དགེ་སློང་མའི་སྡོམ་ལེན་གྱི་ཆེད་དུ་ཤུགས་རྒྱག་གི་ཡིན།

mages/stories/Resized/c_146x102.jpg

དགེ་སློང་མའི་སྡོམ་ལེན་གྱི་ཆེད་དུ་ཤུགས་རྒྱག་གི་ཡིན།

Efforts for precepts Tibetan Nuns

恢復藏傳佛教尼眾的戒律傳承

འདི་ནི་བུད་མེད་ཀྱི་དུས་རབས་ཡིན་འོས། (རྒྱལ་བ་ཀརྨ་པར་བཅའ་འདྲིའི་ཆེད་སྒྲིག་ལེའུ་ཚན།)

ང་ཚོས་ཐོག་མར་པར་རིས་ཀྱི་ལམ་ནས་བོད་བརྒྱུད་ནང་བསྟན་དགེ་སློང་མའི་རྒྱུན་གཏན་འཚོ་བའི་སྐོར་མཚོན་ཐབས་དགོས་ཀྱི་འདུག་སྙམ་པའི་འཆར་སྣང་དེ་ནི་ལོ་མང་རིང་ནུབ་གླིང་ནས་དེ་ཚོར་སྣང་ཆུང་ཆེན་པོ་ཤོར་བའི་རྐྱེན་གྱིས་ཡིན།

དེ་རྗེས་རིམ་གྱིས་དེའི་སྐོར་དངོས་བྱུང་གློག་བརྙན་གྱི་རྣམ་པ་མི་འདྲ་བ་བྱུང་སྟེ་ཕོ་མོ་འདྲ་མཉམ་གྱི་སྐོར་ཞིབ་འཇུག་དང་། ད་དུང་ང་ཚོའི་མིག་མདུན་ཡིད་དུ་འོང་པའི་རྣམ་པ་ཐོན་ཡོད་པ་རེད། དེའང་དགེ་སློང་མར་ཤེས་ཡོན་སློབ་གསོ་རག་པའི་གོ་སྐབས་ཇེ་མང་སོང་ཞིང་། དེ་དག་གི་སྤྱི་ཚོགས་ཐོག་གོ་གནས་ཀྱང་རིམ་གྱིས་མཐོར་འདེགས་བྱུང་ཡོད། དེང་རབས་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་མང་པོས་དགེ་སློང་མའི་གོ་དབང་གང་མང་ཡོང་ཐབས་ཀྱི་བརྗོད་གཞིར་དོ་སྣང་ཆེན་པོ་སླེབས་པའི་ནང་བཀའ་བརྒྱུད་པའི་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནི་དེའི་ནང་གི་གཅིག་རེད། འདི་ལོའི་ཟླ་ ༢ པར་ང་ཚོས་རྒྱ་གར་རྡོ་རྗེ་གདན་དུ་ཁོང་མཇལ་བའི་སྒོ་བསྐལ་བཟང་པོ་བྱུང་། རྒྱལ་དབང་མཆོག་དང་དངོས་སུ་མཇལ་ཐུབ་པ་དེ་ང་ཚོར་ཧ་ལས་སུ་བཅུགས། ཁོང་གི་དྲང་བདེན་གྱི་རང་གཤིས་དང་དམིགས་སྒོ་རྩེ་གཅིག་ལ་གཏད་སྟངས། ངང་རྒྱུད་རིང་པོ། དེ་བཞིན་བོད་རྒྱུད་ནང་བསྟན་གྱི་དགེ་སློང་མའི་སྐོར་ནས་དེ་དག་གི་ཐོབ་དབང་བརྩོན་ཐབས་གནང་སྟངས་དེས་ང་ཚོར་མོས་གུས་བླ་ལྷག་ཏུ་སྐྱེས་སུ་བཅུགས།

 

དྲི་བ། (སློབ་དཔོན་ནམ་གསར་འགོད་ལས་བྱེད་ནས་དྲི་བ་བཀོད།)

ལན་འདེབས། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་མཆོག་གིས་ལན་འདེབས་གནང་།

དྲི་བ། ཁྱེད་ཀྱིས་བུད་མེད་ཀྱི་ཐོབ་དབང་ཐད་ཧུར་བརྩོན་གནང་དོན་གང་ཡིན།

ལན་དུ། གཙོ་བོ་གཅིག་ནི་ནང་ཆོས་སུ་ཕོ་མོ་འདྲ་མཉམ་རེད། ཚང་མར་ནང་ཆོས་སྤེལ་བའི་ནུས་པ་དང་གོ་སྐབས་གཅིག་མཚུངས་ཡོད་པའི་ཕྱོགས་ནས་བལྟས་ན་ངས་དགེ་སློང་མར་གོ་སྐབས་འདི་བསྐྲུན་འདོད།

དྲི་བ། དེང་བོད་བརྒྱུད་ནང་བསྟན་གྱི་དགེ་སློང་མའི་གནས་སྟངས་ཐོག་གཟིགས་ཚུལ་ག་རེ་ཡོད།

ལན་དུ། ལོ་ཤས་རིང་དེའི་སྐོར་གྱི་གནས་སྟངས་ལེགས་སུ་ཞི་དྲག་སོང་ཡོད། དཔེར་ན་དགེ་སློང་མའི་སྐོར་རྒྱབ་སྐྱོར་ཇེ་མང་འགྲོ་བཞིན་ཡོད། དམིགས་བསལ་དུ་དེ་དག་གི་འཚོ་བར་རོགས་སྐྱོར་ཐད་ནས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་གྲལ་ཞིག་རེད། དེ་སྔོན་བོད་ཀྱི་དགེ་སློང་མའི་དགོན་པར་སྐྱ་བོ་ཚོའི་ཕྱོགས་ནས་རོགས་སྐྱོར་ཤུགས་ཆེན་པོ་ཐོབ་ཐབས་བྲལ། དེ་དག་གི་ཡོངས་རྫོགས་སློང་མོ་རྒྱག་ནས་ཐོབ་དགོས་ཀྱང་ད་ལྟའི་གནས་སྟངས་ཇེ་ལེགས་སུ་སོང་ཡོད་པ་རེད། དེ་མིན་སློབ་གསོ་ཐོབ་ཐབས་སྐོར་དགེ་སློང་མས་ད་ལྟའི་ཆར་དཔེ་ཆ་སྦྱོང་བརྩོན་ཆོག་པ་འདི་ཡར་རྒྱས་ཆེན་པོ་ཞིག་ཡིན། དམིགས་བསལ་དུ་རྒྱ་གར་དང་བལ་ཡུལ་དུ་དགེ་སློང་མ་འབྱུང་ལ་ཉེ་ཡོད། (དེ་སྔོན་དགེ་སློང་ཕ་ལས་དགེ་སློང་མ་མེད།) དེ་བས་ཡར་རྒྱས་གཏོང་དགོས་པའི་ཕྱོགས་མང་པོ་ཡོད་པའི་ནང་ཐོག་མར་བཙུན་མའི་ཕྱོགས་ནས་རང་ཕྱོགས་ནས་དབུ་འཁྲིད་ཀྱི་ནུས་པ་གསོ་སྐྱོང་དགོས་པའི་སྐོར་རེད། བཙུན་མ་རྣམས་ལ་སོ་སོའི་ཚོགས་པ་སྣེ་ཤེན་ནམ་དབུ་འཁྲིད་ཐུབ་པའི་ནུས་པ་གསོ་སྐྱོང་དགོས། ད་ལྟའི་ཆར་བཙུན་མ་དབུ་འཁྲིད་ཀྱི་ལས་དོན་མང་ཆེར་སྐྱེས་པས་འཁྱེར་ཞིང་། དེ་བས་དགེ་བཤེས་མའི་སློབ་ཚན་ཡང་སྐྱེས་པས་སློབ་འཁྲིད་བྱེད་ཀྱི་ཡོད། ངའི་རེ་བར་མ་འོངས་པར་དགེ་སློང་མ་ཚོ་སོ་སོའི་ས་ནས་ཡར་བཞེངས་ཐུབ་པའི་རེ་འདུན་ཡོད། དགེ་བཤེས་མ་ཐོན་ཚར་བའི་དགེ་སློང་མར་མཚོན་ན་དེ་དག་མ་འོངས་པར་དགེ་སློང་མ་གཞན་སྣེ་འཁྲིད་ཐུབ་པའི་ནུས་ཤུགས་ཡོད་པ་རེད།

དེ་མིན་དཀའ་ངལ་གཉིས་པ་དེ་ནི་སྡོམ་པ་ལེན་རྒྱུ་དེ་རེད། གནད་དོན་འདིར་ལོ་ཉི་ཤུ་ལྷག་བགྲོ་གླེང་བྱས་ཟིན་ལ། ནང་པའི་ཕྱོགས་ཡོངས་སུ་ཚོགས་འདུ་དང་གཏམ་བཤད་མང་པོར་གོ་སྒྲིག་ཞུས་ཡོད། མང་པོས་ད་ནས་དུས་ཚོད་དེ་འདྲ་ཞིག་སླེབས་ཚར་བ་རེད་ཅེས་བཤད་ཀྱི་ཡོད། དེར་བརྟེན། ངས་དགེ་སློང་མ་དེ་ཚོས་དང་པོར་བོད་ནས་དགེ་ཚུལ་སློང་གི་བསླབ་སྡོམ་ལེན་ཐབས་ཀྱི་ཁོར་ཡུག་དེ་འདྲ་ཞིག་བསྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

དྲི་བ། དཔེ་ཆའི་ནང་དགེ་སློང་མའི་སྡོམ་རྒྱུད་བོད་དུ་གཏན་འབེབས་མ་ཐུབ་པའི་རྒྱུ་མཚན་གང་ཡིན་གསུང་ན་འགྲིག་གམ།

ལན་དུ། ངས་བསམ་པར་དེ་སྔོན་བོད་དུ་དགེ་སློང་མའི་ཚོགས་ཡོད་ཀྱང་དེ་རྗེས་ཡལ་སོང་བ་རེད་སྙམ། དེ་བྱུང་རྐྱེན་གསལ་པོ་མེད་རྐྱེན་ངས་ཞིབ་ཕྲའི་འགྲེལ་བརྗོད་བྱ་ཐབས་བྲལ། གང་ལྟར་ཡང་ང་ཚོས་སང་ལོ་ནས་དགེ་སློང་མའི་སྡོམ་བསྐྱར་གསོ་འགོ་བརྩམས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། འདིའང་བཀའ་བརྒྱུད་པར་མཚོན་ན་སྔར་བྱུང་མ་མྱོང་ཞིང་བསམ་ཡུལ་ལས་འདས་པའི་གནས་སྟངས་ཤིག་རེད། ང་ཚོས་ཐོག་མར་འདི་ལོར་དེ་སླར་གསོ་ཡོང་ཐབས་བྱས་ཀྱང་ལེགས་གྲུབ་བྱུང་མེད་སྟབས་ཕྱི་ལོར་སླར་ཚོད་ལྟ་ཞིག་བྱ་བརྩིས་ཡོད།

དྲི་བ། ན་ནིང་དགུན་དུས་དགེ་སློང་མའི་སྐོར་ཆོས་ཚོགས་རྡོ་རྗེ་གདན་དུ་འཚོགས་པའི་སྐབས་དགེ་སློང་མར་ཐོག་མར་རབ་བྱུང་མའི་སྡོམ་པ་དང་། དེ་ནས་དགེ་ཚུལ་གྱི་སྡོམ་པ་ལེན་དགོས་པའི་སྐོར་གསུངས་ཡོད་པ་རེད། འོ་ན་བཙུན་མ་རྣམས་ལ་སྡོམ་པ་འདི་དག་སུ་ཡིས་གནང་གི་རེད་དམ།

ལན། ང་ཚོས་དེའི་ཐད་ཐབས་ལམ་གསུམ་བརྟེན་ནས་བྱ་ཆོག དང་པོ་ནི་དགེ་སློང་ཕས་མོ་ལ་སྡོམ་པ་གནང་རྒྱུ་དང་། གཉིས་པ་ནི་དགེ་སློང་ཕ་མ་གཉིས་འཛོམས་ཀྱིས་གནང་རྒྱུ་རེད། བོད་བརྒྱུད་ནང་བསྟན་དུ་དགེ་སློང་མའི་ཚོགས་མེད་པའི་རྐྱེན་གྱིས་ང་ཚོས་རྒྱ་བརྒྱུད་ནང་བསྟན་གྱི་དགེ་སློང་མ་གདན་འདྲེན་ཞུ་ཆོག་ལ། དེ་བས་སྐྱེས་པའི་དགེ་འདུན་ཚོགས་ནི་བོད་བརྒྱུད་ནང་བསྟན་གྱི་འཐུས་མི་རེད། ང་ཚོས་དུས་མཚུངས་ལུགས་མི་འདྲ་བ་གཉིས་ཀྱི་དགེ་འདུན་ལ་སྡོམ་པ་གནང་ཆོག དེ་བས་གདམ་ཁ་གསུམ་པ་ནི་རྒྱ་བརྒྱུད་ཕྱོགས་ཀྱི་དགེ་སློང་ཕ་མ་གཉིས་ཀ་གདན་འདྲེན་ཞུ་རྒྱུ་དེ་རེད། གོང་གསལ་ཐབས་ལམ་གསུམ་ནང་ང་ཚོས་ཐབས་ཤེས་གཉིས་པ་དེ་གདམས་ཡོད། གང་ཡིན་ཟེར་ན། འདི་ལྟར་བྱས་ན་བསླབ་སྡོམ་ལ་ཅུང་འཚམ་ཆེ་བ་ཡོད་པར་བརྟེན། ང་ཚོས་རྒྱ་བརྒྱུད་ནང་བསྟན་གྱི་དགེ་སློང་གཅིག་གདན་འདྲེན་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ཁོ་ཚོས་དགེ་སློང་མའི་སྡོམ་བརྒྱུད་མཐུད་ཡོད་པས་རེད། ངས་བསམ་པར་དེ་ནི་ཕུག་བསམ་ལྟ་བུའི་ཐབས་ལམ་དང་སྲོལ་བརྒྱུན་གཉིས་སླར་འབྲེལ་མཐུད་བྱ་རྒྱུའམ་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་རེད། དགེ་སློང་མ་རྣམས་མང་ཆེར་བོད་དང་ཧེ་མ་ལ་ཡའི་ཁུལ་གྱི་བུད་མེད་ཡིན་པ་དང་། དེ་དག་གིས་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་ཐོག་ནས་སྡོམ་པ་ལེན་རྒྱུར་སྤོབས་པ་མང་བ་ཡོད་སྲིད་པ་དང་། བོད་ཀྱི་སྤྱི་ཚོགས་སུའང་བོད་བརྒྱུད་ནང་བསྟན་གྱི་དགེ་བའི་བཤེས་གཉེན་རྣམས་ལྷན་བཞུགས་ཡོད་པའི་སྒོ་ནས་སྡོམ་པ་མནོས་པའི་མཛད་སྒོ་འཚོགས་པར་ངོས་ལེན་མང་བ་ཡོད་སྲིད་པ་རེད།

དྲི་བ། འདི་ལོར་རྡོ་རྗེ་གདན་དུ་ཁྱེད་ནས་དགེ་སློང་མ་ཚོར་ནང་བསྟན་སློབ་གླིང་ཞིག་འཛུགས་ཐབས་སྐོར་གསུངས་སོང་བའི་སྐོར་ཞིབ་ཕྲ་གསུང་ན་འགྲིག་གམ།

ལན་དུ། ལོ་བཅུ་དྲུག་སྔོན་ང་རྒྱ་གར་དུ་འབྱོར་ནས་དེའི་རིང་ངས་སོ་སོའི་སྡོད་གནས་ངོ་མ་ཞིག་རྙེད་ཐབས་མེད་པ་ཆག་པ་རེད། ངའི་སྒེར་གྱི་གནས་སྟངས་དེ་ཆབ་སྲིད་དང་རྒྱུ་རྐྱེན་གཞན་དང་མཉམ་དུ་བསྲེས་ཚར་བའི་རྐྱེན་གྱིས་སྐབས་འགར་ངས་སོ་སོའི་རེ་འདུན་ལག་བསྟར་བྱེད་ཁག་པོ་འདུག དེར་བརྟེན། དེ་སྔོན་སོ་སོས་ནང་བསྟན་སློབ་གླིང་ཞིག་གཟུག་བསམ་ཡང་དཀའ་ངལ་ངེས་ཅན་ཡོད་པ་རེད། ད་ལྟའི་ཆར་གཙོ་བོ་དགེ་སློང་མ་མང་པོ་རྒྱ་གར་མི་སེར་ཡིན་པའི་རྐྱེན་གྱིས་ངས་ཁོང་ཚོས་ནང་བསྟན་སློབ་གླིང་འཛུགས་པའི་འགན་འཁྱེར་ཐུབ་ན་བྱ་བ་འདི་ལེགས་འགྲུབ་ཡོང་སྲིད་པར་ངོས་འཛིན་བྱེད་ཀྱི་ཡོད། དགོན་སྡེ་མི་འདྲ་བའི་ནང་སོ་སོའི་སློབ་གླིང་རེ་ཡོད་པ་བདེན་ཡང་ཚང་མའི་ནུས་ཤུགས་ཕྱོགས་གཅིག་ཏུ་སྤུངས་ནས་འཛུགས་བསྐྲུན་བྱེད་དེ་མཐུན་མོང་གི་སློབ་གླིང་གཅིག་བཙུགས་པ་གཉིས་དབར་མི་འདྲ། དེའང་དགེ་སློང་མར་སློབ་འཁྲིད་གནང་མཁན་མདང་ངེས་ཀྱི་སློབ་དཔོན་རག་པའི་དབང་དུ་བཏང་ཡང་སློབ་གླིང་མང་པོ་དེར་སློབ་འཁྲིད་གནང་བ་ནི་ངོ་མ་ཧ་ཅང་དཀའ་ངལ་ཡོད་པ་ཞིག་རེད། གལ་ཏེ་ང་ཚོར་སློབ་གླིང་འདི་འདྲ་ཞིག་ཡོད་ན་ཁོང་མོ་ཚོ་ལའང་གོ་རིམ་རིམ་བརྒྱུད་ཀྱིས་ཉམས་ལེན་དང་སློབ་གཉེར་གནང་སའི་ས་གནས་ཤིག་ཡོད་པ་རེད། ཡིན་ཡང་དེ་དགེ་སློང་མ་རྐྱང་པར་དབང་བ་ཞིག་མིན། གང་ཡིན་ཟེར་ན། ད་དུང་གཞན་ནམ་སྐྱ་བོའི་སྡེའི་ཕྱོགས་ཀྱི་བུད་མེད་མང་པོས་ཉམས་ལེན་དང་ནང་ཆོས་སྦྱོང་ས་བྱེད་ཆོག་ཅིང་། ནང་བསྟན་སློབ་གླིང་འདི་བུད་མེད་ཡོངས་ཀྱིས་ཆོས་ཉམས་ལེན་དང་སློབ་གཉེར་བྱེད་ས་གནང་ཆོག་པས་ཡིན།

དྲི་བ། བདུན་ཕྲག་འགའི་སྔོན་དུ་ཁྱེད་ཀྱིས་དགེ་སློང་མ་ཁག་ཅིག་གིས་དཔེ་ཆ་རྩོད་པའི་རྟགས་གསལ་ལ་གསན་ཡོད་པ་རེད། ཁྱེད་ཀྱིས་དེ་དག་གི་ནུས་པ་ཅི་འདྲ་ཡོད་པར་དགོངས་ཀྱི་ཡོད་དམ།

ལན་དུ། ལོ་གསུམ་བཞིའི་སྔོན་དུ་ངས་དེ་དག་གི་རྟགས་གསལ་བཏང་པ་མཐོང་བ་ཐོག་དང་པོ་ཡིན། སྐབས་དེར་ཁོང་ཚོ་ད་དུང་ལས་ཀྱི་ཐོག་མ་བ་ཤ་སྟག་རེད། དེའི་ནང་རྟགས་གསལ་གཏོང་སྟངས་ཀྱི་ལུང་རིག་དང་ཚིག་བརྗོད་ཤེས་མཁན་ལས་མེད། དེ་རྗེས་ལོ་གཉིས་པར་གནས་སྟངས་ཅུང་ལེགས་སུ་སོང་ཞིང་། ལོ་གསུམ་ཐོག་ལ་ངས་དེ་དག་ནི་སྤོབས་པ་དང་ལྡན་པའི་སྒོ་ནས་རྟགས་གསལ་གྱི་རིག་ལམ་གསལ་ཞིང་ཡར་རྒྱས་མངོན་གསལ་དོད་པོར་སོང་ཡོད་པ་མཐོང་ཡོད། དེར་ང་རང་ཧ་ཅང་བློ་བདེ་པོ་བྱུང་ལ། དེ་དག་གི་སྤུས་ཚད་ཀྱང་མུ་མཐུད་མཐོ་རུ་འགྲོ་བའི་ཡིད་ཆས་ཡོད།

དྲི་བ། ཁྱེད་ཀྱིས་བོད་བརྒྱུད་ནང་བསྟན་གྱི་དགེ་སློང་མའི་སྐོར་དགོངས་ཚུལ་གང་འདྲ་ཡོད་དམ།

ལན་དུ། བོད་ཀྱི་སྤྱི་ཚོགས་སུ་ང་ཚོས་རྒྱུན་དུ་གནས་ཚུལ་ཡོངས་རྟེན་འབྱུང་གི་སྒོ་ནས་ཡོང་བར་བཤད་ཀྱི་ཡོད། ང་ཚོས་འདིའི་སྐོར་ལས་ཀ་བྱེད་འགོ་བརྩམས་ནས་བཟུང་ལས་ཀྱི་གཞོགས་འདེགས་བྱུང་ནས་ལས་དོན་ཡོངས་ལམ་ལྷོང་བྱུང་། ང་རང་ལའང་སྤོབས་པ་དང་དཔའ་ངར་ཆེན་པོ་ཡོང་ཐུབ་པ་བྱུང་། དགེ་སློང་མའི་ཆོས་སྤེལ་ཕྱོགས་ལ་གྲུབ་འབྲས་ཡོང་ངེས་ལ་ཡིད་ཆས་ཀྱང་བརྟན་པོ་ཡོད།

དྲི་བ། རྒྱལ་དབང་མཆོག་གིས་ང་ཚོའི་བཅའ་འདྲིར་དང་ལེན་གནང་བ་ཐུགས་རྗེ་ཆེ།

( དེ་ནས་ཁ་བྲལ་རྗེས་རྒྱལ་དབང་མཆོག་གི་རེ་བས་ཁེངས་པའི་མཇུག་བསྡོམས་དང་ཁོང་གི་གུ་ཡངས་ཀྱི་རྣམ་འགྱུར་དེ་ང་ཚོའི་སེམས་སུ་ཡལ་ཐབས་མེད་པར་རྒྱུན་རིང་གནས་འདུག ང་ཚོས་ཁོང་གི་བརྩམས་ཆོས་ཁྱད་འཕགས་ཀྱི་སེམས། ནང་སེམས་ནས་ཕྱི་རུ་བརྒྱུད་དེ་འཛམ་གླིང་བཅོས་བསྒྱུར་གཏོང་དགོས། The Heart Is Noble: Changing the World from the Inside Outཅེས་པའི་ནང་ངས་བསམ་པར་ང་ཚོས་ངེས་པར་དུ་དེང་ང་ཚོར་ངེས་མཁོའི་དམིགས་བསལ་གྱི་ཁྱད་ཆོས་ནི་རྒྱུན་དུ་བུད་མེད་ཀྱི་དམིགས་བསལ་ཁྱད་ཆོས་བཤད་བཞིན་པ་དེ་ཚོ་རེད་་་་་་ཕན་ཚུན་འབྲེལ་མོལ་དང་གཞན་གྱི་དགོས་མཁོ་ལ་ཞིབ་ཕྲ་ཉན་དགོས་པ་དེ་ཡིན། འདི་ནི་བུད་མེད་ཀྱི་དུས་སྐབས་ཤིག་ཡིན་འོས། བུད་མེད་ཅིག་གིས་སྤྱི་ཚོགས་ལ་ལེགས་སྐྱེས་སྔར་ལྷག་ཕུལ་བའི་དུས་རབས་ཤིག་ཡིན་འོས། ཅེས་པ་དེའོ།

རྒྱལ་དབང་མཆོག་ཡུལ་གྱར་གྱི་ལོ་ཟླ་འདི་དག་རིང་ཁོང་ལ་ཐོག་མཐའ་བར་གསུམ་དུ་འགོག་རྐྱེན་དང་དཀའ་ངལ་སྣ་ཚོགས་འཕྲད་ཀྱང་དེ་དག་སེལ་ཐབས་གནང་ཡོད། ཁོང་གིས་ཉིན་མ་རེ་རེ་བཞིན་ཚུར་གང་འདྲ་བསུ་དགོས་མིན་མཁྱེན་གྱི་ཡོད། ད་དུང་ཁོང་གིས་བུད་མེད་རང་གི་ངོས་ནས་མི་ཚེའི་ནང་དམིགས་བསལ་གྱི་འོད་ཟེར་ཆེན་པོ་འཕྲོ་ཐུབ་པའི་དུས་རབས་དེའི་ཆེད་དུ་ཧུར་བརྩོན་ཇི་ལྟར་གནང་དགོས་མིན་མཁྱེན་གྱི་ཡོད་པ་རེད། )

མ་རྩོམ་འདི་འཛམ་གླིང་ནང་པའི་སྒོ་ཆེན་ཞེས་པའི་དོན་གྱི་ཨིན་ཡིག་དྲ་རྩོམ་ནས་རྒྱ་བསྒྱུར་ཞུས་པ་ཡིན།

 

 

 

རྒྱ་ཡིག་མ་རྩོམ་གྱི་འབྲེལ་ཐག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།