དྲ་ཐོག་འདུག

None

༣༡། ཟུར་ཉར་དགའ་རོགས།

images/stories/68j58pickna.jpg

( བརྩམས་སྒྲུང་ཡིག་བརྒྱ་མ། )

༣༡། ཟུར་ཉར་དགའ་རོགས།

mistress  情婦

 ཟུར་ཉར་དགའ་རོགས་ཀྱི་ཁང་པའི་ནང་མོ་རང་ཁོང་ཁྲོ་མེ་ལྟར་འབར་བཞིན་ཁོ་དང་མུ་མཐུད་ལྐོག་ལྐོག་སུད་སུད་ཀྱི་འབྲེལ་བ་དེ་མཚམས་བཞག་རྒྱུ་ཡིན་སྐོར་བསྒྲགས་བྱུང་། ཁོ་ཧ་ལས་ཧོན་འཐོར་ནས། ངས་ཁྱོད་ལ་དངུལ་ཇི་ཙམ་དགོས་ཀྱང་སྤྲད་དེ་ཁྱོད་ལ་གང་དགའ་གང་སྐྱིད་བྱེད་བཅུག་ཀྱང་ཁྱོད་ཀྱིས་ང་དང་ཁ་བྲལ་གྱི་ཡིན་ཟེར་ཕོད་པ་འདི་ཡ་མཚན་རེད། ཅེས་བཤད་པར། ཟུར་ཉར་དགའ་རོགས་སྔར་དང་མི་འདྲ་བ་མདོང་ལ་སྐྱོ་སྣང་དང་བཅས་བཤད་རྒྱུ།

ཁྱོད་ཀྱི་ང་ལ་སྤྲད་པ་དེ་དངུལ་རེད། འོན་ཀྱང་ང་ལ་དུས་ནམ་ཡང་སེམས་གཏིང་ནས་དགའ་མི་སྲིད། ཐོག་མའི་སྐབས་སུ་ང་ལ་དངུལ་སྒོར་དགོས་མཁོ་ཧ་ཅང་ཆེ་བའི་དབང་གིས་ང་ཁྱོད་དང་མཉམ་དུ་ངན་འབྲེལ་བྱས་པ་རེད། འོན་ཀྱང་ད་ཆ་ང་ལ་དངུལ་གྱི་དཀའ་ངལ་མེད་པ་ཆག་ཟིན། དེའང་ཁྱོད་ཀྱི་ས་ནས་དངུལ་ལེན་པ་ཙམ་མ་རེད། ང་ལ་དངུལ་སྤྲོད་མཁན་ཁ་ཤས་ཡོད། ད་ངས་དངུལ་བསགས་རྒྱུ་མཚམས་བཞག་ནས་ང་ལ་སེམས་གཏིང་ནས་དགའ་མཁན་དང་། ང་ལ་མི་ཡིན་པའི་འདུ་ཤེས་འཛིན་མཁན་གྱི་དགའ་རོགས་ཤིག་འཚོལ་གྱི་ཡིན།

 

ཟུར་ཉར་དགའ་རོགས་ཀྱི་སྐད་ཆ་འདི་དག་གོ་རྗེས་ཁོ་རང་ཁོང་དགོད་དང་སྦྲགས། འགྲིག་གི་རེད། ངས་དཀའ་ལས་མང་པོ་བརྒྱབས་ནས་ཁྱོད་ལ་སྒོར་མོ་གང་འདོད་སྤྲོད་ཀྱི་ཡོད། ཁྱོད་ངོ་མ་ལས་རྒྱུ་འབྲས་བརྩི་མི་ཤེས་མཁན་གྱི་བདུད་མོ་ཞིག་དང་ཁྱད་པར་མེད། ངས་ཁྱོད་ཀྱི་ཆེད་དུ་དཀའ་ལས་ཅི་འདྲ་བརྒྱབས་མིན་ཁྱོད་ཀྱིས་ཤེས་སམ། ང་ཞོགས་སྔ་ལང་དང་མཚན་ཕྱི་ཉལ་གྱིས་ལས་ཀ་བྱས་ཏེ་དངུལ་བསགས་དགོས་པ་ལས་སྒོར་མོ་གནམ་ནས་ཆར་པ་ལྟར་འབབ་འོང་ས་མེད། འོན་ཀྱང་ད་ཆ་ངའི་བསམ་ཡུལ་ལས་འདས་པ་ཞིག་ལ། ངས་ཡིད་ཆེས་དང་བློ་འགེལ་ཆེ་ཤོས་བྱེད་ས་ཁྱོད་ཀྱིས་ཀྱང་ང་ལ་ངོ་ལོག་པ་རེད། ང་ངོ་མ་ཧ་ལས་སོང་། ཁྱོད་རང་སྐྱེས་པ་ས་ནས་ཁྲག་རྣག་བཞིབ་མཁན་གྱི་གསོན་འདྲེ་མ་ཞིག་དང་གཉིས་སུ་མེད།

 

འདི་ལྟར་ཁོས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་བཞིན་པའི་སྐབས་སུ། ཟུར་ཉར་དགའ་རོགས་ཀྱིས་སྐད་མགོ་དམའ་མོས། དོན་དངོས་ཐོག ངའང་གཞན་གྱི་བཀའ་དྲིན་དྲན་ཤེས་མཁན་ཞིག་ཡིན། འོན་ཀྱང་ངས་གཟའ་འཁོར་སྔོན་མར་ཁྱོད་ཀྱི་བཟའ་ཟླ་མོའི་གནས་སྟངས་ཟུར་ཙམ་ཤེས་བྱུང་། ཁྱོད་ཀྱི་བཟའ་ཟླ་མོ་ངོ་མ་ངས་མཐོང་མྱོང་བའི་བུད་མེད་བཟའ་ཚང་དབར་གྱི་ལ་རྒྱ་བརྩི་སྲུང་བྱེད་མཁན་ཞིག་རེད་འདུག

 

ཐེངས་ཤིག་ང་དང་མོ་རང་སྣང་མེད་སྒོ་ནས་ཁྲོམ་གཞུང་དུ་ཐུག་བྱུང་། ངེད་གཉིས་ཀས་ཚོང་ཁང་ཆེན་མོ་དེ་ནས་སྟོད་གོས་ཟིང་དམར་ཞིག་ལ་དུས་མཉམ་དུ་རེག མོས་དེ་མ་ཐག་གད་མོ་དགོད་བཞིན་ང་ལ། བུ་མོ་ལགས། ཁྱོད་རང་ཡང་སྟོད་གོས་འདི་ལ་དགའ་པོ་ཡོད་པ་འདྲ། ཞེས་པར་ངས་ང་དེ་ཙམ་དགའ་པོ་མེད། ཁྱེད་རང་དགའ་ན་འཁྱེར་རྒྱུགས། ཅེས་པར་མོས་ལམ་སང་ངོ་ཚ་དང་བཅས། བུ་མོ་ལགས། སྟོད་གོས་འདི་ཁྱོད་རང་གིས་ཉོས། ང་རང་ཁྱིམ་ནས་བྲེལ་འཚུབ་ཀྱིས་ཕྱིར་དོན་འོང་བས་ན་དངུལ་མདང་ངེས་ཤིག་འཁྱེར་མི་འདུག ཅེས་ཟེར་བ་དང་ཡང་ཨ་ཅག་གིས་ད་ལོ་སར་རན་གྲབས་ཡོད། ངས་ཁྱོ་བོ་ལོ་སར་སྐབས་ཕྱིར་ཁྱིམ་ནང་ལོག་གི་ཡིན་ཟེར།

 

ངེད་གཉིས་ཆུང་དུས་དགའ་རོགས་བསྒྲིགས་དུས་ངས་སྟོད་གོས་ཟིང་དམར་འདི་འདྲ་པོ་ཞིག་གྱོན་ནས་ཁོང་དང་ཐུག་པ་ཡིན། ཁོང་གིས་སྐབས་དེར་ང་ལ་ཁྱོད་རང་གིས་སྟོད་ཐུང་འདི་གྱོན་པར་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་འདུག་ཅེས་བསྟོད་ར་བཏང་མྱོང་། ཞེས་ཟེར་བར་ངས་ཨ་ཅག་ཁྱོད་ཀྱི་ཁྱོ་ག་ད་ལྟ་གང་དུ་ཡོད་དམ་ཞེས་དྲིས་པར་མོས་ད་ལྟའི་ཆར་ངའི་ཁྱོ་བོ་ལས་བྲེལ་དབང་གིས་རྒྱུན་དུ་ཕྱི་ལ་འགྲོ་དགོས་ཀྱི་འདུག ངེད་གཉིས་ལོ་ངོ་ཧྲིལ་པོ་ཉེར་ལྔ་ཙམ་གྱི་ཁྱོ་ཤུག་རྒན་རྒོན་གཉིས་རེད་ལ། ངེད་གཉིས་ལ་བུ་རྒྱུད་ཀྱང་བུ་བུ་མོ་གསུམ་ཙམ་ཡོད་པ་དེ་དག་ད་ཆ་ཆེན་པོ་ཆག་ཟིན། འོན་ཀྱང་ངེད་བཟའ་མི་གཉིས་ལྷོད་ལྷོད་བྱས་ཏེ་དུས་ཡུན་རིང་པོར་མཉམ་འཛོམས་བྱ་རྒྱུ་བྱུང་མ་སོང་། ཁོང་ལ་ངོ་མ་ལས་ཀ་མང་པོ་རེད། ཅེས་ཟེར་བྱུང་བས་ངས་ཀྱང་ཁྱོད་ཀྱི་སྐོར་ཤེས་འདོད་ཀྱིས།

 

ཨ་ཅག་ལགས། ཁྱེད་རང་ལ་བྲེལ་བ་མེད་ན་ངེད་གཉིས་ཕར་ཙམ་དེར་ཇ་རེ་འཐུང་བར་འགྲོ ཇ་འཐུང་ཚར་སོང་ན་ཁྱེད་རང་གིས་སྟོད་གོས་དེ་ཉོས། ང་ལ་མི་དགོས་ཅེས་བཤད་པར་ཨ་ཅག་ཀྱང་དགའ་སྤྲོའི་ངང་ནས་མོས་མཐུན་གྱིས་ངེད་གཉིས་ཚོང་ཁང་དེའི་ཉེ་འཁྲིས་ཀྱི་ཇ་ཁང་ཆུང་ངུ་ཞིག་ནང་མཉམ་དུ་ཇ་འཐུང་སར་སོང་བ་ཡིན།  ངེད་གཉིས་མདུན་ཅོག་ཅིག་གི་སར་བསྡད་རྗེས་ཇ་མངར་མོ་གཉིས་མངགས་ཏེ་ངས་མོ་ལ་ཨ་ཅེ་ཁྱེད་རང་གིས་ཁྱོ་བོར་དེ་ལྟར་ཡིད་ཆས་དང་བློ་འགེལ་བྱེད་པར་ཁྱོ་ག་ཡག་པོ་ཞིག་ཡོད་པའི་རྟགས་རེད། ཁོས་ཁྱེད་ལ་ཡག་པོ་བྱེད་ཀྱི་ཡོད་དམ། ཞེས་དྲིས་པར་མོས་ཇ་ཧུབ་གང་འཐུང་ནས་དལ་བུའི་ངང་། བུ་མོ་ལགས། ངོ་མ་ཡིན། བུད་མེད་ཟེར་བ་འདི་སྙིང་རྗེ་ཡ་འདྲ་རེད། དོན་དངོས་ཐོག་ངས་ཀྱང་གཞན་གྱི་ས་ནས་ངའི་ཁྱོ་བོ་ཁོང་གིས་ཕྱི་ནས་བུ་མོ་མཛེས་མ་དེ་འདྲ་དང་མཉམ་དུ་འཁྱམ་གྱི་ཡོད་པའི་སྐོར་ཏོག་ཙམ་གོ་སོང་། འོན་ཀྱང་ངས་ཕྲུ་གུ་གསུམ་གྱི་ངོ་ལ་བལྟས་ནས་བསྡད་ཡོད།

 

ང་ལོ་རྒས་པ་བདེན་ཡང་ང་ལ་དགའ་མཁན་སྐྱེས་པ་མེད་པ་མ་རེད། ངས་ག་རེ་བྱས་ནས་འདི་ལྟར་སྡུག་རུས་རྒྱག་ནས་སྡོད་ཡོད་ཟེར་ན། འདི་ཚོ་ཚང་མ་ངའི་མི་ཚེའི་ནང་སོ་སོའི་སྲོག་རྩ་ལྟར་གཅེས་པར་འོས་པའི་ངའི་ཕྲུ་གུ་གསུམ་གྱི་ཆེད་དུ་ཡིན་། ངས་ཕྲུ་གུ་གསུམ་གྱི་ངོ་ལ་བལྟས་ནས་ངའི་ཁྱོ་བོའི་སྐོར་གོ་བའི་གནས་སྟངས་དེ་དག་ཨམ་མཆོག་གཅིག་ནས་ཐོས་ཀྱང་གཞན་དེ་ནས་ཕྱིར་གཏོང་གི་ཡོད། མི་ཟེར་བ་འདིས་གལ་ཏེ་ལས་རྒྱུ་འབྲས་ལ་མི་འགྲོ་བ་བྱས་ན་སོ་སོའི་རྒྱུད་དུ་ལས་ངན་འབྱུང་བར་ཡིད་ཆེས་བྱེད་ཀྱི་ཡོད། ངའི་བསམ་པར་ངའི་ཁྱོ་བོའང་འདི་ལྟར་ཕྱི་ལ་རྐྱང་འགྲོ་ཞིང་ང་ལ་ཁ་ཡ་མི་བྱེད་པ་དེ་སོ་སོའི་ནོར་འཁྲུལ་ཡིན་སྲིད་པ་རེད་དྲན་གྱི་ཡོད། གལ་ཏེ་ངས་ཁོང་ལ་དགའ་འོས་པའི་དོན་དངོས་ཀྱི་འཚོ་བ་ཞིག་སྤྲོད་མ་ཐུབ་ཚེ་དེ་ནས་ཁོང་ཕྱི་ལ་འགྲོ་ནས་ཟུར་ཉར་དགའ་རོགས་དེ་འདྲ་འཚོལ་བསམ་པ་བྱུང་ཡོད་སྲིད། དོན་དངོས་ཐོག་འདི་ཚོ་ཚང་མ་ངའི་ནོར་འཁྲུལ་རེད། ཁོང་ལ་ཁག་ཡོད་པ་མ་རེད།

 

བུ་མོ་ལགས། ཁྱོད་རང་ཡང་རྗེས་མར་ཨ་ཅག་ནང་བཞིན་དགའ་རོགས་བསྒྲིགས་ནས་ཕྲུ་གུའང་འབྱུང་སྲིད་པས་སོ་སོའི་ཁྱོ་ག་དང་ཕྲུ་གུའི་ཆེད་དུ་སྔ་ས་ནས་རིག་པ་གྲུང་གྲུང་བྱ་རྒྱུ་གལ་ཆེ། ཨ་ཅེ་ནང་བཞིན་ཆག་ན་དེ་ནས་ཏོག་ཙམ་ཕྱི་དྲག་པ་རེད་དྲན་གྱི་འདུག ཅེས་ཟེར་ནས་བཤད་སྐབས་ཁྱོད་ཀྱི་ཆུང་མའི་མིག་གཉིས་ནང་མཆི་ཞག་གིས་ཁེངས་འདུག དོན་དངོས་ཐོག་ཨ་ཅག་ལགས་ཀྱིས་ང་ཁྱོད་ཀྱི་ཟུར་ཉར་དགའ་རོགས་ཡིན་པ་ཁྱོན་ནས་ཤེས་ཀྱི་མེད་ཀྱང་། མོ་རང་གིས་ང་ལ་ཡིད་ཆས་ཀྱི་སྐད་ཆ་འདི་འདྲ་བཤད་པ་རེད།

 

ངས་ཁྱོད་ཀྱི་ཆུང་མའི་སྐད་ཆ་དེ་དག་གོ་དུས་སེམས་ལ་བསམ་ཡུལ་ལས་འདས་པའི་སྡུག་ངལ་ཞིག་སླེབས་སོང་། ཁྱོད་ཀྱིས་ང་ལ་དངུལ་མང་པོ་འདི་འདྲ་སྤྲོད་ཀྱི་ཡོད། འོན་ཀྱང་ཁྱོད་ཀྱིས་སོ་སོའི་ཆུང་མས་ཁྱོད་ལོ་སར་སྐབས་ཐུག་པའི་སྐབས་མཛེས་ཉམས་ཏོག་ཙམ་ངོམས་ཕྱིར་སྟོད་གོས་ཤིག་ཀྱང་ཉོ་བའི་དངུལ་མདང་ངེས་མི་འདུག མོ་ནི་ཁྱོད་དང་ཕྲུ་གུ་གསུམ་གྱི་བཟའ་ཟླ་དང་ཨ་མ་རེད། མོས་གང་ཞིག་མ་འགྲིག་པ་རེད་དམ།

 

ང་མཚམས་རེར་སོ་སོའི་བྱ་སྤྱོད་སྐྱུག་བྲོ་བ་འདིར་ཡིད་ཐང་ཆད་ཀྱི་འདུག ད་ཁྱོད་ཀྱིས་ཤེས་སོང་ངམ། ང་ཁྱོད་དང་ཁ་བྲལ་དགོས་པའི་རྒྱུ་མཚན་འདི་ཙམ་ཡིན། ད་ཁྱོད་ངའི་ཁང་པ་འདི་ནས་ཕྱི་ལ་རྒྱུགས། སང་ཉིན་ནས་ཁྱོད་ངའི་སར་སླེབས་མ་ཡོང་། ཞེས་བསྒྲགས་རྗེས་ཁོའི་ངོ་གདོང་དམར་པོར་གྱུར་ཞིང་ཁོའི་ཟུར་ཉར་དགའ་རོགས་ལ་མིག་ལོག་ལྟ་ཙམ་གྱིས་རླུང་འཚུབ་ཅིག་གི་ཁང་པའི་ཕྱི་ལ་བུད་སོང་།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)

སེམས་པ་མི་མཛེས་བུ་མོ་མཛེས། སྙིང་གཏམ་མི་བཤད་རྫུན་གཏམ་བཤད། བརྩེ་གདུང་མི་སྤྲད་སྡུག་བསྔལ་སྤྲད། ཡིད་ཆེས་མ་བྱེད་དོགས་པར་བྱོས།




བརྗོད་གཞི་གཞན་ཁག་ལ་གཟིགས།