད་མར་སྡོད་དང་། དེ་སྔོན་བཤད་པ་ལྟར་འགོ་གཙོ་འོས་བླུགས་པའི་བྱ་བ་དང་འབྲེལ་བའི་ང་ཚོར་དེ་རིང་དངུལ་རག་པ་འདི་ཚོ་བགོ་བཤའ་རྒྱག་གི་ཡིན། ཚང་མས་ཡག་པོ་བྱས་ཏེ་ཉོན་ཨ། ང་ཚོས་ཚེ་མགོན་ཚང་གི་བློ་གྲོས་ལ་འོས་བླུགས་མཁན་ཚོར་མི་རེ་ངོ་རེར་དངུལ་སྒོར་སུམ་བཅུ་རེ་རག་ཡོད། དེ་ནས་མི་ཆུང་ཉི་མའི་ཚ་མོ་འཛུམ་ཆུང་ལ་འོས་བླུགས་པའི་རྐྱེན་གྱིས་དེའི་ཕྱོགས་ནས་མི་རེ་ངོ་རེར་སྒོར་མོ་ཉི་ཤུ་རེ་རག་པ་རེད། ད་མི་རེར་བསྡོམས་སྒོར་མོ་ལྔ་བཅུ་རེ་རག་པ་རེད་ད་་་བང་ཡག་པོ་བསྒྲིག་ཤོག་ཨ་་་རྗེས་མར་ངས་འོས་བླུགས་པ་ཡིན་ཏེ་དངུལ་རག་མ་སོང་ཟེར་བའི་སྐད་ཆ་དེ་འདྲ་ཕྱི་ལ་མ་བཤད་མ་གཏོགས་་་དེ་འདྲ་བྱས་ན་ཞབས་འདྲེན་བཞག་པ་རེད་དོ་་་ཧ་ཧ་ཧ། བང་བསྒྲིག་པའི་ནང་གི་བུད་མེད་ཅིག་གིས། རེད་རེད་་་ད་རས་སྒོར་ལྔ་བཅུ་རག་པ་དེ་ང་ཚོའི་གྲུབ་འབྲས་གཙོ་བོ་མིན་པར་་་་ངས་བསམ་ན་ད་རིས་ང་ཚོར་ཁེ་བཟང་སྐར་མ་གཅིག་ཀྱང་རག་ས་མེད་ཀྱང་ཚང་མས་ཁ་གཅིག་དྲག་གིས་བུ་ཚེ་རིང་ལ་འོས་བླུགས་པའི་རྐྱེན་གྱིས་མི་བཟང་པོ་དེ་ང་ཚོའི་འགོ་བྱེད་གཙོ་བོར་ཆགས་པ་རེད་ཡ་་་དེ་ནི་ང་ཚོའི་གྲུབ་འབྲས་དང་གཟི་བརྗིད་གལ་ཆེ་ཤོས་རེད། མ་རེད་པས་་་ཁྱོད་ཚོ་ཚང་མའི་གཅིག་ཤོད་དང་་་

 

ཡང་གཅིག་གིས། ག་རེ་གཟི་བརྗིད། ཁོས་ང་ཚོར་སྒོར་མོ་ཞོ་གང་ཡང་སྤྲོད་རྒྱུ་མི་འདུག་ཀྱང་ང་ཚོས་ཁོ་ལ་འོས་བླུགས་པ་རེད། ཁེ་བཟང་མེད་པའི་ལས་ཀ་རང་རེད། ཡང་གཞན་ཞིག་གིས། རེད་རེད་་་ཨ་ཅག་ལགས་ཀྱིས་གསུང་པ་དངོས་གནས་རེད། ཨ་ཇོ་ཁྱོད་ཀྱིས་བཤད་པ་དེ་འདྲ་རང་དང་མ་རེད། རྗེས་མར་ང་ཚོ་ཕྱོགས་གཏོགས་དང་དཔུང་སྒྲིག་བྱེད་མཁན་མི་དེ་ཚོའི་རྗེས་སུ་དངུལ་ཏོག་ཙམ་འདི་འདྲ་ཞིག་གི་ཆེད་དུ་འགྲོ་ནས་གཡང་རྒྱུག་བྱེད་རྒྱུ་མི་འདུག་ཡ་་་་དོན་ངོ་མ་ཁོ་ཚོའི་རྗེས་འབྲངས་བྱས་པ་ཙམ་གྱིས་ང་ཚོ་ཚང་མ་བདག་པོའི་ཆེད་དུ་སྤྲང་པོའི་སྤྲིའུ་འཁྲབ་མཁན་འདྲ་པོ་ཆགས་འགྲོ་ཡི་མི་འདུག་གམ། ཨ། ཞེས་བཤད་ཀྱང་གཞན་ཞིག་གིས་ད་འུར་མ་རྒྱག དུས་ཚོད་འཕྲོག་བརླགས་རེད། དངུལ་སྤྲོད་ཤོག དངུལ་སྤྲོད་ཤོག

 

བློ་གྲོས་ཀྱིས་ཁོའི་གཅེན་པོ་ཚེ་མགོན་བསྐྱེལ་མ་བྱེད་ཉིན་མོའི་ཕྱི་དྲོ་ཙམ་ལ། དེ་སྔོན་འགོ་བྱེད་ཚན་པར་ཡོད་པའི་སྣ་ཉག་རི་རྡོ་ཨ་ཕོ་རྒྱག་ལུག་དང་གྲོགས་པོ་གཞན་ཁག་ཅིག་མཉམ་དུ་རང་ཁྱིམ་དུ་ཆང་རག་འཐུང་ནས་བསྡད། རི་རྡོ་ཆང་རག་གིས་ཚོད་མེད་བཟི་ནས་མཚམས་རེར་ངུ་སྐད་དང་མཚམས་རེར་ངར་སྐད་ཀྱིས། གཡོ་རྒན་ཚེ་མགོན་ཁོ་ཨ་ཕའི་རོ་འདྲ་ཡིན་འགྲོ ང་ལ་སྐད་ཆ་སྙན་པོ་རྐྱང་རྐྱང་བཤད་ནས་ངའི་ཕྱོགས་གཏོགས་ཀྱི་མི་ཚང་མས་ཁོའི་ཚ་བོ་བློ་གྲོས་ལ་འོས་བླུགས་ཡོད་རེད། འོན་ཀྱང་ཁོ་ཚོའི་ཕྱོགས་གཏོགས་ཀྱི་མི་ཚོས་ང་ལ་འོས་གཅིག་ཀྱང་བླུགས་མི་འདུག དེ་ནི་གྲངས་ཀའི་ཐོག་ནས་ཧ་ཅང་གསལ་པོ་ཤེས་ཀྱི་རེད། ཁོས་དེ་སྔོན་ང་ལ་ཕྱིར་ལོག་ནས་ང་རི་གྲོང་འདིའི་འགོ་བྱེད་ཡར་ལང་ཐུབ་པའི་ཆེད་དུ་ཡིན་ཟེར་བྱུང་། དངོས་གནས་ཡིན། ངའང་ལྐུགས་པ་སྐྱག་ལྐུགས་རང་རེད་བཞག ངས་གཡོ་རྒན་ཁོའི་སྐད་ཆར་ཡིད་ཆེས་བྱས་པ་ཡིན། ད་དོན་དག་ཚང་མ་ཚར་དུས་ཁོས་་་ཨ་ཕའི་རོ་འདྲ་ཁོ་་་སྐྱག་པ་ཟ་རྒྱུ་ཁོ་་་ངོ་མ་བྱེད་དུས་ཁོ་རང་གི་ཚ་བོ་བློ་གྲོས་ཡར་དཔོན་གནས་ཀྱི་སྒང་ཡོང་ཐབས་ཆེད་དུ་རེད་འདུག་ག ཨ་ཕའི་རོ་འདྲ་ཁོ་་་ང་ལ་མགོ་བསྐོར་བསམ་ཡུལ་ལས་འདས་པ་ཞིག་བཏང་བ་རེད།་་་རྗེས་མར་ལྟད་མོ་ལྟོས་་་སྐྱག་པ་ཟ་རྒྱུ་ཁོ་་་་

 

སྐབས་དེར་ཨ་ཕོ་རྒྱག་ལུག་གིས་སྙ་ཉག་རི་རྡོ་ལ་སེམས་གསོའི་ཚུལ་གྱིས། མ་གཞི་ནས་ཁྱེད་རང་དང་ཚེ་མགོན་གཉིས་དེ་སྔོན་ནས་ལོ་མང་ལས་ཀ་མཉམ་དུ་བྱས་མྱོང་མཁན་རེད། ཁོ་ལ་ཆ་རྒྱུས་དེ་ཙམ་ལས་མེད་པ་དེ་ཁྱེད་རང་གི་ནོར་འཁྲུལ་རང་རེད། ངས་ཤེས་གསལ་ལྟར་ན་སུ་གང་གི་ཕྱོགས་གཏོགས་མིན་པའི་མི་མང་ཚོས་དེ་སྔོན་ནས་སྤོ་བོ་དགྲ་འདུལ་གྱི་བུ་ཚེ་རིང་ལ་འོས་འཕེན་གྱི་ཡིན་ཟེར་གྱི་འདུག ཚེ་རིང་ཁོ་མི་དྲང་པོ་དྲང་བཞག་བྱེད་མཁན་ཞིག་དང་། གཙོ་ཆེ་ཤོས་ནི་ཚང་མས་ཁོ་རང་ཆུང་དུས་ནས་རི་གྲོང་འདིར་རྒྱུས་ཡོད་ཅིག་ལ་ངོས་འཛིན་ཡོད་པས་རེད། གནས་སྟངས་འདིའི་ཐོག་ནས་མི་མང་ཚོའང་དངུལ་དང་རྒྱུ་ནོར་གྱི་བསླུ་བྲིད་ཁོ་ནའི་རྗེས་སུ་འབྲང་མཁན་མིན་པར་རང་ཚུགས་ཀྱི་བསམ་བློ་གཏོང་མཁན་མི་ཉུང་བ་ཞིག་ཡོད་པའི་གནས་སྟངས་ཡག་པོ་འདི་ར་འཕྲོད་པ་རེད། ཨ་ཇོ་རི་རྡོ། དངོས་གནས་བྱས་ན་ཁྱེད་རང་ཡང་མ་འོངས་པར་རི་གྲོང་འདིའི་མི་མང་གི་ཆེད་དུ་བྱ་བཞག་བཟང་པོ་འདྲ་བསྒྲུབ་འདོད་ཡོད་ན། ང་ཚོས་ཀྱང་ཁྱེད་ལ་འོས་བླུགས་ཐག་ཆོད་ཡིན། ཡིན་ཡང་ད་ལྟའི་ཆར་ང་ཚོ་མང་པོ་ཞིག་གིས་ཁྱེད་རང་ལ་གོ་གནས་ཡོད་མེད་ལ་མ་ལྟོས་པར་ང་ཚོའི་རི་གྲོང་མི་མང་ཡོངས་ཀྱི་ཁེ་ཕན་ཆེད་དུ་མ་འོངས་པར་ཚེ་རིང་ཁོའི་ལས་དོན་ཐད་ཁ་ཡོད་ལག་ཡོད་ཀྱིས་གཞོགས་འདེགས་ལེགས་པོ་རེ་གནང་བའི་རེ་བ་བྱེད་ཀྱི་འདུག

 

ཧུ་ཧུ་ཧུ་ཡག་བྱུང་། གྲོགས་པོ་རྒྱག་ལུག ཁྱེད་ཀྱིས་གསུངས་པ་དེ་དངོས་གནས་བདེན་པ་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་ནི་ང་ཚོ་རི་གྲོང་འདིའི་མི་མང་ཆེར་ད་དུང་ཡང་གཡོ་རྒན་ཚེ་མགོན་དང་མི་ཆུང་ཉི་མ་གཉིས་ཀྱིས་དོན་དམ་གྱི་གཡོ་ཇུས་སམ་ཁོ་ཚོའི་ཕྱི་ཚུལ་གྱི་ཟློས་གར་འཁྲབ་སྟངས་དེ་དག་འོག་མགོ་འཁོར་ནས་སྡོད་ཀྱི་རེད་བསམ་གྱི་འདུག ཡིན་ཡང་ཅུང་དགའ་འོས་པ་ནི་སྔར་དང་མི་འདྲ་བ་རྒྱབ་རྩ་དང་དཔུང་རོགས་གང་ཡང་མེད་པའི་དྲང་ཚུགས་ཅན་གྱི་བུ་ཚེ་རིང་ད་ཐེངས་འགོ་གཙོར་སླེབས་པ་དེ་དཔེ་དགའ་འོས་པའི་འགྱུར་ལྡོག་ཞིག་རེད་དྲན་གྱི་འདུག ངས་ཀྱང་ཁོ་རང་ལ་རྒྱབ་རྩ་དང་ཕྱོགས་གཏོགས་ཡོད་པར་ངོས་འཛིན་རྩ་བ་ནས་མེད། ད་བུ་ཚེ་རིང་གིས་མ་འོངས་པར་བློ་གྲོས་དང་འཛུམ་ཆུང་གཉིས་ཀྱི་འགྲན་རྩོད་ལ་མགོ་འཁོར་ནས་སྐབས་ཐོག་གི་དུས་ཚོད་བསྐྱེལ་རྒྱུ་ཙམ་མ་ཡིན་པར་རི་གྲོང་འདིའི་མི་མང་སྤྱི་ལ་ཕན་པའི་བྱ་བཟང་རེ་ལེགས་གྲུབ་ཡོང་བའི་རེ་བ་ཡོད།

 

 སྣ་ཉག་རི་རྡོ་ངུ་མ་དགོད་ཀྱིས་མགོ་བོ་ཡར་སྟེགས་ནས་མུ་མཐུད་བཤད་དོན། ཡ་ཡ་ཡ། གྲོགས་པོ་ཚོ། ད་གཡུགས་ཤོག འོན་ཀྱང་འགོ་བྱེད་མི་སྣའི་ནང་བློ་གྲོས་དང་འཛུམ་ཆུང་གཉིས་སླེབས་པ་ཙམ་གྱིས་ཕྱོགས་གཏོགས་སྤུངས་བསྒྲིགས་ཀྱིས་དབང་ཆ་རྩོད་ལེན་བྱེད་པའི་བྱ་བ་འདི་མཇུག་བསྒྲིལ་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན་ཁོ་གཉིས་ཀྱི་རྒྱབ་རྩ་ལ་དགྲ་ཁ་གཏད་ཀྱི་གཡོ་རྒན་གཉིས་ཀྱིས་ཇུས་ངན་གཤམ་ངེས་པས་རེད། རྗེས་སུ་ཁོ་ཚོའང་ང་ཚོའི་སྐབས་ནང་བཞིན་རྟ་ཞོན་ནས་མེ་ཏོག་འཐུ་ཞོར་ཟོལ་འདྲ་མིན་པར་རི་གྲོང་འདིའི་མི་མང་ཉམས་ཆུང་རྣམས་ཀྱི་ཆེད་དུ་བྱ་བ་བཟང་པོ་རེ་གྲུབ་སོང་ན་འགྲིག་གི་འདུག ད་གཡུགས་ཤོག་་་གྲོགས་པོ་ཚོ། དེ་བས་ང་ཚོ་མཉེས་དག་ཅིག་ཡིན་ཡ་་་ཧ་ཧ་ཧ་ཧ་ཧ་ རི་གྲོང་གི་མཚན་ལྗོངས་སུ་གྲང་རླུང་དང་སྡེབས་པའི་སྙ་ཉག་རི་རྡོ་དང་ཨ་ཕོ་རྒྱག་ལུག་སོགས་ཀྱི་དགོད་སྒྲ་ཡིས་བྲག་ཅ་ཁེངས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།