བརྩམས་སྒྲུང་ཡིག་བརྒྱ་མ། ༡།སེམས་གསོ།

images/stories/News/cg-4k1r_-leiw00zaamehmfsf48aabwzqoplqaaax6c479.jpg( བརྩམས་སྒྲུང་ཡིག་བརྒྱ་མ། )

༡།སེམས་གསོ། 

自慰 

Comfort yourself

རྒན་མོ་བཀྲ་སྒྲོན་སྒོ་འགྲམ་དུ་ཨར་འདམ་གྱི་རྐུབ་སྟེགས་ཐོག་སྡོད་ཅིང་།ཁྱིམ་མཚེས་ཨ་ཅེ་གཡང་སྐྱིད་ཀྱི་སྐད་ཆ་ཡིད་ལ་ཤར་ཏེ་སོ་སོའི་སེམས་དང་ཁ་བརྡ་བྱས།ང་ད་ལྟ་སྐྱིད་པའི་སྒང་ཡིན་ཟེར་ན་ལོས་ཆོག

ངའི་མི་ཚེའི་ནང་བུ་གཅིག་འདི་བྱུང་བ་རེད།ངའི་སྙིང་དམར་ས་བུ་འདི་མ་གཏོགས་མེད།བུ་ལ་ངའི་བསམ་དོན་བཞིན་བཟའ་ཟླ་བོད་མོ་ཞིག་མ་བྱུང་ཡང་ནང་པ་ཡིན་པའི་ཉི་ཧོང་བའི་བུད་མེད་དེ་དང་དེའི་ཨ་མ་གཉིས་ཡག་པོ་ཡོད།གཞན་དང་བསྡུར་ན་ང་རང་འགྲིག་ཐག་ཆོད་རེད།རྒས་པོས་ང་གཡུག་ནས་ཕྱི་མའི་ལམ་དུ་བཞུར་སྔ་ཡང་ངས་དཀའ་སྡུག་མྱོང་ནས་ངེད་གཉིས་ཀྱི་བུ་འདི་ཆུང་སྤར་མོ་གང་ནས་གསོས་ཏེ་ད་ལྟའི་ཆར་རང་ལོ་ཞེ་ལྔའི་ཨ་ཕ་ཞིག་ཆགས་ཡོད།

 

ཚ་བོ་སྤྲུལ་སྐུ་འདི་བྱུང་བའང་རྒས་མོ་ངའི་བསོད་བདེ་ཡིན།ང་རང་ལོ་དོན་གཅིག་ལ་སླེབས་ཀྱི་ཡོད་ཀྱང་དཀོན་མཆོག་གི་བཀའ་དྲིན་གྱིས་གཟུགས་པོ་ཅུང་ཐང་པོ་རེད།ངའི་སྙིང་གི་ཕྱེད་ཀ་ཚ་བོ་འདི་ལ་མུ་མཐུད་སྐྱོང་རྒྱུ་བྱུང་ན་ངོ་མ་དགའ་བ་ལ།འོན་ཀྱང་ཁྱིམ་མཚེས་ཨ་ཅེ་གཡང་སྐྱིད་མོས་ང་རྒན་འཁོག་གིས་ཁྱིམ་ལས་མང་པོ་འདི་འདྲ་བྱེད་པ་ཧ་ལམ་གཡོག་མོ་ཞིག་དང་འདྲ་ཟེར།ངས་ལས་ཀ་མི་ལས་ན་སྡོད་བཞག་ནས་ག་རེ་བྱེད་དགོས་རེད།

ཁྱིམ་ལས་ཙམ་འདི་ཚོ་ང་རང་གིས་བྱེད་འདོད་པ་དང་།སོ་སོའི་སྙིང་ཉེ་སའི་ཚ་བོ་འདི་ལ་མུ་མཐུད་གཉོར་སྐྱོང་བྱེད་པ་དང་ཚ་བོ་དང་འགྲོག་རྒྱུ་འདི་ང་རང་ཚེ་མཇུག་གི་འདོད་མོས་ཆེ་ཤོས་དེ་ཡིན།ངས་ཚ་བོ་དང་མཉམ་དུ་གཤིབ་ཆེད་བླ་མའི་བཞུགས་སྒར་དུ་ཆོས་ཏོག་ཙམ་ཉན་རྒྱུ་བྱུང་ན་བསམ་ནས་གཞིས་ཆགས་ཀྱི་ཁང་པ་དེའང་བཙོང་ནས་འདིར་ཡོང་བ་མ་ཡིན་ནམ།ངའི་ལུས་ལ་ན་ཚ་མེད།སེམས་ལ་སྡུག་ངལ་མེད།

ངའི་བུ་དང་མནའ་མ།མནའ་མའི་ཨ་མ་ཡས་ཆོད་ནས་ང་ལ་ཡག་ཐག་ཅོད་བྱེད་ཀྱི་ཡོད་པས་སེམས་ལ་འགྱོད་པ་ཅི་ཞིག་ཡོད་དམ།ཨ་ཅེ་གཡང་སྐྱིད་ཟེར་བ་མོས་ངའི་གཟུགས་པོ་བདེ་ཐང་འདི་འདྲར་བལྟས་ན་ད་དུང་ཕྱི་ནས་ལས་ཀ་རག་ངེས་ཡིན་པ་མ་ཟད་དེ་ལ་རིན་པའང་རག་གི་རེད་ཟེར།ཕྱི་ལ་སོང་ནའང་ལས་ཀ་རེད།ནང་ལ་སྡོད་ཀྱང་ལས་ཀ་རེད།དེ་སྔོན་ང་རང་ཁུ་སིམ་མེར་སྡོད་རྒྱུའམ་མི་ལ་ཁ་དགྲ་སྣ་དགྲ་བསགས་རྒྱུ་ལ་དགའ་མཁན་ཞིག་མིན།

 

ད་ཡིན་ན་འདི་ནས་དྲན་རྒྱུ་རྒོད་པོ་དེ་ཚོའི་ཁ་ལ་ཉན་ཤོར་ན་རྒན་མོ་ངའི་སེམས་ལ་རྨ་ཁ་བཟོ་རྒྱུ་ལས་ཅི་ཡོད།ད་ནས་བཟུང་ཁྱིམ་འཚེས་ཨ་ཅེ་འདི་དང་འབྲེལ་བ་ཞི་དྲག་བྱེད་རྒྱུ་མི་འདུགསོ་སོའི་བསྡད་སར་སྡོད་བཞག་ན་ཡག་ས་རེད།དེ་བས་སང་ཉིན་གཟའ་ཉི་མར་ང་རང་ཁ་འདོན་སྔ་ཙམ་ཚར་སོང་ན་ཚ་བོ་སློབ་གྲྭ་ནས་གྲོལ་རྗེས་ངེད་གཉིས་ལ་སྔོ་ཚལ་མོག་མོག་ཞིམ་པོ་ཞིག་བཟོ་བརྩིས་བྱ་ན་དགའ།རྒན་མོ་བཀྲ་སྒྲོན་གྱིས་བསམ་བློ་འདི་ལྟར་བསྐོར་རྗེས་མོའི་གཉེར་མས་ཁེངས་པའི་གདོང་ལ་འཛུམ་ཏོག་ཙམ་མངོན་ཏེ་ལག་གཉིས་རྒྱབ་ལག་བྱེད་ཞོར་ལག་གཡོན་པས་ཕྲེང་བ་བགྲང་བཞིན་དལ་བུར་ངང་ནང་ལ་ཕྱིར་ལོག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།