ཁྱི་ནག་རིལ་དང་དམར་རིལ།

images/stories/39689867_25.jpgཁྱི་ནག་རིལ་དང་དམར་རིལ།(བརྩམས་སྒྲུང་།)

Black and Red Dog (fiction)

黑狗與紅狗(小說)

དང་པོ། ནག་རིལ་ལ་བདག་པོ་རག་པ།

ཁྱིའུ་འདི་རྒྱ་གར་གྱི་གྲོང་གསེབ་ག་གེ་མོའི་ལམ་ཟུར་དུ་གཞན་ཁྱི་ཕྲུག་ལྔ་དང་མཉམ་དུ་དུས་གཅིག་ཏུ་སྐྱེས་པ་ཞིག་རེད། ལྟས་དབང་གིས་ཐེངས་གཅིག་གཞུང་ལམ་ཟུར་དུ་ཆགས་པའི་རྒྱ་གར་གྲོང་གསེབ་ཀྱི་ཚོང་ཁང་ཆུང་ངུ་དེའི་ཁྱིམ་བདག་གི་བུ་ཆུང་སཱང་ཅིས་ཁྱི་མ་ཕྱི་ལ་སོང་བའི་དུས་དང་བསྟུན་ཁྱི་ཕྲུག་དྲུག་ནས་ཁོ་གདམ་ཁ་རྒྱག་ནས་འཁྱེར།

སཱང་ཅིའི་ཟེར་སྲོལ་ལྟར་ན།  ཁྱི་ཕྲུག་དེའི་རྣ་ཅོག་གཉིས་ཀྲོང་ངེར་ལང་ནས་སྙིང་རྗེ་མོ་ཞིག་ཡོད་སྐད། ཚོང་ཁང་བདག་པོ་དེས་རང་གི་བུ་སཱང་ཅིས་ཁྱི་ཕྲུག་ནང་ལ་འཁྱེར་བར་ཁོང་ཁྲོ་ཟ་བའི་རྐྱེན་གྱིས་བུ་ཆུང་སཱང་ཅིས་སྐབས་རེ་ཁྱི་ཕྲུག་ཁོ་ཚོའི་ཁྱིམ་གྱི་གོ་རའི་ནང་གློད་ཅིང་། ཡང་མཚམས་རེར་ཁྱི་ཕྲུག་ལ་ལྟོའང་མ་སྟེར་པ་དེ་འདྲ་སྒོའི་ཕྱི་ལ་བཞག་གི་ཡོད། ཁྱི་ཕྲུག་དེའི་སེམས་ནང་སཱང་ཅིས་ཁོ་རང་ལ་བྱམས་སྐྱོང་མ་བྱེད་སྟབས་གང་ལྟར་ཡང་ལྟོ་གྲོད་པ་བགྲང་ས་ཞིག་ལ་སླེབས་ན་ཅི་མ་རུང་ཨང་སྙམ།

 

ཉིན་ཞིག་སྒོ་འགྲམ་དུ་ཐག་རིང་ནས་སླེབས་པའི་ཡུལ་བསྐོར་སྤྲོ་འཁྱམ་པ་ཁྱུ་ཞིག་རླངས་འཁོར་ནས་སར་བབས་ཏེ་དེར་ངལ་གསོ་བྱས། དེའི་ནང་ཕྱི་གླིང་བའི་མགོ་སེར་གྱི་བུ་མོ་ཆུང་ཆུང་ཞིག་གིས་ཁོ་མཐོང་མ་ཐག་འཁྲིས་སུ་ཡོང་སྟེ་ཁོའི་མགོ་ལ་བྱིལ་བྱིལ་གྱིས་དགའ་སྣང་སྟོན།  ཁྱི་ཕྲུག་གིས་ཀྱང་གོ་སྐབས་དམ་འཛིན་གྱིས་རྔ་མ་གཡུག་གཡུག་དང་རྣ་མཆོག་ཀྲོང་ཀྲོང་། ཕར་རྒྱུག་ཚུར་རྒྱུག་གིས་ཨིན་ཨིན་ཨིན་ཟེར་ནས་ངོ་ཡག་གང་ལེགས་བྱས་སྟབས། བུ་མོ་ཆུང་ཆུང་དགའ་ཐག་ཆོད་དེ་ཁྱི་ཕྲུག་སྤང་ཁར་ལེན་ཏེ་རླངས་འཁོར་ནང་འཁྱེར། ཁྱི་ཕྲུག་བུ་མོའི་སྤང་ཁར་བསྡད་དེ་ལྗང་མདོག་གི་སྡོང་པོ་རེ་རེ་རླངས་འཁོར་གྱི་སྒེའུ་ཁུང་ཕྱི་ནས་ཡལ་བཞིན་པ་མཐོང་དུས། མིག་ནང་མཆི་མ་འཁོར་བཞིན་དཀོན་མཆོག་གིས་མཁྱེན། ངའི་ཕ་མ་སྤུན་ཡ་གཞན་ལྟར་དབུལ་ཕོངས་ཀྱི་གནས་ནས་གྲོལ་ཏེ་ལྟོ་ཟས་ཞིམ་པོ་ཁམ་བུ་གང་རག་ས་ཞིག་ལ་སླེབས་པར་ཤོག ཅེས་སྨོན་ལམ་འདེབས།

 

རི་གྲོང་དུ་བར་བརྒལ་གྱི་རླངས་འཁོར་བབས་ཚུགས་ཤིག་ལ་སླེབས་དུས་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ནས་བུ་མོ་དེའི་ཨ་མའི་བཙན་བཀའ་འོག་བུ་མོས་སླར་ཁྱི་ཕྲུག་དེར་གཡུག་ནས་འགྲོ་དགོས་བྱུང་། ཁྱི་ཕྲུག་སེམས་པ་ཧ་ཅང་སྐྱོ་བཞིན་ག་འགྲོ་འདི་འགྲོ་མི་ཤེས་པར་ཕར་འགྲོ་ཚུར་འོང་གི་རླངས་འཁོར་དབུས་སུ་མགོ་འཐོམ་ནས་བསྡད་དུས་ཁ་ལོ་བ་ཞིག་གིས་ཁོའི་རྐུབ་ལ་རྡོག་པ་ཤུགས་ཀྱིས་ཐེངས་གཅིག་བཞུས་པས་ཁྱི་ཕྲུག་ཁོ་ཏོག་ཙམ་མ་གཏོགས་དྲན་པའང་འཐོར་གྲབས་བྱས། ཁྱི་ཕྲུག་གི་སེམས་ནང་འདི་ལྟར་ཉིན་ཕྱེད་ཙམ་ལྟོ་ཟས་མ་རག་པ་གཞན་གྱིས་རྡུང་ནས་ཚེ་སྲོག་ཀྱང་ཤོར་སྲིད་སྙམ་ནས་སྐྱོ་སེམས་ཆེན་པོ་སྐྱེས། སྐབས་དེར་ཁ་ལོ་བ་དེས་སྐད་ཤུགས་ཆེན་པོས་མཱེ་ལོག་གམ་ཅིས། མཱེ་ལོག་གམ་ཅིས། ཅེས་མགྲོན་པོ་ཚོར་ས་ཆའི་མིང་འབོད་བཞིན་པའི་སྐབས། མགོ་ལ་བལ་ཞྭ་སེར་པོ་ཞིག་གྱོན་པའི་བོད་པའི་ཡུལ་གྱར་བ་གྲྭ་པ་ཞིག་གིས་ཁྱི་ཕྲུག་ལག་ཏུ་བཀྱག་ཐེངས་གཅིག་གིས་རླངས་འཁོར་ནང་འཛུལ། བརྟེན་ས་ཆགས་ས་མེད་པའི་ཁྱི་ཕྲུག་གིས་ཀྱང་ཁོའི་སྐྱབས་གནས་ལྟ་བུའི་གྲྭ་པ་དེར་རྔ་མ་ཤུགས་ཀྱིས་གཡུག་ཅིང་ཁོ་ཉར་མཁན་དེའི་ལག་པར་ལྕེ་ལྡག་རྒྱག་ཅིང་དགའ་སྣང་མཚོན་ཐབས་གང་ལེགས་བྱས།

 

 

ཆུ་ཚོད་ཕྱེད་མ་ཟིན་ཙམ་ནས་མཱེ་ལོག་གམ་ཅི་ཟེར་བའི་རི་གྲོང་དེར་སླེབས། ཁྱི་ཕྲུག་གིས་རླངས་འཁོར་ནས་ཕྱིར་ཐོན་རྗེས་འབབ་ཚུགས་སུ་གཞན་ཁྱི་འཁྱམ་རེ་གཉིས་ཡོད་པ་མཐོང་ནས་སེམས་ནང་གལ་ཏེ་གྲྭ་པ་འདིས་ཀྱང་ང་འདིར་གཡུག་བཞག་ན་ས་ཁུལ་གྱི་གཅོད་མཚམས་གསལ་པོར་སྲུང་མཁན་ཁྱི་རྒན་གཞན་དེ་ཚོས་ང་ལ་རྨུག་སྟེ་ཤི་མིན་རོ་མིན་བཟོ་སྲིད། ད་ཡིན་ན་དཀོན་མཆོག་གིས་མཁྱེན། ཞེས་མིག་གཉིས་བཙུམ་ནས་སླར་སྨོན་ལམ་རྩེ་གཅིག་འདེབས་བཞིན་ལྕེ་ལེབ་བཀྱང་ནས་གྲྭ་པའི་ལག་མགོར་ཧུར་ཐག་འབད་ཐག་གིས་ལྡག གྲྭ་པ་དེས་ཁྱི་ཕྲུག་དེ་འཁྱེར་ནས་བོད་པའི་ཡུལ་གྱར་གྱི་ལྟེ་གནས་རྡ་སའི་ཚོགས་པ་ཞིག་གི་ཐོག་རྩེགས་ཅན་གྱི་ཁང་ཐོག་གཉིས་པར་སོང་། གྲྭ་པས་སྐས་འཛེག་ཟུར་གྱི་ཁྱིམ་སྒོ་དེ་ཕྱེ་བཞིན་པའི་སྐབས། ཁྱིམ་མཚེས་ཀྱི་བུ་ཆུང་དེས་ཁྱི་ཕྲུག་མཐོང་ནས། རྒན་ཚེ་རིང་ལགས། ཁྱི་ཕྲུག་དེ་གང་ནས་རག་བྱུང་། མིང་ལ་ག་རེ་ཟེར། ཞེས་དྲིས་པས། གྲྭ་པ་ཕྱིར་འཁོར་ནས་ཁོའི་མིང་ལ་ཨེ། ཁོའི་མིང་ལ་ནག་རིལ་ཟེར། ངའི་ཁྱི་ཕྲུག་འདི་ལ་ངན་པ་བྱ་མི་ཆོག་ཨ། ཧ་གོ་སོང་ངེ་། ཞེས་བཤད་པར་ཁྱི་ཕྲུག་གི་སེམས་ནང་ད་ཡིན་ན་འགྲིག་སོང་། ང་ལ་བདག་པོ་ཞིག་རག་པ་མ་ཚད། ཁོང་གིས་ང་ལ་མིང་ཞིག་ཀྱང་གནང་སོང་བསམ་ནས་དགའ་སྤྲོའི་ངང་ནས་འཕགས་མཆོང་རྒྱག་བཞིན་དགའ་འབོད་འགའ་ཡང་བྱས།

 

 

 དེ་ལྟར་ཁྱི་ཕྲུག་ནག་རིལ་གྱི་ལས་དབང་དེ་འདི་ནས་གཏན་འབེབས་ལྟར་གྱུར། སྐུ་ཞབས་ཀྱིས་ནག་རིལ་ལ་ལྟོ་རྒྱག་ཚད་གནང་བ་མ་ཟད། གོ་སྐབས་བཟང་དུས་གྲྭ་པས་མཚམས་རེར་ནག་རིལ་ལ་ལུག་ཤ་རྡོག་བཙོས་ཀྱི་ཟས་འཕྲོའང་སྟེར་ཞིང་། གྲྭ་པ་དེའི་སྒོ་འགྲམ་དུ་ནག་རིལ་གྱི་ཆེད་དུ་རས་འཛར་འགའ་ཡིས་ཉར་ས་འབོལ་པོ་ཞིག་ཀྱང་བཅས། ནག་རིལ་ལ་ལྟོ་གོས་འཛོམས་ནས་བདག་པོའི་བྱམས་སྐྱོང་ཡོད་སྟབས་ལྷོད་དལ་གྱིས་བསྡད་ཅིང་། བོད་པའི་གྲྭ་པ་འདིའི་འགྲོ་འདུག་སྤྱོད་གསུམ་དང་འབྲེལ་ནས་བོད་བཙན་བྱོལ་བ་འདི་དག་གི་ལས་དབང་ལ་རྒྱུས་ལོན་ཡང་མང་ཙམ་བྱུང་། ནག་རིལ་གྱིས་དེའི་རིང་བདག་པོ་སར་ཡོང་མཁན་གྱི་མི་རྣམས་དང་གྲྭ་པའི་དབར་གྱི་ཁ་བརྡའི་ཐོག་ནས་གྲྭ་པ་ཁོང་ནི་དེ་སྔོན་རྒྱ་མིའི་བཙོན་ནང་ལོ་ངོ་སོ་གྲངས་ཚུད་ཅིང་མནར་གཅོད་སྣ་ཚོགས་མྱང་མྱོང་མཁན་བོད་མི་རིགས་ཀྱི་རྒྱལ་གཅེས་དཔའ་བོ་ཞིག་ཡིན་པ་ཤེས་རྗེས་ནག་རིལ་གྱི་སེམས་ནང་ངའི་བདག་པོ་འདི་གཞན་དང་མི་འདྲ་བ་གཟི་བརྗིད་ཅན་ཞིག་རེད་ཨང་བསམ་པའི་སྤོབས་པ་ཞིག་བསྐྱེད་པར་བརྟེན། མཚམས་རེར་ནག་རིལ་ཕྱིར་གཞུང་ལམ་ཟུར་དུ་འཁྱམ་ཙམ་བྱེད་སྐབས་དེ་སྔོན་ཐོག་མའི་དུས་ཀྱི་ཡ་ང་བའི་གནས་སྟངས་སྐྱུར་མོ་དེ་དག་དྲན་འཛིན་ཡིད་ནས་བོར་ཟིན་ཏེ། བཟའ་བཏུང་གི་དཀའ་ངལ་ཆེ་བའི་ཁོའི་རིགས་མཐུན་གཞན་གྱི་མདུན་ནས་ཅི་ཡིན་ཆ་མི་འཚལ་བའི་ཁེངས་དྲེགས་ཤིག་སྐྱེ་བཞིན་ཡོད།

 

 

གཞན་ཚོས་ཀྱང་ནག་རིལ་ནི་བདག་པོ་ཡོད་པའི་ཁྱི་ཞིག་ཡིན་པ་ཤེས་ནས་ཁོ་ལ་ཞེད་སྣང་དང་དེའི་མདུན་ནས་གང་བྱུང་བྱེད་ཕོད་ཀྱི་མེད། ནག་རིལ་གྱིས་ཚོགས་པ་དེའི་ནང་གི་ཁྱིམ་མཚེས་ཀྱི་ཕྲུ་གུ་བུ་དེ་གཙོས་མི་ཡོད་ཚད་མཐོང་མ་ཐག་དགའ་མདོག་བཏོན་ནས་རྔ་མ་གཡུག་གཡུག་དང་རྣ་ལྕོག་ཀྲོང་ཀྲོང་བྱེད་པར་བརྟེན། མི་དེ་དག་གིས་ཀྱང་དུས་རྒྱུན་དུ་ཁོ་ལ་དགའ་སྣང་བྱེད་ཅིང་། སྒོ་ཆེན་འཛུལ་མ་ཐག་ཡང་ན་ཁོའི་མགོ་ལ་བྱིལ་བྱིལ་དང་ཡང་ན་ལུས་ལ་རེག་སྟེ་ཟ་འཁྲུག་འཇགས་ཐབས་བྱེད་པ། ཡང་ན་ཁོ་ལ་རྩེད་མོ་ཏོག་ཙམ་ཡང་རྩེད་རོགས་སོགས་བྱེད་ཀྱི་ཡོད། དམིགས་བསལ་འོག་ཐོག་ཏུ་སྡོད་མཁན་ཨ་ཅེ་སེམས་བཟང་ཅན་དེས་མཚམས་རེར་ནག་རིལ། ནག་རིལ། འདིར་ཤོག ཟེར་ནས་དུས་མིན་གྱི་ལྟོ་ཞིམ་པོ་འགའ་ཡང་སྟེར་ཞིང་ཁོའི་མགོ་ལ་བྱིལ་བྱིལ་བྱེད། དེ་ལྟར་ནག་རིལ་ལྷོད་དལ་གྱི་འཚོ་བཞིན་བློ་ཡིད་ཚིམས་ནས་བསྡད་རྒྱུ་བྱུང་བ་རེད། ཁོས་མཚམས་རེར་གཞུང་ལམ་ཟུར་ནས་སོ་སོ་བསྡད་ས་ཁང་རྩེགས་དེ་མཐོང་དུས་ཁང་ཆེན་དེ་ཁོའི་སྒེར་ཁང་ཡིན་པའི་སྣང་བ་ཡིད་ལ་འཆར་བཞིན་སྤྲོ་སྣང་འཕེལ་དུས། ནག་རིལ་མཐོ་ས་ཞིག་ལ་འཛེམས་ནས་ཝོའུ་ཝོའུ་ཝོའུ་ཞེས་སྐད་དེ་ཙམ་ཡག་རྒྱུ་མེད་པ་དེ་རྒྱག་སྟེ་ཁོའི་དགའ་སྣང་ཕྱི་ལ་མངོན་གྱི་ཡོད་པ་རེད།

 

 

གཉིས་པ། དམར་རིལ་དང་ཐུག་པ།

 

དགུན་དུས་ཀྱི་ཉིན་ཞིག་ལ། དེ་སྔོན་ནག་རིལ་ལ་ལྟོ་ཟས་མང་པོ་གནང་མྱོང་མཁན་ཚོགས་པ་དེའི་ཨ་ཅེ་དེས་སྤུ་མདོག་དམར་སེར་ཅན་གྱི་ཁྱི་ཞིག་སྤང་ཁར་བཀྱག་ནས་སླེབས་བྱུང་། ནག་རིལ་གྱིས་དེ་མཐོང་རྗེས་ཨ་ཅེའི་མི་མཐོང་ས་ནས་ཁྱི་དེར་ཕྲག་དོགས་ཀྱི་མེ་ལྕེ་འབར་ཏེ་ཁྱི་དམར་དེ་དང་འཛིང་རིས་ཐེངས་གཅིག་བྱས། ཁྱི་དམར་དེ་ནག་རིལ་ལས་ལོ་ཅུང་ཆུང་བ་མ་ཟད། གཟུགས་སྟོབས་བཟང་ཡང་ནག་རིལ་སེམས་ཤུགས་ཆེན་པོས་ཟུག་སྟེ་ཁྱི་དེར་མཆོང་ཞིང་ཁོ་ལ་སོ་རྒྱག་ནས་རྨས་མ་བཟོས་རྗེས་ས་དེ་ནས་ཁྱི་དེ་ཕྱི་ཕུད་གཏོང་དགོས་སྙམ་པའི་ཧམ་སེམས་སྐྱེས། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁྱི་དམར་པོ་དེ་ངར་པོ་ཡོད་པ་མ་ཟད། གཤིས་ཀ་རྩུབ་ཅིང་ཁྱི་གཞན་དང་འཛིང་དུས་ཡོངས་རྫོགས་བློས་བཏང་གིས་ཤི་མིན་རོ་མིན་བར་འཛིང་དགོས་མཁན་ཞིག་རེད་འདུག

 

ནག་རིལ་ཁྱི་དམར་དེ་ལས་ལོ་ཆེ་ཞིང་གཟུགས་པོའི་ནུས་ཤུགས་ཁོ་ནས་ཀྱང་ཁོས་ཁྱི་དམར་དེ་ཁོས་བཙན་བཟུང་བྱས་ཡོད་སྙམ་པའི་ཁང་རྩེགས་དེ་ནས་ཕྱི་ཕུད་གཏོང་བསམ་པའི་རེ་བ་སྟོང་ཟད་དུ་གྱུར། དུས་མཚུངས་སུ་ཁྱི་དམར་གྱི་བདག་པོ་ཨ་ཅེ་དེས་ཀྱང་སྲུང་སྐྱོར་ཡོད་པས་རེད། ཉིན་དེར་ནག་རིལ་གྱིས་ཁྱི་དམར་དེའི་མགོ་ལ་རྨུག་ཅིང་ཁྱི་དམར་གྱིས་ཀྱང་ནག་རིལ་གྱི་རྣ་མཆོག་ཡ་གཅིག་ལ་སོ་རྒྱབ་རྒྱུ་རྙེད་དེ་རྩ་བ་ནས་གློད་གྲབས་མི་འདུག ཁྱི་དམར་ནག་གཉིས་དུས་ཡུན་འཛིང་རྗེས་ནག་རིལ་ཡང་ཤུགས་རྫོགས་ནས་ཁྱི་དམར་དེས་ཕམ་ཁར་གྱར་གྲབས་སྐབས། ཨ་ཅག་ལགས་དེ་ཕྱིར་དོན་ནས་ལམ་སང་ནག་རིལ། ནག་རིལ། ཞེས་སྐད་རྒྱག་པར་བརྟེན། དེ་ནས་ནག་རིལ་གྱིས་དེ་མུར་ཁྱི་དམར་ལ་རྨུག་རྒྱུ་མཚམས་བཞག་སྟེ་ཨ་ཅེར་རྔ་མ་གཡུག་ཙམ་གཡུག་ཙམ་བྱས་ནས་མོའི་ཟུར་དུ་བཅར། དེ་ནས་ཁྱི་དམར་པོ་དེའང་ཚུར་རྒྱུག་ཡོང་ནས་ཧུར་ཐག་གིས་ཨ་ཅེའི་ལག་པར་ལྕེ་ལྡག་རྒྱག ཨ་ཅེས་ནག་རིལ། ལྟོས་དང་། འདི་ཁྱོད་ཀྱི་གྲོགས་པོ་དམར་རིལ་རེད། ད་ནས་བཟུང་ཁྱོད་རང་གཉིས་འཆམ་པོ་བྱེད་དགོས། ཤེས་སོང་ངེ་། ཞེས་བཤད། ནག་རིལ་གྱིས་རྣ་ཁུང་ནས་ཧུན་སྒྲ་ཞིག་ཕུད་དེ་དམར་རིལ་ལ་མི་དགའ་བའི་རྣམ་འགྱུར་ཞིག་བཏོན། སེམས་ནང་ད་ཡིན་ན་ཁང་རྩེགས་འདི་ང་གཅིག་པུར་ལ་དབང་ཐབས་མེད་པ་གྱུར་ཟིན་པ་རེད། ཅེས་ཆིག་ལབ་རྒྱག་བཞིན་རང་རང་སར་ལོག

 

 ཉིན་གཅིག་དམར་རིལ་གྱིས་ཁང་པའི་ཡང་སྟེང་ཐོག་གི་བྱ་ཁ་ཏ་དང་། ཡང་ན་སྤྲ་དང་སྤྲིའུ་རེ་གཉིས་མཐོང་དུས་ཤུགས་ཡོད་ཚད་ཀྱིས་སྐད་ཅོར་རྒྱག་པ་མ་ཟད། ལྕང་སྡོང་ཕྱོགས་སུ་རྒྱུག་ནས་འཕགས་མཆོང་རྒྱག་བཞིན་བྱ་བྱིའུ་དང་སྤྲ་སྤྲིའུ་རིགས་ལ་འཇིགས་སྣང་བསྐུལ་ཐབས་བྱེད་པར་མཐོང་དུས། གྲྭ་པའི་ཁྱིམ་མཚེས་ཀྱི་མི་དེས་ཧ་ཧ་ཧ་ལྟོས་དང་། ཁྱི་དམར་རིལ་འདི་ངོ་མ་ངར་མ་ཞིག་རེད། ཁོས་སྤྲིའུ་ལའང་སོ་རྒྱག་གྲབས་བྱེད་ཀྱི་འདུག ཅེས་བཤད་པར་ཐོས་སྐབས་དམར་རིལ་གྱིས་དེ་བས་ཧུར་ཐག་གིས་འཕགས་མཆོང་རྒྱག་བཞིན་སྤྲིའུ་ཡི་ཕྱོགས་སུ་ཟུག ནག་རིལ་གྱིས་གནས་སྟངས་དེ་མཐོང་ནས་སྔར་ལྟར་སྣ་ཁུང་ནས་ཧུན་སྒྲ་ཞིག་ཕུད་དེ། ཀེ་དམར་རིལ། ཁྱོད་ཀྱིས་མི་འདི་ཚོའི་མདུན་ནས་དེ་འདྲ་འཁྲབ་དགོས་དོན་གང་ཡིན་ནམ། སྤྲ་སྤྲིའུ་ཟིན་ཐབས་མེད་པ་ཤེས་བཞིན་དུ་ཁྱོད་ཀྱིས་དེ་འདྲ་མི་དེ་ཚོའི་མདུན་དུ་ཟློས་གར་འཁྲབ་དགོས་དོན་ག་རེ་རེད། ཅེས་བཤད། དམར་རིལ་གྱིས་ནག་རིལ་གྱི་སྐད་ཆ་དེ་ཐོས་མ་ཐག ཁྱོད་ཀྱིས་ཅི་ཤེས་ཀྱི་ཡོད། ཚང་མས་ང་ངར་པོ་ཡོད་པ་ཤེས་ཀྱི་རེད། ངའང་ཁྱོད་ནང་བཞིན་བཟའ་བཏུང་ཙམ་གྱིས་འགྲིག་མཁན་དེ་འདྲ་རེད་བསམ་ཡོད་འགྲོ ང་ལ་ལྟོ་ཟ་རྒྱུ་ལས་ད་དུང་ཁང་པ་འདི་སྲུང་རྒྱུའི་འོས་འགན་ཡོད་པ་རེད། ཤེས་སོང་ངེ་། ཞེས་བཤད།

 

ནག་རིལ་གྱིས་ཁོའི་སྐད་ཆ་དེ་གོ་མ་ཐག གད་མོ་བཀག་མ་ཐུབ་པར། ཝུ་ཝུ་ཝུ་ད་གཡུག་ཞོག ཁྱོད་མ་གཏོགས་ཁང་པ་འདི་ལ་སྒོ་ཁྱི་ཡོད་མ་རེད་བསམ་སོང་ངེ་། ཁྱོད་འདིར་མ་སླེབས་སྔོན་ནས་ང་འདིར་སླེབས་ཚར་བ་རེད། ངེད་གཉིས་ལ་ཉུང་མཐའ་ཡང་སླེབས་སྔ་ཕྱི་ཙམ་གྱི་གོ་རིམ་ཡོད་རེད། ཁྱོད་ངའི་མདུན་ནས་འུར་མ་རྒྱབ། ཧ་གོ་སོང་ངེ་། དམར་རིལ་གྱིས་ཀྱང་མགོ་གཡུག་ཙམ་གྱིས་ཁྱོད་ལ་ཧ་ལས་རྒྱུ་ག་རེ་ཡོད་དམ། ཁྱོད་ད་ལྟ་རྒས་འཁོག་ཆག་ཟིན་པ་རེད། ཁང་རྩེགས་འདིའི་བདག་པོ་ང་རེད། ཅེས་བཤད་རྗེས་ཁོ་རང་ལ་བསྟོད་བསྔགས་གཏོང་མཁན་མི་དེའི་རྗེས་སུ་རྒྱུག ནག་རིལ་ཁོང་ཁྲོ་མེ་ལྟར་འབར་ཡང་ཅི་བྱ་གཏོལ་བྲལ་གྱིས་དེ་མུར་ལུས། ཁོའི་སེམས་ནང་དམར་རིལ་འདི་ཡིན་ན་ཁོང་ཁྲོ་ཚ་བའི་སྒང་ཁེངས་དྲེགས་ཆེ་བ་ཞིག་རེད། མདོར་ན་ང་ཁྱི་ཁོ་དང་གཅིག་མཚུངས་བྱེད་རྒྱུ་མེད། ལོ་ཆེ་ཆུང་ཟེར་བ་འདིར་ལྟ་རྒྱུ་ཉུང་ཙམ་ནི་ལོས་ཡོད། དེ་བས་ཁོ་ལ་སྙིང་རྗེ་སྐྱེ་རྒྱུ་ལས་ཅི་ཡོད། ནག་རིལ་གྱིས་དེ་ལྟར་ཁེར་ལབ་བྱེད་བཞིན་བློ་ཡིད་ཚིམས་པ་ལྟར་སར་བསྡད་དེ་ངལ་གསོས།

 

 

དེ་ནས་ཚོགས་པ་དེས་མ་བྱན་གྱིས་རྒྱུན་དུ་ཁྱི་ནག་རིལ་ལ་ཟས་ལྷག་སྤྲོད་ཀྱི་ཡོད་པ་ལྟར། ནག་རིལ་དུས་ཐོག་སྤྱི་ཐབ་ཀྱི་སྒོ་འགྲམ་དུ་སོང་། མ་བྱན་ལགས་ཀྱིས་སྔར་ལྟར་ནག་རིལ། ནག་རིལ། ཤོག་ཤོག་ཟེར་ནས་ཁོ་ལ་འབྲས་དང་སྔོ་ཚལ་རྔོས་མའི་ཁུ་བ་དང་། སྲན་མའི་ཐུག་པ་བཅས་མཉམ་བསྲེས་བྱས་པའི་ཟས་ཤིག་སྦྱིན། ནག་རིལ་གྱིས་རྔ་མ་གཡུག་གཡུག་གིས་ཟས་ལ་རོལ་བརྩིས་སྐབས། དམར་རིལ་གྱིས་མཐོང་སྟེ་དེར་རྒྱུག་ཡོང་ནས་ནག་རིལ་གྱི་ཟ་མ་འཕྲོག་གྲབས་བྱས། མ་བྱན་ལགས་ཁོང་ཁྲོ་དང་བཅས་དབྱུག་པ་ཞིག་འཁྱེར་ཡོང་ནས། དམར་རིལ། ཕར་རྒྱུགས། ཁྱི་འདི་ཡིན་ན་ཧམ་པ་དང་ཁེངས་དྲེགས་ཚ་བ་ལ་ནི་ཁྱི་གཅིག་དང་འདྲ་ཡི་མི་འདུག ནག་རིལ་གྱི་ལྟོ་འཕྲོག་དགོས་བསམ་གྱི་འདུག་གམ། ཡ་ད་འོ་ན་འདི་ཟོ། ཟེར་ནས་དབྱུག་པ་ཞིག་དམར་རིལ་གྱི་མགོ་ལ་ཤུགས་ཀྱིས་བཞུས། དམར་རིལ་མགོ་ན་ནས་སྐད་ཅོར་རིང་མོ་ཞིག་ཤོར་ཏེ་གཞན་ལ་བྲོས། ནག་རིལ་དགའ་ཐག་ཆོད་དེ་དལ་པོའི་ངང་དེར་ལྟོ་ལྷག་ལྷོད་ལྷོད་ཀྱིས་ཟོས་ནས་བསྡད། ཟས་ཟ་ཚར་ནས་ནག་རིལ་ཁང་པ་དེའི་ཐོག་རྩེགས་གཞན་ཞིག་ལ་སོང་བས་དམར་རིལ་ཡང་དེར་བསྡད་ཡོད་པ་མཐོང་། དམར་རིལ་དེ་མུར་ཡང་ལངས་སྟེ། ངས་ཁྱོད་དང་མཉམ་དུ་ལྟོ་ཟ་མི་ཆོག་པ་ག་རེ་རེད། སྤྱི་ཐབ་ནང་གི་ལྟོ་དེ་ངེད་གཉིས་ཀར་ཟ་བའི་དབང་ཆ་ཡོད་རེད། ལྟོ་དེ་མ་བྱན་ལགས་ཁོ་རང་གཅིག་པུར་གྱི་མ་རེད། དེ་ཚོགས་པ་འདིར་བསྡད་པའི་མི་ཚང་མའི་རེད། ཤེས་སོང་ངེ་། ཞེས་བཤད་པར་ནག་རིལ་ཁོང་དགོད་ཅིག་དང་སྦྲགས། རེད་རེད། ཚང་མའི་རེད། འོ་ན་ཁྱོད་ཀྱི་བདག་པོ་ཨ་ཅེས་བཞག་པའི་ལྟོ་དེ་ཚོ་ང་ལ་ཟ་མི་བཅུག་པ་གང་ཡིན་ནམ། མ་བྱན་ལགས་ཀྱིས་སུ་ལ་ལྟོ་ཟས་སྤྲོད་འདོད་ཡོད་ན་དེ་ཁོང་གི་དབང་ཆ་རེད། ཁྱོད་ལ་ཇུས་རྟོག་འཕྲད་ཀྱི་མ་རེད། ནག་རིལ་གྱིས་བཤད་པའི་སྐད་ཆ་དེ་དག་ཐོས་རྗེས་དམར་རིལ་ཁོང་ཁྲོ་ལངས་ནས། རེད་རེད། འོ་ན་རྗེས་མ་ཁྱོད་ང་བསྡད་ས་ཁང་རྩེགས་འདིའི་ཐོག་སླེབས་མ་ཡོང་། ངའང་ཁྱོད་རང་བསྡད་ས་ཁང་བརྩེགས་དེའི་སྒང་སླེབས་མི་ཡོང་། ང་རང་ཉིན་དེ་རིང་ནས་བཟུང་ཤ་ཁ་ཁ་དང་རུས་པ་སོ་སོ་ཡིན། ཁ་ཁ་སོ་སོ་ཡིན་ན་ཡིན། ག་རེ་ཧ་ལས་རྒྱུ་ཡོད་དམ། སླེབས་མི་ཡོང་ཆོག ཧུན་་་འདིར་ཟ་རྒྱུ་འཐུང་རྒྱུ་གང་ཡང་མེད་པ་ང་འདིར་ཡོང་འདོད་ཆེན་པོ་ཡོད་རེད་བསམ་སོང་ངེ་། ནག་རིལ་ནས་དམར་རིལ་གྱིས་ཁོ་པའི་སྐད་ཆ་དེར་ལན་བསློག་འདོད་མེད་པར་མཐོང་ནས་དལ་བུལ་ངང་གཞན་ཕྱོགས་སུ་སོང་། དེ་ནས་ཁྱི་དམར་རིལ་དང་ནག་རིལ་གཉིས་དུས་ཡུན་རིང་པོའི་ནང་སོ་སོའི་སར་བསྡད་པ་དང་། མཚམས་རེར་ལམ་ཁ་ནས་ཐུག་ཀྱང་མ་མཐོང་མདོག་མདོག་གིས་སོ་སོའི་སར་ལོག་འགྲོ་བ་ལས་མཉམ་དུ་འགྲོག་པའི་ལུགས་སྲོལ་མེད་པ་རེད།

 

 

 

གསུམ་པ། དམར་འཛིང་ཐེངས་གཅིག་གི་བྱུང་འབྲས།

 

ཉིན་དེར་དམར་རིལ་དང་ནག་རིལ་གཉིས་མཉམ་དུ་ལས་དབང་ཞིག་ལ་མཐུན་མོང་གིས་ཁ་གཏད་གཅོག་དགོས་བྱུང་ཡོད། དེའང་དམར་རིལ་ཁང་རྩེགས་དེའི་ཕྱིའི་གཞུང་ལམ་ཟུར་གྱི་གད་སྙིགས་ནང་ཟས་ལྷག་འདྲ་རག་ཐབས་ཀྱིས་བསྔོག་བཞིན་པའི་སྐབས། གློ་བུར་དུ་སྤུ་དམར་སྐྱ་ཅན་གྱི་ཁྱི་རྒན་ཞིག་དེར་འབྱོར་ནས་དམར་རིལ་གྱི་ཁ་ནས་ཟས་འཕྲོག་བརྩིས་བྱས། དམར་རིལ་ཁོང་ཁྲ་ཟོས་ནས་ཁྱི་རྒན་དེར་འཛིང་སྟེ་ཕན་ཚུན་སོ་རྨུག་རས་བྱས། སྐབས་དེར་བུད་མེད་ཅིག་ལམ་ཟུར་ནས་འགྲོ་བཞིན། ཨ་མ་ལོ། ཁྱི་འདི་གཉིས་ཞེད་སྣང་ཚ་བ་ལ། ཟེར་ཞོར་མགྱོགས་པོ་མདུན་དུ་རྒྱུག་སོང་། དམར་རིལ་གྱིས་ཁྱི་རྒན་གྱི་ལྟག་རྒྱབ་ནས་སོ་ཁམ་བུ་གང་རྨུག་རྒྱུ་བྱུང་བ་དེ་ཤུགས་ཀྱིས་འཇུས་ནས་མ་གློད། ཁྱི་རྒན་གྱིས་ཀྱང་མགོ་ཕྱིར་འཁོར་ནས་དམར་རིལ་གྱི་ལྟོ་བར་སོ་ཞིག་འདེབས་ཐབས་བྱས་ཀྱང་དེ་མ་ཐུབ་སྟབས། ཡང་དམར་རིལ་གྱི་རྐང་པར་སོ་རྒྱག་རྒྱུ་བྱུང་བས་ཤུགས་ཀྱིས་རྨུག་པས་དམར་རིལ་གྱིས་རྐང་པ་ནས་ཁྲག་དམར་ཕྱི་ལ་འཛར། དམར་རིལ་གྱིས་ཐོག་མའི་དུས་སུ་ཁྱི་རྒན་དེར་ཞེད་སྣང་ཏོག་ཙམ་བསྐུལ་དགོས་བསམ་པ་ལས་མེད་ཀྱང་ད་ཆ་དམར་རིལ་གྱི་རྐང་པའི་རྨ་ཁ་ནས་ཁྲག་འཛར་བཞིན་ན་ཟུག་གིས་ངུ་ཡང་ཤོར། དེ་ནས་དམར་རིལ་གྱིས་སླར་ཡང་ས་དེར་ཁྱི་རྒན་དང་ཕན་ཚུན་འཇུས་སྟེ་བསྐོར་བ་འགར་བརྒྱབ།

 

 

དེ་ལྟར་ཁྱི་རྒན་དང་དམར་རིལ་གཉིས་ཀ་དཀའ་ལས་ཁག་བཞིན་པའི་སྐབས་སུ། ཡང་ཁྱི་ནག་ཁྲ་ཞིག་ཀྱང་དེར་རྒྱུག་ཡོང་ནས་ཝོའུ་ཝོའུ་ཝོའུ་ཞེས་དམར་རིལ་ལ་ངར་སྐད་དང་སྦྲགས་མཆུ་ཏོ་གཉིས་བརྫེས་ཤིང་མཆེ་བ་ཕྱིར་བཏོན་བཞིན་དམར་རིལ་གྱི་རྔ་མའི་ཕྱོགས་སུ་སོ་རྒྱག དེ་མུར་དམར་རིལ་ན་ཚས་མ་བཟོད་པར་སླར་ཡང་ཁྱི་རྒན་གློད་དེ་ནག་ཁྲ་དེར་ཕྱོགས་ནས་འཛིང་རས་བྱས། དེ་ནས་ཁྱི་རྒན་དང་ནག་ཁྲ་གཉིས་ཀྱིས་དམར་རིལ་ལ་མཉམ་རུབ་བྱས། དུས་ཡུན་ནང་དམར་རིལ་གྱི་མགོ་ལ་ཁྱི་གཞན་དེ་གཉིས་ཀྱིས་རྨུག་སྟེ་ཁྲག་དམར་སར་ཟགས། དམར་རིལ་གྱིས་ཀྱང་ནུས་ཤུགས་ཡོད་རྒུས་འཐབ་འཛིང་བྱས་ཀྱང་ཤུགས་ཀྱིས་མ་མདང་བར་ཁྱི་གཞན་གཉིས་ཀྱིས་ཁོ་རང་བསད་གྲབས་བར་དུ་མཉམ་རུབ་བྱས། དེ་ལྟར་དུས་ཡུན་ཙམ་འཛིང་རས་བྱས་རྗེས་དམར་རིལ་གྱི་སེམས་ནང་ད་ཡིན་ན་ཚར་སོང་། ཁོ་གཉིས་ཀྱིས་ང་བསད་ས་རེད་སྙམ་ནས་ཡིད་མུག་བཞིན་ལུས། དུས་དེར་མི་ཞིག་འདིར་སླེབས་ཡོང་ན་ཅི་མ་རུང་སྙམ། འོན་ཀྱང་དགོས་པའི་དུས་ལ་ལམ་ཟུར་དུ་མི་གཅིག་ཀྱང་མ་སླེབས་པར་དམར་རིལ་ད་དུང་ཡང་ཁྱི་གཞན་གཉིས་ཀྱིས་སར་བསུབ་ནས་བསྡད། དམར་རིལ་གྱི་མགོ་དང་རྔ་མ། དེ་བཞིན་རྐང་པ་ཡོངས་རྫོགས་ལ་རྨ་བཟོས་ནས་ཟུག་གཟེར་ཆེན་པོ་ལང་། དམར་རིལ་དེ་ནས་བཟོད་མ་ཐུབ་པར་འུ་ཐུག་སྟེ་ཝུའུ་ཝུའུ་ཝུའུ་ཞེས་སྐད་ཤུགས་ཡོད་ཚད་ཀྱིས་ངུས།

 

 

དེ་ནས་མི་ཞིག་གིས་ཁྱི་ཕྲུག་ཅིག་འཁྲིད་དེ་དམར་རིལ་ཁོ་ཚོའི་འཕྲིས་ནས་སླེབས་ཀྱང་བདག་པོས་ཁྱི་ཕྲུག་ལ་གནོད་མི་ཡོང་ངམ་བསམ་བཞིན་ལམ་སེང་ཁོ་པའི་ཁྱི་ཕྲུག་པང་ཁར་བཀྱག་ནས་དམར་རིལ་ནི་ད་ལྟ་ཤི་གསོན་གཉིས་ཀྱི་མཚམས་སུ་སླེབས་པར་ཡ་ང་སྙིང་རྗེ་མེད་པའི་སྒོ་ནས་གཞན་ཕྱོགས་སུ་སོང་། དམར་རིལ་གྱི་གཟུགས་པོ་གང་སར་རྨས་མ་བཟོས་ནས་ཁྲག་དམར་སར་འཁྱིལ། མཐར་དམར་རིལ་རྩ་བ་ནས་འཛིང་བའི་ནུས་པ་ཡོངས་སུ་རྫོགས་ཏེ་སར་རིལ། དམར་རིལ་གྱི་མིག་གཉིས་ནས་མཆི་མ་ལྷུང་ལྷུང་འབབ་བཞིན་པ་ཡིན་ཡང་ཁྱི་རྒན་དང་ནག་ཁྲ་གཉིས་ཀྱིས་ད་དུང་ཡང་ཁོ་རང་ཐར་པ་གཏོང་བརྩིས་མེད་པར་མུ་མཐུད་དམར་རིལ་ལ་སོ་རྒྱག་སྟེ་བཟུང་ནས་བསྡད། ད་ཡིན་ན་ང་དེ་རིང་ཤི་ས་རེད། དམར་རིལ་གྱིས་སླར་ཡང་སྐད་རྒྱག་སྟེ་སྲོག་སྐྱོབས་རོགས་ཟེར་ནས་འབོད་དགོས་བསམ་ཡང་ཁོའི་ནུས་ཤུགས་ཡོད་རྒུ་རྫོགས་ཟིན་འདུག དམར་རིལ་སར་འགྱེལ་ནས་མགོ་བོ་ཅུང་ཡར་དགྱེ་བཞིན་གནམ་ལ་ལྟ་དུས་ནམ་མཁའ་ཡང་ནག་རོབ་བེར་ལྟ་བུར་འགྱུར་འགོ་བརྩམས་བྱུང་། དེ་ནས་རྒྱ་གར་བ་རག་བཟི་ཞིག་གིས་ཆིག་ལབ་རྒྱག་བཞིན་དམར་རིལ་གྱི་གནས་སྟངས་དེ་མཐོང་། འོན་ཀྱང་ཁོས་ཀྱང་ལམ་ཟུར་ནས་རྡོ་ལེབ་ཅིག་འཁྱེར་ཡོང་ནས་དམར་རིལ་གྱིས་མགོ་ལ་ཤུགས་ཀྱིས་བཞུས། ཅི་ཡིན་ཆ་མི་འཚལ་བའི་རྡོ་ཐེངས་གཅིག་བཞུས་པ་དེས་དམར་རིལ་དེ་མུར་དྲན་མེད་དུ་གྱར།

 

 

དུས་ཡུན་རྗེས་དམར་རིལ་དྲན་པ་སོས་དུས་གཞན་ཁྱི་གཉིས་ཀྱིས་ཁོ་ལ་སོ་རྒྱག་རྒྱུ་མཚམས་བཞག་ནས་ཟས་ལྷག་རྣམས་སྒྲུབ་ནས་བསྡད་པར་མཐོང་། བསམ་ཡུལ་ལས་འདས་པ་ཞིག་ལ་སྐབས་དེར་དམར་རིལ་གྱིས་ནག་རིལ་སྐད་རྒྱག་བཞིན་གློག་དམར་འཁྱུག་པ་ལྟར་འདིའི་ཕྱོགས་སུ་རྒྱུག་ཡོང་བ་མཐོང་། དམར་རིལ་གྱིས་མཐའ་མའི་སྐད་ཡོད་ཚད་ཀྱིས་ནག་རིལ། ང་སྲོག་སྐྱོབས་རོགས། ནག་རིལ། ཞེས་འབོད། ནག་རིལ་དེར་སླེབས་མ་ཐག་བསམ་ཡུལ་ལས་འདས་པའི་དཔའ་ངར་ཆེར་བསྐྱེད་ཀྱིས། ཁྱི་རྒན་དེའི་མགོ་པགས་ནས་བཟུང་ནས་ཤུགས་ཀྱིས་རྨུག དེ་ནས་ཁྱི་རྒན་ཟུག་ངུ་དང་བཅས་གཞན་ལ་བྲོས། ནག་རིལ་གྱིས་སླར་ཡང་ཁྱི་ནག་ཁྲ་དང་འཛིང་རིས་བྱས་མཐར་ནག་ཁྲའང་དཀའ་ལས་ཁག་ནས་གཞན་ལ་བྲོས་སོང་། ནག་རིལ་གྱིས་སར་དྲན་མེད་དུ་གྱར་ནས་རིག་པ་གྲུང་གྲུང་མེད་པའི་དམར་རིལ་གྱི་ལག་པ་ནས་འཐེན་ཙམ་གྱིས་དམར་རིལ། དྲན་པ་སོས་དང་། ག་རེ་བྱས་པ་རེད། དམར་རིལ། ཞེས་ཡང་ཡང་འབོད་བཞིན་པའི་སྐད་གོ་དུས། དམར་རིལ་གྱིས་ནུས་ཤུགས་ཡོད་རྒུས་ནག་རིལ་ལ་ལྟ་ཙམ་གྱིས་ནག་རིལ། ཐུགས་རྗེ་ཆེ། ཁྱེད་ངའི་སྲོག་སྐྱབས་དྲིན་ཆེན་ཡིན། དེ་རིང་ཁྱེད་མེད་ན་ང་ཏོག་ཙམ་མ་གཏོགས་ཚར་སོང་། ཐུགས་རྗེ་ཆེ། ཞེས་སྐད་མགོ་དམའ་མོས་མིག་ནས་མཆི་མ་ལྷུང་བཞིན་དེ་ལྟར་བཤད། ནག་རིལ་གྱིས་ཐུགས་རྗེ་ཆེ་ཟེར་དགོས་མ་རེད། ང་གཉིས་ཁང་རྩེགས་གཅིག་ནང་གི་ཁྱི་རེད་པ། རྗེས་མ་ཁྱི་འཁྱམ་འདི་ཚོར་གཟབ་གཟབ་བྱ་དགོས་རེད། ས་ཆ་འདིར་ཁྱི་རྒན་དེའི་རྗེས་འབྲང་སྤྲང་ཁྱི་ཁྱུ་ཞིག་ཡོད་རེད། རྗེས་སུ་ཕྱི་ལ་ཡོང་དུས་ངེད་གཉིས་མཉམ་འགྲོག་བྱ་དགོས། མ་རེད་པས། དམར་རིལ་སེམས་འགུལ་ཆེན་པོ་ཐེབས་ཅིང་མགོ་བོ་གཡུག་ཙམ་གྱིས་མོས་འདོད་བྱས། དེ་ནས་ནག་རིལ་གྱིས་དམར་རིལ་ཡར་སྐྱོར་བཞིན་ཕྱིར་ཁྱིམ་ནང་ལོག

 

 

བཞི་པ། འཆམ་མཐུན་འགོ་བརྩམས་པ།

 

ནག་རིལ་གྱིས་དམར་རིལ་སྲོག་སྐྱོབས་ནས་བཟུང་ཁོ་གཉིས་འཆམ་པོར་གྱུར། འོན་ཀྱང་རྩ་བའི་ཆ་ནས་ཁོ་གཉིས་གཤིས་ཀ་མི་མཚུངས་པའི་རྐྱེན་གྱིས་དུས་ཡུན་རིང་པོར་མཉམ་འགྲོག་བྱེད་མི་ཐུབ། དམར་རིལ་ནས་དེ་སྔོན་ནག་རིལ་གྱིས་ཁོ་བོའི་སྲོག་སྐྱབས་མྱོང་སྟབས་གང་ཐུབ་ཀྱིས་ནག་རིལ་ལ་གུས་བཀུར་མཚོན་ཐབས་བྱེད་ཀྱི་ཡོད། འོན་ཀྱང་དུས་ཡུན་རིང་པོར་ནག་རིལ་དང་གཤིབ་འདོད་ཀྱང་མེད། དེ་བཞིན་ནག་རིལ་ཡང་དམར་རིལ་ནི་གཤིས་སྤྱོད་རྩུབ་ཅིང་འུར་ཟིང་ཚ་བའི་ཁྱི་ཀླད་མེད་ཅིག་ལ་མཐོང་ཞིང་རྒྱུན་རིང་དམར་རིལ་དང་འགྲོག་རྒྱུར་མི་དགའ། ཡིན་ཡང་དམར་རིལ་དང་ནག་རིལ་གཉིས་ཀ་གནས་སྡོད་བྱེད་ས་གཅིག་པ་དང་། ཕྱིར་ཁྲོམ་ལམ་དུ་སོང་ཡང་ཁྱི་འཁྱམ་གཞན་གྱིས་རུབ་འཛིང་མི་ཡོང་བའི་ཆེད་དུ་ཕན་ཚུན་ལྟ་རྟོག་དང་རོགས་འདེད་མི་བྱེད་ཀ་མེད་ལྟ་བུར་གྱུར།

 

 

ཐེངས་ཤིག དམར་རིལ་སྤྲང་འཁྱམ་བྱེད་མཁན་གྱི་ཁྱི་མོ་ཞིག་དང་འཕྲད། དེ་ནས་དམར་རིལ་མཚམས་རེར་གྲོང་རྡལ་དབུས་སུ་ཆགས་པའི་རླང་འཁོར་འབབ་ཚིགས་ཀྱི་རྒྱ་ལམ་ཟུར་དུ་གནས་པའི་ཁྱི་མོ་དེའི་ཁྱིམ་དུ་འཆམ་འཆམ་ལ་འགྲོ་ཡི་ཡོད། ཁྱིམ་མོའི་ཁྱི་ཚང་དུ་རས་འཛར་མང་པོས་ཉལ་ས་འབོལ་པོ་བཟོས་ནས་ཉལ་ཆོག་ཆོག་བཟོས་འདུག་ལ། ཟུར་དུ་ཟ་འཕྲོ་ལྷག་མ་དང་རུས་པ་འགའ་ཡང་མཐོང་རྒྱུ་འདུག དམར་རིལ་གྱིས་ཁྱི་མོ་ལ་ལྕེ་ལྡག་རྒྱག་ཅིང་དགའ་མདོག་བཏོན་སྟབས་ཁྱི་མོའང་སྤྲོ་སྣང་བཟོད་མ་ཐུབ་ནས་ཨིང་ཨིང་ཨིང་ཞེས་འདོད་སྐད་ཤོར། དམར་རིལ་གྱིས་གོ་སྐབས་དམ་འཛིན་གྱིས་ཁྱི་མོའི་རྐུབ་ལ་ལྕེ་ལྡག་རྒྱག་སྟེ་ཁྱི་མོ་བསྐོར་ནས་དགའ་མདོག་བཏོན་ཞོར་ཁྱི་མོའི་ལུས་ལ་འཛེགས། དམར་རིལ་འདོད་ཆགས་འཕར་བཞིན་ཁྱི་མོའི་རྒྱབ་ནས་ཤུགས་ཀྱིས་དཀྲུག་དཀྲུག་གཏོང་བ་དང་སྐར་ཆ་འགའི་ནང་ཁོའི་འདོད་ཆགས་དེ་ཕྱིར་བཏོན་ཚར་བ་བྱས། དེ་ནས་དམར་རིལ་གྱིས་སེམས་ཚོར་ཆེན་པོས། སྙིང་སྡུག་མ། ངས་མ་འོངས་པར་ཁྱོད་ལ་ཡག་པོ་བྱེད་ཁོ་ཐག་ཡིན། ཁྱོད་རང་སེམས་འཕྲལ་མི་དགོས། ཁྱོད་རང་ཙམ་མ་ཟད་མ་འོངས་པར་ངེད་གཉིས་ལ་ཕྲུ་གུ་འབྱུང་ན་ངས་བུ་རྒྱུད་ཚོ་ལའང་ཡག་པོ་བྱེད་ཁོ་ཐག་ཡིན་་་སོགས་བརྩེ་སེམས་མཚོན་བའི་སྐད་ཆ་ཤབ་ཤུབ་འགའ་སྨྲས་སྟབས་ཁྱི་མོའང་དམར་རིལ་ལ་དགའ་སྣང་ཆེན་པོ་བྱས།

 

 

དེ་ནས་དུས་ཡུན་རྗེས་དམར་རིལ་ཕྱིར་ལོག ཚོགས་པའི་སྒོ་ཆེན་ཟུར་ནས་ནག་རིལ་དང་འཕྲད། ནག་རིལ་ཡང་གདོང་ལ་འཛུམ་བཏོན་ཞོར། ག་བར་སོང་བ་ཡིན། ཁྱོད་ཀྱི་ཁྱི་ངོ་འཛུམ་སྟངས་དེ་ལ་བལྟས་ཚེ་བཀྲ་ཤིས་པའི་གནས་ཚུལ་ཞིག་དང་འཕྲད་པ་འདྲ། ཨོ་་་དེ་འདྲ་མ་རེད་ལགས། ཧ་ཧ་ཧ་ཡིན་ཡང་དྲང་མོར་བཤད་ན་དེང་སང་ང་ལ་དགའ་རོགས་ཅིག་རག་བྱུང་། མོ་རླངས་འཁོར་འབབ་ཚུགས་ཕྱོགས་སུ་བསྡད་འདུག ང་དེར་འཆམ་འཆམ་ལ་སོང་བ་ཡིན། ཁྱི་མོ་དེ་གཞན་དང་མི་འདྲ་བ་ང་ལ་ཡག་པོ་དཔེ་འདྲ་བྱེད་ཀྱི་ཡོད། མོས་ཟ་རྒྱུ་ཡག་པོ་འདྲ་རག་ཚད་ང་ལ་ཉར་ནས་བསྡད་ཀྱི་ཡོད། སྙིང་རྗེ། མོ་རང་བདག་པོ་ཡོད་པའི་ངེད་གཉིས་དང་མི་འདྲ་བའི་སྤྲང་ཁྱི་ཞིག་ཡིན་ཡང་ང་ལ་ཡག་ཐག་ཆོད་བྱེད་ཀྱི་ཡོད། དེར་བརྟེན་ངས་མ་འོངས་པར་མོའི་ཁྱི་ཚང་དུ་ཁྱི་ཕྲུག་ཁྱུ་ཞིག་བཟོ་དགོས་སྙམ་ནས་ཡོད། ཧ་ཧ་ཧ་ཅེས་དམར་རིལ་གྱིས་ཀུ་རེ་སྦྲགས་དེ་ལྟར་སྨྲས།

 

 

ནག་རིལ་གྱིས་དམར་རིལ་གྱི་སྐད་ཆ་དེ་དག་ཐོས་རྗེས་དོགས་ཟོན་དང་བཅས། དམར་རིལ། རྗེས་མ་ཁྱོད་ཀྱི་དགའ་མ་མོ་ཁྱི་དེ་འདིའི་ཕྱོགས་སུ་འཕྲིད་མ་ཡོང་ལགས། གང་ཡིན་ཟེར་ན་ཚོགས་པ་ནང་དུ་ཡར་འཛུལ་བཅུག་གི་མ་རེད། གལ་ཏེ་ཕྱི་ལོག་ཏུ་ལུས་པ་ཡིན་ན་ང་ཚོའི་ཡུལ་མི་གཤིས་ངན་དེ་ཚོའི་རྡུང་རྡེག་རག་ངེས་རེད། ངེད་གཉིས་ཕུད་ཕྱི་ལོག་གི་སྤྲང་ཁྱི་ཡོད་ཚད་ལ་ཡུལ་མིས་སྡང་གཟུགས་ཧ་ཅང་ཆེན་པོ་རེད། ཉིན་ཅིག་རག་བཟི་ཡུལ་མི་ཞིག་གིས་ཚོགས་པའི་སྤྱི་ཐབ་འཕྲིས་སུ་སླེབས་པའི་ཁྱི་རྒན་ཞིག་མཐོང་ནས་ས་ནས་ས་ཕག་ཅིག་སྒྲུབ་སྟེ་གཡུག་ཐེངས་གཅིག་གིས་སྤྲང་ཁྱི་རྒན་འཁོག་དེ་ཏོག་ཙམ་མ་གཏོགས་བསད་གྲབས་ཡིན། ད་དུང་ཁོས་ཁོང་ཁྲོ་མེ་ལྟར་འབར་ནས་ཕྱིར་འཁོར་ནས་ང་ལའང་རྡོག་བརྫིས་གཅིག་གཏོང་ནས། ཨ་ཕའི་རོ་འདྲ་ཡིན་འགྲོ  ཁྱོད་ཀྱང་གཟབ་གཟབ་བྱོས། སྦྱིན་བདག་རེ་རག་པ་ག་རེ་ཧ་ལས་རྒྱུ་ཡོད་དམ། ཉིན་ཞིག་ང་སྣང་བ་མ་འགྲོ་ན་ཁྱོད་ཀྱང་ཏག་ཏག་བཟོ་ཡི་ཡིན། ཞེས་ཟེར་བྱུང་། ཁོ་རྟག་པར་རག་བཟི་ཡི་རེད། དེ་བས་ཞེ་སྣང་ཚ་པོ་ཞིག་ཡོད། དམར་རིལ་ཁྱོད་ཀྱིས་རྟག་པར་རག་བཟི་མཁན་གྱི་ཡུལ་མི་དེ་མཐོང་ཡོད་མེད་གང་ཤེས་ཏེ། རྗེས་མར་གཟབ་ཙམ་བྱོས། ཁྱོད་ཀྱི་སྙིང་སྡུག་ཁྱི་མོ་འདིར་འཁྲིད་མ་ཡོང་མ་གཏོགས། རྡུང་རྡེག་རག་ཡོང་། ཧ་གོ་སོང་ངེ་།

 

 

ལགས་སོ། ཇོ་ནག་རིལ་ལགས། ཁྱེད་ཀྱིས་ཐུགས་འཁུར་གནང་བར་ཐུགས་རྗེ་ཆེ། རྗེས་མར་གོ་སྐབས་བྱུང་ན་ངས་ཁྱེད་རང་ཡང་ངའི་སྙིང་སྡུག་ཁྱི་མོའི་སྡོད་སར་སྤྲོ་འཆམ་འཕྲིད་ཆོག མ་རེད་པས། ཧ་ཧ་ཧ་དེ་འདྲ་དགོས་མ་རེད། གཡུག་ཞོག དེ་བས་ངེད་གཉིས་ཀྱི་སྦྱིན་བདག་ལགས་སུ་ཞབས་འདེབས་ཧུར་ཐག་ཞུས་ན་མ་གཏོགས། མ་རེད་པས། ངེད་གཉིས་ལ་མཚོན་ན་ཁོང་ཚོ་དངོས་གནས་བཀའ་དྲིན་ཆེན་པོ་ཞི་དྲག་རེད། དེ་མིན་ང་ཚོའི་ལུང་པ་གང་དུ་སོང་ཡང་སྤྲང་ཁྱི་ཚོ་སྲོག་འགོ་ཙམ་ཡང་ཐོན་རྒྱུ་དཀའ་མོ་རེད་ཡ། ནག་རིལ་གྱིས་སེམས་འགུལ་ཆེན་པོས་དེ་འདྲ་བཤད། དེ་བཞིན་ནག་རིལ་གྱིས་མུ་མཐུད་དེ་དྲང་མོ་ཡིན། ངའི་སྦྱིན་བདག་སྐུ་ཞབས་དེའང་ཧ་ཅང་སེམས་བཟང་ཅན་ཞིག་ཡིན། ཁོང་གིས་ཟས་ཞིམ་པོ་ནམ་བཟོས་ང་ལ་བསྐལ་བ་བཞག་པ་མ་ཟད། ཁོང་གིས་གཟིམ་ཤག་ནང་སྤུས་ཀྱི་དྲི་ཞིམ་འཁྱིལ་ཞིང་དཔེ་ཆ་ཞལ་འདོན་ཀློག་ནས་ཁང་ཆུང་གི་སྒེའུ་ཁུང་འགྲམ་དུ་བཞུགས་དུས་ང་ཁྱིམ་ནང་ཁོང་གི་ཉལ་ཁྲིའི་འཕྲིས་སུ་ཉར་གྱི་ཡོད། དུས་དེར་ང་ལ་མཚོན་ན་མི་ཚེའི་ནང་སེམས་པ་ལྷོད་ལ་བབས་ཤིང་ཤིན་ཏུ་བདེ་སྐྱིད་ལྡན་པའི་དུས་ཚོད་ཁོ་ན་དེ་ཡིན། རེད་རེད་རེད་ངས་ཀྱང་བཀའ་དྲིན་ཚོར་གྱི་ཡོད། ངའི་སྦྱིན་བདག་ཨ་ཅག་ལགས་ཀྱིས་ང་ལའང་་་་་་དམར་རིལ་དང་ནག་རིལ་གཉིས་དེ་ལྟར་ཁ་བརྡ་བྱེད་ཞོར་ཁང་སྟེང་ཐོག་ཏུ་ཚོགས་པའི་མི་ཚོའི་གྱོན་ཆས་སྐམ་བཞག་པ་དེ་ཚོར་སྦག་བཙོག་མི་བཟོ་བའི་ཆེད་དུ་སྤྲ་དང་སྤྲིའུ་དེ་དག་འགོག་ཕྱིར་མཉམ་དུ་སོང་།

 

 

 

ལྔ་པ། སྦྱིན་བདག་དང་ཁ་བྲལ་བ།

 

ཉིན་ཞིག་ལ་དམར་རིལ་གྱིས་ནག་རིལ་འཁྲིད་དེ་ཁོའི་བཟའ་ཟླའི་ཁྱི་མོའི་ཚང་དུ་སྤྲོ་འཆམ་ལ་སོང་། དམར་རིལ་གྱི་བཟའ་ཟླས་ཁོ་གཉིས་ཡོང་བ་མཐོང་དུས་དགའ་སྤྲོའི་རྣམ་འགྱུར་བཏོན་ཞོར་ཁོ་གཉིས་ཁྱིམ་དུ་གདན་འདྲེན་ཞུས། དམར་རིལ་ཁྱི་ཚང་དུ་འཛུལ་མ་ཐག པ་ལགས། ང་ལ་ཟ་རྒྱུ་འཁྱེར་ཡོད་དམ། ཁྱི་ཕྲུག་དམར་རིལ་གྱི་ངོ་གདོང་གཅིག་པ་གཅིག་ཀྱང་དེས་དམར་རིལ་ལ་རྔ་མ་གཡུག་བཞིན་ཁོ་བསྐོར་ཏེ་དགའ་སྣང་བཏོན། ཁྱི་མོས་དེ་མུར་བཙོག་པུར་སྡོད་ཤིག པ་ལགས་དཀའ་ལས་ཁག་ཡོད་རེད། ཨ་ཁུ་ནག་རིལ་ལགས་ལ་འཚམ་འདྲི་བྱེད་ཤེས་ཀྱི་མི་འདུག་གམ། ཟེར་བས་ཁྱི་ཕྲུག་དེས་ལམ་སང་ཨ་ཁུ་ནག་རིལ་ལགས། སྐུ་ཁམས་བཟང་། ཞེས་འབོད། ནག་རིལ་ཅུང་འཛུམ་དང་སྦྲགས་ཁྱི་ཚང་དབུས་ཀྱི་འབོལ་གདན་དེའི་ཟུར་ལ་བསྡད། དེ་ནས་ནག་རིལ་གྱིས། གཅུང་མོ་ལགས། ད་ཁྱི་ཚང་འདི་རྙིང་ཧྲུལ་ཤུགས་ཆེན་སོང་འདུག གཙོ་བོ་ཆར་པ་འགོག་མི་ཐུབ་པ་འདིས་ཁྱོད་དང་ཕྲུ་གུ་ཚོར་དཀའ་ངལ་འཕྲད་སྲིད་པ་རེད། གཞན་ཡག་ས་ཞིག་ལ་སྤོ་ཐུབ་ཀྱི་མི་འདུག་གམ། ཞེས་དྲིས་པར་ཁྱི་མོས། གཅེན་པོ་ནག་རིལ་ལགས། ལོ་དྲུག་གི་སྔོན་ལ་དམར་རིལ་གྱིས་ཐོག་ཁེབས་ཚུལ་དུ་ཤིང་ལེབ་འགའ་འཁྱེར་ནས་ཆར་པ་དང་རླུང་བཀག་ཐབས་བྱེད་པ་དེས་ཕན་ཐོག་ཏོག་ཙམ་བྱུང་། ཡིན་ཡང་ད་ཆ་དེ་དག་སླར་ཡང་འཕྲོག་བརླག་སོང་ཚར་འདུག ཡུལ་མི་སྤྲང་མོ་འགའ་འདིར་སླེབས་ནས་ངའི་ཁང་སྟེང་གི་ཤིང་ལེབ་དེ་ཚོའང་བསྡུ་བསོག་རྒྱག་ཚར་སོང་། ད་གང་དྲག ཁྱེད་ཀྱིས་གསུང་པ་ལྟར་ས་ཆ་ཡག་ས་ཞིག་ལ་སྤོ་ཐུབ་ན་ལོས་དགའ། ཞེས་བཤད་ཞོར་མོས་ཁྱོ་བོ་དམར་རིལ་ལ་ལྟ་ཙམ་བྱས།

 

དམར་རིལ་གྱིས་ངས་ཉིན་འགའི་སྔོན་ནས་སྦྱིན་བདག་སྐུ་ཞབས་ལགས་མཚམས་བཞུགས་ས་རི་རྐེད་དེར་གཅིག་བལྟས་པ་ཡིན། དེར་ལྷིང་འཇགས་ཁ་ཁུ་སིམ་པོ་ཞིག་འདུག འོན་ཀྱང་དེ་བས་དགའ་འོས་པ་ཞིག་ལ་དེར་བཞུགས་མཁན་ཚང་མ་བོད་པའི་ཆོས་པ་བྱ་བྲལ་བ་ཤ་སྟག་སོང་ཙང་ཁོང་ཚོས་སྲོག་ཆགས་དུད་འགྲོ་ཚུན་ཆད་ལ་ཧ་ཅང་བྱམས་སྐྱོང་གནང་གི་འདུག དེ་བས་ཤིང་ནགས་གསེབ་ཀྱི་སྤྲ་དང་སྤྲིའུ། དེ་མིན་བྱ་དང་བྱིའུ། ད་དུང་མཚམས་རེར་རི་རྐེད་ཙམ་དུ་རྩ་ཆུ་འཚོལ་དུ་ཡོང་བའི་ཡུལ་མིའི་ར་ལུག་དང་རྟ་དྲེལ་དེ་དག་ཚུན་ཆོད་ལ་ཁོང་ཚོས་ཤིན་ཏུ་བྱམས་བརྩེ་གནང་གི་འདུག གལ་ཏེ་ཉིན་ཞིག་ངས་སྦྱིན་བདག་ལགས་སུ་གོ་བརྡ་འཕྲོད་ཐབས་གཅིག་བྱས་ཏེ་ངའི་ཁྱི་ཚང་དེར་སྤོ་ཐུབ་ཐབས་བྱེད་ཀྱི་ཡིན།

 

 

དམར་རིལ་གྱིས་སྐད་ཆ་དེ་དག་ཐོས་མ་ཐག ཁྱི་ཕྲུག་ཕོ་གསུམ་དང་མོ་གཉིས་ནང་དམར་རིལ་དང་གདོང་ཧ་ཅང་འདྲ་བའི་ཁྱི་ཕྲུག་ཕོ་དེས། པ་ལགས། ང་ཚོ་ག་བར་སྤོ་དགོས་རེད་དམ། པ་ལགས། ཅེས་སྐད་རྒྱག་པར་ཁྱི་མོས་བུ་འདི་ཡིན་ན། སྐྱིད་མདོག་ཡོད། ང་ཚོ་ལྷ་ཡུལ་དུ་སྤོ་འགྲོ མ་རེད་པས། ཅེས་རྩེད་མཚར་བཤད་པར་དམར་རིལ་དང་ནག་རིལ། དེ་མིན་ཁྱི་ཕྲུག་དེ་དག་ཀྱང་མཉམ་དུ་ཝོ་ཝོ་ཝོ་ཝོ་ཞེས་སྐད་ཅོར་ཤུགས་ཆེན་རྒྱག་ནས་དགོད་མོ་མཉམ་དུ་ཤོར།

 

 

ནག་རིལ་དང་དམར་རིལ་ཕྱིར་ལོག་སྐབས་ཞོགས་པའི་ཆུ་ཚོད་བཅུ་ཡས་མས་ཙམ་རེད། ཁོ་གཉིས་ཀྱིས་སྐབས་དེར་སྔོན་གྱི་གནས་སྟངས་དང་ཁྱོན་ནས་མི་འདྲ་བ་ལམ་བར་ནས་བོད་མི་ཡུལ་གྱར་བ་སྐྱ་སེར་ཕོ་མོ་རྒན་གཞོན་མེད་པ་རྣམས་ཟང་ངེ་ཟིང་ངེ་ཡིས་རྡོག་འཕྲིས་འཁྱེར་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་མཐོང་། ནག་རིལ་གྱིས་དེ་མུར་ག་རེ་བྱས་པ་ཡིན་ནམ། གནས་ཚུལ་ཞིག་ལྷག་པ་འདྲ། ཟེར་ནས་ཕྱིར་ཤར་རྒྱུག་བྱས། ཚོགས་པའི་ནང་གི་མི་རྣམས་ཀྱང་རྡོག་འཕྲིས་འཁྱེར་མཁན་དང་སྐད་ཅོར་རྒྱག་མཁན། ཕྲུ་གུ་ངུ་མཁན་སོགས་སྣང་ཚུལ་ཇི་ཉིད་ཅིག་མཐོང་། ནག་རིལ་དབུགས་ཐེངས་གཅིག་གིས་སྦྱིན་བདག་སྐུ་ཞབས་ཀྱི་ཁྱིམ་དུ་འཛུལ། སྐུ་ཞབས་ལགས་དང་གཞན་མི་ཁ་ཤས་དེར་ཅ་དངོས་བསྡུ་བསོགས་རྒྱག་བཞིན་པའི་སྐབས་ནག་རིལ་མཐོང་མ་ཐག སྐུ་ཞབས་ལགས་ཉལ་ཁྲིར་མར་བསྡད་ཅིང་ངལ་གསོའི་ཚུལ་གྱིས་ནག་རིལ་འདིར་ཤོག འདིར་ཤོག གསུང་ཞོར་ནག་རིལ་གྱི་མགོ་ལ་བྱིལ་བྱིལ་གནང་། ད་ཡིན་ན་ག་ལེར་སྡོད་ཨ། ནག་རིལ། ང་ཚོ་ཕ་ཡུལ་ལ་ལོག་འགྲོ་གི་ཡིན། གཅིག་བྱས་ན་ཁྱོད་ཚེ་ཕྱི་མར་མི་ལུས་ཡག་པོ་ལེན་སྲིད། ང་ཚོས་བོད་པས་མི་ལུས་ལེན་ཁར་ཁྱི་ལུས་ལེན་ཟེར་སྲོལ་ཡོད། ཅེས་སྤྱན་ནས་བྱམས་བརྩེ་མངོན་བཞིན་དེ་ལྟར་ནག་རིལ་ལ་མགོ་རྔ་མེད་པའི་སྐད་ཆ་འགའ་བཤད། ནག་རིལ་དེ་མུར་གནམ་སྡིབས་པ་ལྟར་ཧ་ཅང་སྐྱོ་སྣང་འཚུབ་ཅིང་། ད་ཡིན་ན་ཚར་སོང་། ངའི་སྦྱིན་བདག་ལགས་ཕ་ཡུལ་ལ་ལོག་བརྩིས་རེད་བཞག ད་ང་སླར་ཡང་སྤྲང་ཁྱི་ཆག་གི་རེད། ཅེས་བསམ་བཞིན་སྦྱིན་བདག་ལགས་ཀྱི་ལག་མགོར་འཐམ་ནས་ཝུ་ཝུ་ཝུ་ཞེས་ཤུགས་ཀྱིས་ངུས་ནས། ཀུན་མཁྱེན། ངའི་བརྩེ་བའི་སྦྱིན་བདག་ལགས། ང་ནག་རིལ་ཁྱེད་དང་ཁ་མི་བྲལ་ཐག་གཅོད་ཡིན། ཀུན་མཁྱེན། ང་ཁྱེད་མཉམ་དུ་འཁྲིད་རོགས་མཛོད། ཀུན་མཁྱེན། ་་་སྐུ་ཞབས་ལགས་ཀྱིས་ཁྱི་ནག་རིལ་གྱི་སྐད་ཆ་གོ་མི་ཤེས་སྟབས་མུ་མཐུད་གཞན་དང་མཉམ་དུ་ཅ་ལག་བསྡུ་བསོགས་རྒྱག

 

 

དེ་ནས་ནག་རིལ་སེམས་འཚབ་ཅིང་རྡོག་འཕྲིས་རན་ཙམ་ཞིག་འཁྱེར་བའི་སྐུ་ཞབས་ལགས་དང་ཁོང་གི་རོགས་པ་ཁ་ཤེས་མཉམ་དུ་རླངས་འཁོར་འབབ་ཚུགས་སུ་འབྱོར། ནག་རིལ་ཁོའི་སྦྱིན་བདག་མཉམ་དུ་རྒྱུག་བཞིན་གནས་ཚུལ་ག་རེ་ལྷག་ཡོད་མེད་མ་ཤེས། རླངས་འཁོར་འབབ་ཚིགས་སུའང་རྡོག་འཕྲིས་ཆེ་ཆུང་སྣ་ཚོགས་འཁྱེར་མཁན་བོད་མི་ཡུལ་གྱར་བ་མང་པོ་འབྱོར་འདུག སྐུ་ཞབས་ལགས་ཀྱིས་རོགས་པ་ཞིག་ལ། དགོན་སྡེ་ཁག་ཉིན་བཅུའི་ནང་བཏང་ནས་འགྲོ་ཚར་ཡོད་པ་འདྲ། ༸གོང་ས་རྒྱལ་བ་རིན་པོ་ཆེའང་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་ཟིན་པ་འདྲ། བཤད་སྲོལ་ལྟར་ན་ཕོ་བྲང་གི་ཕྱོགས་བཞིར་དྲག་པོའི་དམག་གིས་མཐའ་བསྐོར་འདུག་ཟེར། གཞིས་ལུས་སྤུན་ཟླ་མང་པོ་ལྷ་སར་འཚང་ནས་བོད་མི་ས་ཡ་དྲུག་ཡོངས་རྫོགས་རྒྱལ་སར་འཛོམས་པའི་སྣང་བ་སྤྲོ་པོ་འདུག་ཟེར། གཞན་རྨོ་བོ་ལགས་གཅིག་གིས་ཀྱང་དེ་མུར། སྐུ་ཞབས་ལགས། ད་ཡིན་ན་ག་རེ་ཡིན་ཡང་ང་ཚོ་ཚང་མ་སོ་སོའི་ཕ་ཡུལ་ལོག་ཐུབ་པ་བྱུང་བ་རེད། དཀོན་མཆོག་གིས་མཁྱེན། རྒྱ་གར་བཀའ་དྲིན་ཅན་འདིས་ང་ཚོར་གནས་ཚང་རྒྱུན་རིང་དེ་འདྲ་གཡར་་་། ལས་བཟང་པོ་ཞིག་ལོས་ཡིན་ཀྱང་རྒྱ་མིས་ང་ཚོར་བདེ་སྐྱིད་ཡུན་རིང་སྤྲོད་ཨེ་ཡོང་། ཟེར་ཞོར་ལག་མགོས་མིག་ནང་གི་མཆི་མ་དེ་ཕྱི་ཙམ་བྱས།

 

 

དུས་དེར་ཁྱི་དམར་རིལ་ཡང་ཁོའི་སྦྱིན་བདག་ཨ་ཅག་ལགས་དང་། ཨ་ཅག་ལགས་ཀྱི་ཕྲུ་གུ་སོགས་ཚོགས་པའི་མི་མང་པོ་ཞིག་དང་མཉམ་དུ་ཕར་ཙམ་སླེབས་ཡོད་པ་མཐོང་། ཨ་ཅག་ལགས་སོགས་སྤྱི་སྤྱོད་རླངས་འཁོར་ཞིག་ནང་འཛུལ་མ་ཐག དམར་རིལ་སྨྱོ་བ་ལྟར་རླངས་འཁོར་བསྐོར་བ་བསྐོར་བཞིན་སྐད་ཤུགས་ཆེན་པོ་རྒྱག དེ་ནས་རླངས་འཁོར་ནང་མུ་མཐུད་འཛུལ་བཞིན་པའི་སྐྱེས་པ་ཞིག་གིས་དམར་རིལ་ལ། ཕར་རྒྱུགས། ཁྱི་སྨྱོན་འདི་ཡིན་ན། ག་རེ་བྱས་ནས་རླངས་འཁོར་ལ་བསྐོར་བ་རྒྱག་གི་ཡོད་དམ། ཁྱད་མཚར་ལ། ཟེར་ཞོར་དམར་རིལ་ལ་རྐང་པ་གཡུག་པས། ཨ་ཅག་ལགས་ཀྱིས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེས་ཏེ། ཇོ་ལགས་ངའི་ཁྱི་ལ་རྡོག་པ་མ་གཞུ་དང་། ངའི་ཁྱིས་ཁྱོད་ལ་གནོད་ག་རེ་བསྐྱེལ་སོང་། ག་རེ་བྱས་ནས་ངའི་ཁྱི་ལ་རྡུང་གི་ཡོད། ཅེས་ངར་བྱུང་བས་སྐྱེས་པ་དེས་འོ་་་དགོངས་དང་། དགོངས་དང་ཟེར་ཞོར་ལྕེ་མནར་ཙམ་གྱིས་ཁོའང་རླངས་འཁོར་དེའི་ནང་འཛུལ་སོང་།

 

 

དེ་ནས་རླངས་འཁོར་འུར་སྒྲ་དང་བཅས་ལམ་ལ་ཆས། ཨ་ཅག་ལགས་ཀྱི་བུ་ཆུང་བ་བསྟན་འཛིན་གྱིས་སྒེའུ་ཁུང་ནས། དམར་རིལ། སྡོད་ཨ། དམར་རིལ། སྡོད་ཨ་་་། ཅེས་འབོད། དམར་རིལ་གྱིས་རླངས་འཁོར་རྗེས་སུ་ཕར་ཙམ་རྗེས་འདེད་བྱས་མཐར་རྗེས་མ་ཟིན་པར་དེར་བཙོག་པུར་བསྡད་དེ་ངུ་ངག་དང་བཅས་ཁྱི་སུག་གིས་ཤུགས་ཀྱིས་ས་ལ་སྦ་མོས་བྲད། དེ་ནས་ཕར་ཙམ་ནས་ཁྱི་མོ་དང་མོའི་ཁྱི་ཕྲུག་དེ་དག་ཀྱང་རླངས་འཁོར་སོང་རྗེས་སུ་ལྟ་བཞིན་དམར་རིལ་གྱི་འཕྲིས་སུ་བཅར། ནག་རིལ་གྱིས་གཅིག་མཚུངས་ཀྱིས་སྐུ་ཞབས་ལགས་དང་མཉམ་དུ་རླངས་འཁོར་དུ་འཛུལ། ཅུང་མ་འགོར་བ་རྒྱ་གར་ཁ་ལོ་བས་དེར་ཁྱི་ཞིག་འཛུལ་ཡོད་པ་མཐོང་ནས་སྐུ་ཞབས་ལགས་སུ་གཤེ་བཞིན་ནག་རིལ་རླངས་འཁོར་ནང་ནས་ཕྱིར་ཕུད། ནག་རིལ་སེམས་པ་སྐྱོ་ཐག་ཆོད་དེ། སྦྱིན་བདག་ལགས། སྐུ་ཞབས་ལགས། ཀུན་མཁྱེན། ང་འཁྲིད་རོགས་གནོངས། ཅེས་སོགས་ངུ་ངག་དང་འགྲོག་ཤུགས་ཀྱིས་ཝུ་ཝུ་ཝུ་ཞེས་ངུས་ཀྱང་ཁོའི་སྐུ་ཞབས་ལགས་ཀྱང་ཁོ་ལ་ཕྱི་བལྟས་ཙམ་མེད་པར་ལམ་དུ་ཆས་སོང་།

 

 

དེ་རྗེས་ནག་རིལ་དམར་རིལ་དང་ཁྱི་མོ་ཁྱི་ཕྲུག་ཚོ་དང་ཐུག དམར་རིལ་གྱིས་ཇོ་ལགས། ཁོང་ཚོ་རྦེད་དེ་འགྲོ་བརྩིས་འདུག སེམས་པ་སྐྱོ་བ་ལ། ད་ང་ཚོས་གང་འདྲ་བྱེད་དགོས་སམ། ཞེས་ཆིག་ལབ་དང་ནག་རིལ་ལ་བཤད་མིན་ཆ་མ་འཚལ། ནག་རིལ་ཡང་བླ་འཁྱེར་སོང་བ་བཞིན། ད་ང་དངོས་གནས་ཤི་ན་དགའ་ས་རེད། ངའི་ཚེ་འདིའི་ནང་སྦྱིན་བདག་སྐུ་ཞབས་ལགས་ཁོང་དང་ཁ་བྲལ་བའི་སྡུག་བསྔལ་འདི་མྱོང་ཐུབ་ས་མ་རེད། ཅེས་ཟེར་ནས་ཝུའུ་ཝུའུ་་་་་ཞེས་སྐད་ངན་རིང་པོ་ཞིག་རྒྱག་རྗེས་དེ་མུར་སར་དྲན་མེད་དུ་གྱར། དམར་རིལ་དང་ཁྱི་མོ། ཁྱི་ཕྲུག་ཚོས་ཨ་ཁུ་ནག་རིལ་གྱི་མགོ་དང་མཇུག་མ་ནས་སོ་རྒྱག་ནས་ཚོགས་པའི་ཁང་སྟོང་ཕྱོགས་སུ་ཕྱིར་འདྲུད།

 

 

དྲུག་པ། མཐའ་མཇུག་གི་རྐྱེན་ངན།

 

ཏོག་ཙམ་རྗེས་སུ་ནག་རིལ་དྲན་པ་སོས། དམར་རིལ་དང་ཁྱི་མོ་ཁོའི་འཁྲིས་སུ་ཡོད་པ་མཐོང་དུས་སླར་ཡང་སེམས་ལ་སྐྱོ་གདུང་འཚུབ། དུས་ཡུན་ཙམ་ཁོ་ཚོ་ཕན་ཚུན་ཅིའང་མ་བཤད་པར་ལུས། དེ་ནས་ནག་རིལ་ག་ལེར་ཡར་ལང་ནས་འཁྱར་འཁྱོར་ངང་ཁོའི་སྦྱིན་བདག་ལགས་ཀྱི་་གཟིམ་ཤག་ཏུ་སོང་ནས་བལྟས།

 

གྲྭ་ཤག་འདིའི་ནང་སྐུ་ཞབས་ཚེ་རིང་ལགས་ཀྱིས་ནག་རིལ་དང་མི་ལོ་བཅོ་ལྔ་ལྷག་ཙམ་མཉམ་དུ་བསྡད་ཡོད། སྐུ་ཞབས་ལགས་ཀྱིས་ནག་རིལ་ལ་བྱམས་བརྩེའི་སྒོ་ནས་གསོ་སྐྱོང་བྱས་པའི་རྣམ་པ་རེ་རེ་བཞིན་ད་ཆ་ནག་རིལ་གྱི་མིག་ངོར་ཝ་ལེར་འཁོར་ཡོང་། ནག་རིལ་སེམས་ནང་སྡུག་གིས་ཁེངས་ནས་དབུགས་རིང་ནར་ནར་གཏོང་བཞིན་དེར་འཐོམས་ནས་ལུས། དུས་ཡུན་རྗེས་དེར་ཡུལ་མིས་འུར་ཟིང་གིས་ཐོག་རྩེགས་འདིའི་གང་སར་ཁྱབ། ནག་རིལ་ཅི་ཡིན་ཆ་མ་འཚལ་བར་ཕྱིར་དོན་སྐབས། ཡུལ་མི་ཕོ་གཞོན་འགའ་དེར་འཚང་ཁ་རྒྱག་ནས་ཡར་འཛུལ་ཞོར། ཝ་ཡེ། འདི་ངའི་ཁང་པ་ཡིན། མགྱོགས་པོ་ཨང་གྲངས་སྦྱོར། ཐོག་རྩེགས་ཀྱི་ཁང་པ་ལས་ཉིས་ཐོག་འདིར་སྐྱིད་པ་ཡོད་རེད། སྤྲང་པོ་དེ་དག་ལོག་ནས་ང་ཚོར་ཁེ་བཟང་འདི་རག་པ་རེད། ཧ་ཧ་ཧ་ཟེར་ནས་དགོད་སྒྲ་འཇིགས་ཡེར་བ་རེ་རྒྱག་པར་ཐོས་མ་ཐག ནག་རིལ་ཞེད་སྣང་དང་བཅས་ཕར་ཙམ་སོང་ནས་ཞིབ་ཕྲར་ལྟ་དགོས་སྙམ། སྐབས་དེར་གཞོན་ནུ་ཞིག་གིས་ནག་རིལ་གྱི་མགོ་ལ་རྡོག་པ་ཐེངས་གཅིག་བཞུས་ནས་ཁྱི་རྒན་ཕྱི་ལ་རྒྱུགས་ཟེར། ནག་རིལ་ཏོག་ཙམ་མ་གཏོགས་སར་འགྱེལ་གྲབས་དང་བཅས་ངུ་ངུ་ངུ་ཞེས་སྡུག་སྐད་ཤོར་ནས་མགྱོགས་པོ་སྒོ་ཆེན་ཕྱི་ལ་བྲོས།

 

 

དེ་ནས་ནག་རིལ་ག་འགྲོ་འདི་འགྲོ་མེད་པར་གོམ་པ་འཁྱར་འཁྱོར་གྱིས་སླར་ཡང་རི་གྲོང་འདིའི་དབུས་ཀྱི་རླངས་འཁོར་འབབ་ཚིགས་སུ་སླེབས། དེར་དམར་རིལ་དང་ཁྱི་མ། དེ་བཞིན་ཁོ་ཚོའི་ཕྲུ་གུ་ཚོ་སྔར་ནས་སླེབས་ཚར་འདུག དེ་མིན་ཁྱི་འཁྱམ་འགའ་ཡང་དེར་ཕར་རྒྱུག་ཚུར་རྒྱུག་བྱེད་པར་མཐོང་། སྐབས་དེར་དམར་རིལ་གྱིས་ནག་རིལ་མཐོང་མ་ཐག་ནག་རིལ་ཕྱོགས་སུ་བཅར་ནས་གཅེན་པོ་ནག་རིལ་ལགས། ད་རི་གྲོང་འདིར་ང་ཚོ་ཆགས་ས་བརྟེན་ས་མེད་པ་གྱུར་ཚར་བ་རེད། ཁྱེད་རང་རྗེས་མ་ག་རེ་གནང་བརྩིས་ཡོད་དམ། ཞེས་དྲིས། ནག་རིལ་བླ་འཁྱམ་པ་ལྟར། སྐུ་ཞབས་ཁོང་ལ་བར་ཆད་མེད་པར་ཤོག ང་ཚེ་འདིར་ཁོང་དང་ཁ་བྲལ་དགོས་པའི་ལས་ངན་འདི་བསགས་འདུག་ཀྱང་། ཁོང་གིས་ང་ཚེ་ཕྱི་མར་མི་ལུས་ལེན་གྱི་རེད་གསུངས་སོང་། གལ་ཏེ་ང་མི་ལུས་ལེན་པ་ཡིན་ན་ང་ངེས་པར་དུ་བོད་དུ་ཁོང་འཚོལ་དུ་འགྲོ་ཡི་ཡིན། དེ་ནས་ངེད་གཉིས་དུས་ནམ་ཡང་ཁ་བྲལ་གྱི་མིན། དམར་རིལ་གྱིས་ནག་རིལ་གྱི་སྐད་ཆ་མགོ་མཇུག་མེད་པར་དེ་དག་ཐོས་འཕྲལ། གཅེན་པོ་ནག་རིལ། གཅེན་པོ་ནག་རིལ། ད་སེམས་སྡུག་མ་གནོངས། གོ་ཐོས་ལ་འདིར་ཡུལ་མི་ཚོ་ཁང་པ་སྟོང་པ་ཡོད་ཚད་ལ་གནས་སྤོ་བྱེད་ཀྱི་རེད་ཟེར། འདིར་ཡུལ་བསྐོར་སྤྲོ་འཆམ་བྱེད་ས་བོད་མི་བཙན་བྱོལ་བའི་འགྲེམ་སྟོན་གྲོང་ཚོ་ཞིག་བཟོ་བརྩིས་རེད་ཟེར་ལ། དེ་སྔོན་ང་ཚོ་དུད་འགྲོའི་རིགས་ཐ་དག་བོད་མི་ཚོ་དང་འཚོ་བ་མཉམ་གཤིབ་ཀྱིས་བསྐྱེལ་ཡང་ད་ནས་བཟུང་དུད་འགྲོ་ཡོད་ཚད་རི་གྲོང་འདིའི་གྲོང་གསེབ་ཁུག་ཀྱོག་ནང་ཕྱི་ཕུད་གཏོང་གི་རེད་ཟེར་གོ་བྱུང་།

 

 

ང་དང་ངའི་ཁྱི་ཕྲུག་ཚོ་ཡར་རི་རྐེད་ལ་གནས་སྤོ་བརྩིས་ཡིན། ཁྱེད་རང་ཡང་ང་ཚོ་མཉམ་དུ་ཕེབས། ནག་རིལ་གྱིས་ད་ཐབས་ཤེས་གཞན་ག་རེ་ཡོད་དམ། ངའང་གྲོགས་པོ་ཁྱོད་དང་མཉམ་དུ་འགྲོ་ཡི་ཡིན། མ་འོངས་པར་ཁྱོད་ཁྱིམ་མི་ཚོར་ནག་གསེབ་ནས་གཅན་གཟན་རི་དྭགས་ཀྱིས་གནོད་འཚེ་འདྲ་འབྱུང་ན་ངས་ཀྱང་རོགས་པ་ཏོག་ཙམ་བྱ་ཐུབ་སྲིད་པ་རེད། དམར་རིལ་གྱི་མིག་ནང་མཆི་ཞག་འཁོར་བཞིན་མོས་མཐུན་ཚུལ་གྱིས་མགོ་བོ་གཡུག་ཙམ་གཡུག་ཙམ་གྱིས་སྦྱིན་བདག་བོར་སོང་བའི་ཁྱི་ནག་རིལ་དང་དམར་རིལ་གྱིས་དེ་སྔོན་ཚེ་ཕྱེད་ཙམ་བདེ་བའི་འཚོ་བ་རོལ་མྱོང་བསམ་པའི་གྲགས་ཅན་གྱི་རི་གྲོང་འདི་ལ་ཕྱི་ལྟས་བྱེད་བཞིན་ནགས་གསེབ་ཏུ་དལ་བུར་ངང་སོང་བ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།