མཁའ་འགྲོ་མ། ( བརྩམས་སྒྲུང་། )

images/stories/ADs-VOT/Resized/65_n.jpgམཁའ་འགྲོ་མ། ( བརྩམས་སྒྲུང་། )

空行母    sky-goer-female

 དང་པོ། གྲུབ་རྟགས་ངོམས་པ།

བོད་རྒྱལ་ལོ་ ༢༠༡༤ ཧོར་ཟླ་ ༦ པའི་ཚེས་ ༤ ཉིན། ཤར་གླིང་ཡུལ་གྲུ་ཁག་གི་ནང་པའི་དད་ལྡན་མང་ཆེར་དང་། ནུབ་གླིང་དུ་རྟོགས་པའི་ཨཱ་རི། ཨཱིན་ཇི་གཙོས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གི་གསར་འགོད་པའམ་པར་ལེན་མཁན་རྣམས། གྲགས་ཅན་གསར་ཁང་ BBC དང་། ཨ་རི་རླུང་འཕྲིན། CNN གསར་ཁང་སོགས་ཀྱི་གསར་འགོད་པ་ཚུད་འབྲེལ་ཡོད་ཡོངས་བལ་བོད་ས་མཚམས་སུ་གྲགས་པ་འབར་བའི་གནས་ཆེན་གངས་དཀར་ལྷུན་པོར་འདུས་བཞིན་ཡོད། དེ་རིང་ནི་འཛམ་གླིང་སའི་གོ་ལ་ཡོངས་སུ་བོད་ཁ་བའི་ལྗོངས་ཀྱི་མཁའ་འགྲོ་མའམ་ཆོས་མིང་ལ་དཀར་མོ་སྒྲོལ་མ་ཞུ་བ་ཁོང་མོས་འཛམ་གླིང་མི་ཚོའི་མིག་མདུན་དུ་གྲུབ་རྟགས་ཐེངས་གཅིག་སྟོན་རྒྱུའི་ཁས་ལེན་གནང་བའི་དུས་ཚོད་ཁྱད་པར་ཅན་ཞིག་རེད

རྒྱལ་སྤྱིའི་གློག་བརྙན་སྡེ་ཚན་དང་གསར་འགྱུར་ལྟེ་གནས། འབྲེལ་ཡོད་སྡེ་ཚོགས་ཡོངས་ཀྱི་གནད་ཡོད་མི་སྣ་དེ་དག་གཅིག་རྗེས་གཉིས་མཐུད་ཀྱིས་ས་འདིར་འཚང་ཀ་ཆེ་བའི་སྐབས་ཡིན་ལ། ཡུན་རིང་མི་རྣམས་ཀྱིས་མཁའ་འགྲོ་དཀར་མོ་སྒྲོལ་མའི་ལྷ་སྒྲུང་ལྟ་བུའི་མངོན་མཚན་ཅན་གྱི་གནས་སྟངས་དེ་དག་དེ་རིང་འགོ་བརྩམས་ཏེ་སྡེ་ཚན་ཁག་སོ་སོས་གློག་བརྙན་དང་བརྩམས་སྒྲུང་། ཟློ་གར་སོགས་པར་དང་བརྙན་འཕྲིན་སྣ་ཚོགས་ལེན་ཏེ་འཁྲབ་སྟོན་བྱ་རྒྱུའི་གྲ་སྒྲིག་ཨང་གསར་བྱེད་ཅིང་། མཁའ་འགྲོ་མ་དཀར་མོ་སྒྲོལ་མའི་སྐོར་གྱི་གསར་འགྱུར་དག་ནི་དུས་རབས་ཉེར་གཅིག་པའི་འཛམ་གླིང་འདིར་མཚོན་ན་སའི་གོ་ལར་འབར་གས་རང་བཞིན་ལྟ་བུའི་དོ་སྣང་ཆེ་ཤོས་བྱེད་ཡུལ་གྱི་ཡ་མཚན་དངོས་བྱུང་ལ་བརྩི་བཞིན་ཡོད་པ་རེད།

 

ཉིན་དེའི་ཞོགས་པ་ནམ་གསལ་ལ་མི་གསལ་བའི་སྐབས། ཕྱོགས་བཞི་མཚམས་བརྒྱད་ནས་འདུས་ཡོང་བའི་མི་མང་འབུམ་ཚོ་མང་པོ་བོད་ཀྱི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་སྤུན་ཡ་ལ་ངོས་འཛིན་བྱེད་པའི་བལ་བོད་ས་མཚམས་ཀྱི་གངས་དཀར་ལྷུན་པོའི་རི་སྐེད་ཀྱི་ཐང་དེར་འདུས། ཚང་མས་ལྷུན་པོའི་གཤམ་དུ་གཡག་དང་འབྲི་སོགས་ནོར་གྱིས་ཕྱུག་པའི་བོད་ཀྱི་འབྲོག་པ་ཆགས་ས་སྤང་ལྗོངས་རྒྱ་ཆེན་པོ་དེར་སྦྲ་གུར་དཀར་སེར་དམར་ལྗང་སོགས་སྣ་ཚོགས་ཕུད་ནས་བསྡད། ཅུང་ཐག་རིང་ཙམ་ནས་ཕར་བལྟས་ཚེ་མཐོ་ཚད་རྒྱ་མཚོའི་ངོས་ནས་ཧྥི་ཁྲི་ ༦༨༨༨ བརྒལ་ཚར་བའི་ལྗིད་ཆགས་ཀྱི་རི་བོ་གངས་དཀར་ལྷུན་པོ་འགྱིང་སའི་རི་སྐེད་ཙམ་ལ་སྨུག་པ་མཁྲིགས་ཅིང་། མེ་ཏོག་སྣ་ཚོགས་བཞད་པའི་སྤང་དབུས་སུ་རྒྱུག་ཆུ་དལ་འགྲོ དེ་མིན་ནོར་ལུག་དང་མི་ཚོགས་འཚང་ཁ་ཆེ་བ་དེ་ནི་སྣུམ་མཚོན་མཛེས་རིས་ལྟར་འདིར་ལྷ་ཡུལ་མིན་ན་གང་ཡིན་བསམ་པ་ཞིག་མངོན་འདུག

 

ཕལ་ཆེར་ཞོགས་པ་ཆུ་ཚོད་དགུ་པ་ཡས་མས་ཙམ་ལ། དེར་ཡོད་བོད་ས་སྟོད་སྨད་བར་གསུམ་ནས་རྟ་དང་རླངས་འཁོར་སོགས་བཞོན་ཏེ་ཐག་རིང་ནས་འདིར་འབྱོར་བའི་ནང་པའི་དད་ལྡན་དོན་གཉེར་ཅན་རྣམས་ཀྱིས་ལག་གཉིས་མདུན་དུ་ཟུམ་ཞིང་སྨོན་ལམ་འདེབས་པ་དང་། གཞན་ནུབ་ཕྱོགས་པ་མགོ་སེར་དེ་དག་གིས་ཀྱང་པར་ཆས་དང་འཕྲུལ་ཆས་སྣ་ཚོགས་སར་བཙུགས་ནས་པར་ལེན་ཆོག་ཆོག་བྱས་ནས་སྒུག་འདུག མདོར་ན་དེར་འབྱོར་བའི་སའི་གོ་ལ་སྟེང་གི་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མའི་གདོང་ལ་ཡ་མཚན་དང་། ཡང་ན་དེ་མིན་འདོད་རྔམ་ཅི་ཡིན་ཆ་མི་འཚལ་བའི་རྣམ་འགྱུར་ཁྱད་མཚར་རེ་མངོན་བཞིན་གངས་དཀར་ལྷུན་པོའི་རེ་རྩེའི་སྒྲུབ་ཕུག་དེའི་ཕྱོགས་སུ་མིག་གཉིས་ཅེར་ནས་ལུས་འདུག

 

དུས་ཡུན་སྐར་ཆ་འགའི་རྗེས་སུ། གློ་བུར་དུ་རི་སྐེད་ཀྱི་སྒྲུབ་ཕུག་ཕྱོགས་ནས་ཁྲོག་སྒྲ་ཆེན་པོ་བསྟུད་མར་གྲགས་བཞིན་དམར་མདོག་གི་གཟུགས་དབྱིབས་ཅིག་བྱ་འཕུར་བ་ལྟར་ནམ་མཁའི་དབྱིངས་སུ་འཕུར་བྱུང་། དེར་ཡོད་མི་ཚང་མས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་སྐད་མི་འདྲ་བའི་སྒོ་ནས། ཨེ་མ་ཧོ། ཨོ་ཙི་ལ། ཝོ་ཝོ་ཝོ། དཀོན་མཆོག་གིས་མཁྱེན་སོགས་ཧང་སང་བའི་སྐད་སྣ་ཚོགས་འབྱིན་ཞིང་མགོ་བོ་སྟེགས་ནས་ནམ་མཁར་ཕྱོགས། དུས་མཚུངས་སུ་པར་དང་གློག་བརྙན་རྒྱག་མཁན་གྱི་མི་ཚོས་འཕྲུལ་ཆས་གཡོ་འགུལ་དང་སྦྲགས་ཚག་སྒྲ་སྣ་ཚོགས་འོག་བྲེལ་ཟིང་གིས་པར་ལེན་རྒྱུ་འགོ་བརྩམས། མཁའ་འགྲོ་མ་ནམ་མཁར་འཕུར་བཞིན་ཅུང་མཐོ་སའི་མཁའ་དབྱིངས་ཕྱོགས་ནས་སྤྲིན་པ་དམར་སེར་ཚོམ་བུ་ཞིག་ཐོག་སྤྱན་བཙུམ་རྡོ་རྗེ་དཀྱིལ་ཀྲུང་བཅས་ནས་བཞུགས། སྐུའི་རྒྱབ་ལྗོངས་སུ་མཇའ་ཚོན་སྣ་ལྔ་ཡིས་གུར་ཕུག དེ་ནས་མཁའ་དབྱིངས་སུ་འཕུར་བཞིན་པའི་བྱ་དང་བྱིའུ་ཚོགས་ཀྱང་རིམ་གྱིས་དགའ་སྤྲོའི་རྣམ་པ་ཕྱི་ལ་མངོན་ནས་སྤྲོ་བའི་སྒྲ་སྣ་ཚོགས་འབྱིན་བཞིན་མཁའ་འགྲོ་མའི་སྟེང་གི་དབྱིངས་སུ་ཕྱོགས་བཞི་མཚམས་བརྒྱད་ཀྱིས་བསྐོར་བྱུང་།

 

འཁོར་བ་སྡུག་ངལ་རང་བཞིན་དམྱལ་ཁམས་ནས།

ཐར་པའི་ལམ་བཟང་བསྙེག་ལ་བསྐུལ་བའི་ཕྱིར།

འགྲོ་བའི་རྨོངས་སད་སྤྲུལ་པའི་སྣང་བ་ཙམ།

མངོན་པར་སྡིག་པ་ཅི་མཆིས་འཐོལ་ལོ་བཤགས།

མཁའ་འགྲོ་མས་ཚིག་བཅད་དེ་དག་གསུང་ནས་སྐར་མ་ལྔ་ཙམ་ནམ་མཁར་བཞུགས་རྗེས། སྤྱན་བཙུམ་ནས་ཕྱག་གཉིས་མདུན་དུ་ཟུམ་བཞིན་ཅུང་འཕགས་མཆོང་འགའ་རྒྱབ་སོང་བས། བཞུགས་ཁྲི་ལྟ་བུའི་སྤྲིན་ཚོགས་དེའང་རིམ་གྱིས་དམའ་རུ་སོང་ནས་མི་རྣམས་ཀྱིས་མཁའ་འགྲོ་མའི་ཞལ་རས་གསལ་པོ་མཐོང་ཐུབ་པ་གནང་། སྐབས་དེར་མི་རྣམས་དད་གུས་ཀྱི་མོས་པ་ཆེས་ཆེར་རྒྱས། ནང་པ་ཚོས་སྤུས་མོ་སར་བཙུགས་ཏེ་རྐྱང་ཕྱག་འཚལ་བ་སོགས་བྱས། དེ་ནས་ཁོང་མོ་སླར་ཡང་སྐར་མ་ལྔ་ཙམ་དེ་མུར་བཞུགས་རྗེས་སྤྱན་གཉིས་ཕྱེས། འཛུམ་དང་བཅས།

 

བྱང་ཆུབ་སེམས་མཆོག་རིན་པོ་ཆེ།

མ་སྐྱེས་པ་རྣམས་སྐྱེ་རྒྱུར་ཅིག

སྐྱེས་པ་ཉམས་པ་མེད་པ་ཡང་།

གོང་ནས་གོང་དུ་འཕེལ་བར་ཤོག

 

ཅེས་ལན་གསུམ་གསུང་པ་དུས་མཚུངས་སུ་ནང་པ་ཚོས་ཀྱང་ཚིག་བཅད་དེ་མཉམ་ཟློ་བྱེད་ཅིང་མཁའ་འགྲོ་མ་དལ་བུའི་ངང་ལྷག་རླུང་གིས་ཁོང་མོའི་གཟན་ཤམ་ཐག་གི་མཐའ་ནས་གཡོལ་འགུལ་བྱེད་བཞིན་ནང་པའི་སྐོར་རྫུ་འཕྲུལ་གྱི་ལྷ་སྒྲུང་ལྟ་བུའི་ཡ་མཚན་དེ་དག་ལ་མི་རྣམས་ཀྱིས་མངོན་སུམ་དུ་མཇལ། མཁའ་འགྲོ་མ་སར་བབ་མ་ཐག་ས་གཞི་ཡང་ཅུང་གཡོ་འགུལ་བྱུང་བས་མི་རྣམས་ལ་སྐྲག་སྣང་ཏོག་ཙམ་སྐྱེས། འོན་ཀྱང་དུས་ཡུན་ནང་ཞི་འཇགས་སོང་བས་ཚང་མའི་བློ་ལྷོད་ལ་བབས། དུས་མཚུངས་སུ་ས་དེའི་ཕྱོགས་བཞིའི་བར་དབྱིངས་སུ་དྲི་ཞིམ་སྤོས་ངེད་ལྟ་བུ་ཞིག་ཁྱབ། དེར་ཡོད་མི་འགའ་རེའི་དོ་སྣང་བྱུང་དེ་ཤུགས་ཀྱིས་མཁའ་དབུགས་རྔུབ་བཞིན། དགའ་སྤྲོ་དཔག་ཏུ་མེད་པར། ཨེ་མ་ཧོ། དྲི་མ་དེ་འདྲ་ཞིམ་པ་ལ། ཟེར་ནས་སྐད་ཤོར།

 

དེར་སྒུག་བསྡད་པའི་མཁའ་འགྲོ་མའི་བཙུན་དགོན་སྒྲོལ་མ་གླིང་གི་ཆོས་གྲོགས་མ་འགའ་མྱུར་དུ་སྐུ་མདུན་དུ་ཉེ་བཅར་གྱིས་གདན་དྲངས་ཤིང་དལ་བུའི་ངང་མདུན་དུ་ཕེབས་སོང་། མི་མང་འདུ་ཚོགས་དབུས་སུ་ཐེ་ཝན་ནས་ཡིན་པའི་རྒས་མོ་ཞིག་ཏོག་ཙམ་མ་གཏོགས་མི་ཚོགས་འཚང་ཀས་སར་ཕུད་དེད་གྱིས་གྱེར་གྲབས་བྱེད་སོང་བས་མཁའ་འགྲོ་མས་གཟིགས་ཏེ་དེ་མུར་རྒན་མོའི་ཕྱོགས་སུ་ཕྱག་གཡུག་ཙམ་གནང་མ་ཐག རྒན་མོ་གཡོ་འགུལ་ཙམ་ལས་སར་འགྱེལ་མེད་སྟབས་བགྲེས་མོ་ཡ་མཚན་དང་བཅས་མིག་ནང་མཆི་ཞག་འཁོར་བཞིན་མཁའ་འགྲོ་མའི་ཉེ་སར་བཅར་ནས་ཁོང་མོར་ཕྱག་འཚལ་གྲབས་བྱས། དཀར་མོ་སྒྲོལ་མས་ཨ་མ་ལགས། དེ་འདྲ་གནང་མི་དགོས། ཡར་བཞེངས། ཅེས་བརྩེ་བ་ཆེན་པོས་གསུངས་པར། ཨ་མ་ལགས་ལམ་སང་གཉིད་སད་པ་ལྟར་མོའི་འཁྲིས་སུ་ཡོད་པའི་བུ་གཅིག་དང་བུ་མོ་གཉིས་བཅས་ནང་མི་ལྷན་དུ་སྐུ་པར་རེ་སྒྲོན་ཆོག་པའི་རེ་འདུན་ལ་ཁོང་མོའི་ཞལ་ནས་ཅུང་དོགས་མི་བདེ་བ་ལྟ་བུ་མངོན་འདུག་ཀྱང་། ལམ་སང་དེར་མོས་མཐུན་གནང་། དེ་རྗེས་སླར་ཡང་མི་ཚོགས་འཚང་ཁ་ཆེ་རུ་སོང་བས་མཁའ་འགྲོ་མ་མགྱོགས་མྱུར་ཆོས་གྲོགས་བཙུན་མ་གཞན་གཉིས་དང་མཉམ་དུ་འཁྲིས་སུ་སྒུག་ཡོད་པའི་རླངས་འཁོར་ཞིག་ཏུ་འཛུལ་ནས་ཐག་རིང་དུ་ཕེབས་སོང་།

 

 ཉེ་འཁྲིས་ཀྱི་སྤང་ཁར་འདུས་པའི་མི་ཚོགས་ནང་བོད་མི་གཞོན་སྐྱེས་རྟ་པ་ཁྱུ་ཚོགས་ལག་ཏུ་ཁ་དར་དཀར་པོ་འཕྱར་ཞིང་རླངས་འཁོར་རྗེས་སུ་དེད་ཅིང་དགའ་སྤྲོའི་ཀི་བསོ་འཐེན། རྒན་པ་རྣམས་ཀྱིས་རླངས་འཁོར་རྗེས་ནས་ཕྱག་འཚལ་སྨོན་ལམ་འདེབས་མཁན་སོགས་སྣ་ཚོགས་ཡོད་པ་རེད། དེར་ཡོད་འཛམ་གླིང་གང་ས་ནས་འབྱོར་བའི་མི་ཚང་མའི་གདོང་ལ་ཅི་ཡིན་ཆ་མི་འཚལ་བའི་ཡིད་ཚིམ་བའི་རྣམ་འགྱུར་རེ་མངོན་འདུག བཤད་སྲོལ་ལྟར་ན་གངས་དཀར་ལྷུན་པོར་འདུས་པའི་མི་ཚོགས་རྣམས་འདིར་ཉིན་གྲངས་ཁ་ཤེས་བསྡད་དེ་སྤྲོ་སྐྱིད་གཏོང་རྒྱུ་དང་། བོད་སྟོད་སྨད་བར་གསུམ་གྱི་ས་ཁོངས་ནས་ཟླ་བ་ཁ་ཤེས་རིང་གྲ་བསྒྲིག་བྱས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞས་སྣ་དང་། དེ་མིན་འཛམ་གླིང་གང་ས་ནས་ཕེབས་པའི་སྐུ་མགྲོན་ཚུད་མི་རྣམས་ཀྱིས་ཀྱང་གླུ་གར་དང་། རོལ་དབྱངས་དཀྲོལ་རྡུང་། བོད་རིགས་མཉམ་དུ་རྟ་རྩལ་ཤུགས་འགྲན་སོགས་འཁྲབ་སྟོན་སྣ་ཚོགས་ཡོད་པ་རེད་ཟེར།

 

གཉིས་པ། ཕྱི་དྲན་གྱི་ཀློང་དུ།

 ཟླ་བ་ཁ་ཤེས་ཀྱི་རྗེས་སུ་ཨ་རི་ནས་ཡིན་པའི་ཚན་རིག་རྟག་དཔྱད་ཁང་གྲགས་ཅན་ཞིག་གིས་མཁའ་འགྲོ་མ་དཀར་མོ་སྒྲོལ་མ་དང་བཙུན་དགོན་གྱི་མཁན་མོ་གཡང་འཛོམས་གཉིས་ཨ་རིར་འབོད་འགུག་གིས་གྲོང་ཁྱེར་ཝཱ་ཤིང་ཊོན་དབུས་ཀྱི་གཞུང་ལས་ཁང་ཞིག་ཏུ་གདན་འདྲེན་ཞུས། དེ་ནི་ཐོག་བརྩེགས་ཅན་གྱི་ཁང་པ་ཞིག་རེད་འདུག ཁོང་མོ་གཉིས་སུམ་ཐོག་གི་ཟུར་ཀྱོག་ཁང་མིག་ཅིག་ནང་ཡར་འཛུལ་མ་ཐག མགོ་སེར་རྒས་པོ་ཞིག་དང་ཨིན་ཇིའི་བུད་མེད་དར་གཞོན་གཉིས་ཀྱིས་དེར་ཕེབས་བསུ་ལྟ་བུ་བཅར་བྱུང་། མཁའ་འགྲོ་མ་དང་མཁན་མོ་གཡང་འཛོམས་གཉིས་དཀྱིལ་ཀྲུམ་གྱིས་དེར་བོད་ལུགས་ལྟར་གདན་ཁྲི་ཞིག་ཡོད་པར་བཞུགས་མ་ཐག རྒན་པོ་དེས་མགོ་བོ་སྒུར་བཞིན་འཛུམ་དང་གུས་ཞབས་ཆེན་པོས་མཁའ་འགྲོ་མའི་ཕྱག་ནས་འཇུས་ཏེ་འོ་སྦྱོར་ཞོར་འཚམས་འདྲི་བྱས། མཁའ་འགྲོ་མས་ཀྱང་དབུ་ཅོག་ལྡེམ་ཙམ་གྱིས་ཕ་རོལ་པོར་གུས་ལུགས་མཚོན། དེ་ནས་ཨིན་ཇིའི་བུད་མེད་དེས་བོད་སྐད་ཐོག་ནས། སྐུ་ཁམས་བཟང་། མཁའ་འགྲོ་མ་མཆོག ང་ཁྱེད་ཚོའི་སྐད་སྒྱུར་ཡིན་ལགས། ཁོང་ནི་ང་ཚོའི་ཚན་རིག་ཚོད་ལྟ་ཁང་གི་དབུ་འཁྲིད་སྐུ་ཞབས་ཀྱཱོ་ཀྲི་ལགས་རེད། མཁན་མོ་གཡང་འཛོམས་ནས་དེ་མུར། ཨོ་ཙི་ལ། ལྕམ་ལགས་ཁྱེད་རང་གིས་བོད་སྐད་ཡག་པོ་མཁྱེན་གྱི་འདུག་ག ཅེས་གསུང་པར་ཨིན་མོས་རེད་ལགས། ང་དེ་སྔོན་ལྷ་སར་བོད་སྐད་ལོ་ལྔ་ཙམ་ཆེད་གཉེར་སྦྱངས་མྱོང་། ད་དུང་ཡང་ཡར་རྒྱས་གཏོང་དགོས་ཀྱི་འདུག མཁའ་འགྲོ་མ་ཡིད་འགུལ་གྱིས་སླར་དབུ་ཅོག་ལྡེམ་ཙམ་གནང་། དེ་ནས་རྒན་པོ་ཀྱཱོ་ཀྲིས་དྲི་བ་འགོ་བརྩམས། ལྷ་མོ་མཆོག ཐོག་མར་ཁྱེད་ཨ་རིར་མ་འོངས་པའི་ཟླ་ཕྱེད་བཞུགས་རིང་སྐྱིད་པོ་དགའ་པོ་ཡོང་བའི་རེ་བ་ཡོད། སྔོན་གྱི་འཆར་གཞི་ལྟར་དེ་རིང་ང་ལ་དྲི་བ་མང་པོ་མེད་ལགས། གཙོ་བོ་ཁྱེད་ཀྱི་སྐུ་ཚེའི་ལོ་རྒྱུས་ཉན་འདོད་པ་དང་། དེའི་ནང་སྒོམ་སྒྲུབ་ཉམས་ལེན་སྐོར་དང་སྐུ་ལུས་ཀྱི་གནས་སྟངས་ལ་གསལ་ཁ་དོད་ཙམ་གསུང་རོགས་མཛོད། ཧི་ཧི་ཧི་མཁའ་འགྲོ་མ་དེ་ལྟར་སྐད་མགོ་ཆུང་ངུའི་ཞལ་མོ་བཞད་ཅིང་། ད་ཡིན་ན་ཁྱེད་རྣམས་ཀྱི་རིན་ཐང་ཆེ་བའི་དུས་ཚོད་དེ་འདྲ་འཕྲོག་བརླགས་གཏོང་ནས་ཇོ་མོ་ངའི་མི་ཚེའི་ལོ་རྒྱུས་གསན་རྒྱུ་ཡིན་པ་རེད། དེས་ན་ཐོག་མར་ཐུགས་རྗེ་ཆེ་ཞུ། ང་ནི་དེ་སྔོན་ཁྱིམ་རྒྱུད་ཆེན་མོའི་སྐུ་དྲག་གི་རྒྱུད་པ་མིན་ལ། ཕ་ཡུལ་དུ་སློབ་གྲྭར་རྒྱའི་རིག་གནས་སློབ་གསོ་ཐོབ་མྱོང་མཁན་གྱི་དེང་སང་ཤེས་ཡོན་ཅན་ཟེར་བ་དེ་འདྲ་གང་ཡང་མིན། ང་ནི་བོད་ཀྱི་ཡུལ་མ་འབྲོག་གི་ས་ཞིག་ལ་འཚར་ལོངས་བྱུང་བའི་བཙུན་མ་སྤྱི་བཏང་བའམ་ཕལ་པ་ཞིག་ཡིན།

 

ཆུང་དུས་སུ་ཕ་ཡུལ་དུ་རྒྱ་སྡེ་ནས་ང་ཚོའི་ཡུལ་ལུང་ཕུའི་གཏེར་ཁ་བསྔོག་བརྩིས་ཡོད་སྟབས་ངས་ཡུལ་ལྷ་དང་རྒྱ་སྡེའི་དབར་འབྲེལ་མཐུད་ཙམ་བྱས་པར་གུས་མོར་སྲིད་གཞུང་གིས་མ་ཉེས་ཁ་གཡོག་བཙུགས་རྗེས་བཙོན་ཁང་དུ་ཚུད། དེ་རྗེས་བཙོན་ནས་ཐར་ཙམ་བྱུང་ནས་རྒྱ་གར་དུ་བྲོལ་བྱོལ་དུ་ཡོང་དགོས་གྱུར། བོད་ཡུལ་གྱར་བའི་ལྟེ་གནས་རྒྱ་གར་རྡ་རམ་ས་ལ་ནས་ཕོ་གཞོན་ཞིག་དང་དགའ་པོ་ཆགས་རྗེས་ཕྲུ་གུ་གསུམ་བྱུང་། ཕྲུ་གུ་གསུམ་ཆུང་དུས་སུ་ངའི་བཟའ་ཟླ་ཁོང་གློ་བུར་དུ་ནད་ཀྱིས་ཟིན་ནས་སྨན་བཅོས་ཀྱིས་མ་ཕན་པར་འདས་གྲོངས་སུ་གྱུར། དུས་དེར་ངའི་སེམས་སུ་འཇིག་རྟེན་པའི་བྱེད་སྒོ་ཡོངས་རྫོགས་ཆོད་དེ་བུ་རྒྱུད་ཚོ་སློབ་གྲྭར་བཏང་རྗེས་རབ་ཏུ་བྱུང་ནས་དགོན་པའི་ནང་ཆོས་གཉེར་ལ་ཧུར་བརྩོན་ཆེན་པོ་སྦྱངས། མཇུག་དེར་དགེ་བཤེས་མ་ཐོག་མའི་གྲལ་གྱི་མཚན་མ་ཐོབ་བར་དུ་ཆོས་གཉེར་གྱི་བསྐལ་བཟང་དེ་དག་བྱུང་། དེ་རྗེས་བྱ་བྲལ་ལམ་སྒོམ་སྒྲུབ་ཉམས་ལེན་ཁོ་ནར་ལོ་ངོ་ཉི་ཤུ་ཙམ་བྱས། རྩ་བའི་བླ་མའི་ཐུགས་འདིང་དང་སྦྲགས་མཁའ་འགྲོའི་གྲུབ་རྟགས་སུ་གཟིགས་ནས་ཆོས་མིང་ལ་དཀར་མོ་སྒྲོལ་མ་གནང་། ད་ངའི་ལོ་རྒྱུས་ཚར་སོང་། ཧ་ཧ་ཧ་མཁའ་འགྲོ་མས་དེ་ཙམ་གསུངས་རྗེས། རྒས་པོ་ཀྱཱོ་ཀྲིས་མཁའ་འགྲོ་མས་ཀུ་རེ་རྩེད་གནང་བ་ཧ་གོ་བཞིན་དུ། སྟབས་བསྟུན་གྱིས་ཧེ་ཧེ་ཞེས་དགོད་མོ་ཤོར་བཞིན་དུས་མཚུངས་སུ། མ་རེད་ལགས། དེ་འདྲ་མ་རེད་ལགས། ཁྱེད་རང་ཕ་ཡུལ་ཡོད་པའི་སྐབས་ཀྱི་གནས་སྟངས་ཅུང་ཞིབ་ཚགས་ཙམ་གསུང་ན་ཡག་པོ་འདུག་ལགས། ཅེས་བཤད།

 

དེ་ནས་མཁའ་འགྲོ་མས་མུ་མཐུད་གསུང་དོན། ངའི་ཕ་ཡུལ་བོད་མདོ་ཁམས་ཕྱོགས་ཀྱི་ལུང་ཁུག་ཅིག་ལ་ཡིན། ཡུལ་གྱི་ཆགས་སྟངས་པདྨ་འདབ་བརྒྱད་དང་། ནགས་རིས་ཡུལ་ལུང་གི་མཐའ་བཞིར་བསྐོར་ཞིང་། ནགས་གསེབ་ཏུ་རི་དྭགས་གཅན་གཟན་མང་པོ་རང་དགའ་ཡི་ངང་ནས་འཚོ་བཞིན་གནས། གངས་དཀར་རི་བོའི་རྩེ་ནས་འབབ་པའི་གངས་ཆུ་གཙང་མ་དལ་གྱིས་ཡུལ་ལུང་མཐའ་ནས་རྒྱུ། ཕ་ཡུལ་གྱི་སེར་སྐྱ་ཕོ་མོ་རྒན་གཞོན་རྣམས་ནས་ལྷ་བླ་མར་དད་པ་དང་། རྒས་འཁོག་རྣམས་ལ་གུས་བརྩི། ཕྲུ་གུ་ཚོར་བྱམས་སྐྱོང་། གྲོང་པ་ཁྱིམ་མཚེས་དབར་འཆམ་མཐུན་ལ་འབད་བརྩོན་བྱེད་མཁན་ཡིན། ཕ་ཡུལ་དུ་ཆར་ཆུ་དུས་ཐོག་འབབ། རྟ་ནོར་ལུག་གསུམ་གྱི་ཕྱུགས་ཁ་དར་ཞིང་། དེ་ནི་ལོ་ལེགས་རྟག་ཏུ་བཟང་། ལོངས་སྤྱོད་ཕུན་སུམ་ཚོགས་པའི་ས་ཞིག་རེད། མཁའ་འགྲོ་མས་དེ་ལྟར་གསུང་རྗེས། སྐད་སྒྱུར་ཨིན་མོས་ཅུང་མི་བདེའི་ཚུལ་གྱིས། མཁའ་འགྲོ་མ་མཆོག དགོངས་དང་། ཁྱེད་ཀྱིས་ཉུང་ཙམ་ཉུང་ཙམ་གསུང་རོགས། ངས་རྗེས་ཟིན་གྱི་མི་འདུག་ལགས། དགོངས་པ་ཁྱོན་ནས་མ་ཚོམས་རོགས། ཧ་ཧ་མཁའ་འགྲོ་མས་སྐད་གསང་མཐོན་པོས་ཞལ་མོ་བཞད་ཅིང་། ཡ་ཡ་ཡ་ངས་ཁྱེད་ལ་དགོངས་དག་ཞུ། ངས་སྐད་ཆ་གཅིག་འགོ་བརྩམས་ཚར་ན་མཇུག་བསྡུ་མི་ཤེས་པའི་སྐྱོན་ཆ་ཆེན་པོ་རེད། འོ་ན་ངས་ཉུང་ཙམ་བཤད། ཁྱེད་ཀྱིས་ཉུང་ཙམ་བསྒྱུར། མ་རེད་པས། སྐད་སྒྱུར་མས་དེ་དག་སྐད་སྒྱུར་རྗེས་རྒན་པོ་ཀྱཱོ་ཀྲི་འཛུམ་དང་བཅས། ལམ་སང་། ཨོ་་་དེ་འདྲ་ཡིན་ན་མཁའ་འགྲོ་མས་བསམ་བློ་འདེད་ནས་མུ་མཐུད་གསུང་རོགས་མཛོད། ང་ཚོས་སྒྲ་འཇུག་ཆོག་གི་རེད། རྗེས་སུ་ཞིབ་ཚགས་བསྒྱུར་ནའང་འགྲིག ཅེས་བཤད་པར་ཁོ་ཚོ་བཞི་ཀ་གད་མོ་ཤོར།

 

མཁའ་འགྲོ་མས་ཞབས་གཡས་གཡོན་བརྗེ་པོ་རེ་རྒྱག་སྟེ་དཀྱིལ་ཀྲུང་བཅས་སྟངས་དེར་འགྱུར་བ་ཅུང་བཏང་རྗེས། ངའི་ཕ་མ་གཉིས་ལ་ང་མ་གཏོགས་བུ་རྒྱུད་མ་བྱུང་བ་རེད། ང་མོ་ལོ་བཅུ་དྲུག་བར་ངས་ཕ་ཡུལ་དུ་ཞིང་འབྲོག་གཉིས་ཀྱི་ལས་ཀ་བྱས། དེ་མིན་ང་ལ་ཨ་ཁུ་ཚང་གི་ཚ་བོ་གཅེན་པོ་གཉིས་དང་གཅུང་པོ་གཅིག་ཡོད། ངའི་ཆུང་མིང་ལ་སྒྲོན་ལྷ་ཟེར། ང་ཚོའི་ལུང་པའི་ལྷོའི་ཕུ་ན་བྲག་དང་ནགས་ཚལ་གྱི་རི་བོ་བརྗིད་ཆགས་ཅིག་ཡོད། ང་རྒྱུན་དུ་ཚ་བོ་ཆུང་བ་ངག་དབང་བཟང་པོ་དང་མཉམ་དུ་དེར་ཕྱུགས་རྫི་འགྲོ་རྒྱུར་ཧ་ཅང་དགའ། ཉིན་ཞིག་ང་ནགས་གསེབ་དབུས་སུ་མཚོ་མོ་ཆུང་ངུ་ཞིག་ཡོད་པའི་ཟུར་དུ་དགོང་ཟས་ཚར་ནས་གཉིད་དུ་ཡུལ་འདུག རྨི་ལམ་དུ་དབུ་སྐྲ་དཀར་པོའི་བགྲེས་པོ་ཞིག་དང་འཕྲད། ཁོང་གི་དབུ་སྐྲ་ལན་བུ་ལྷས་མ་དེ་དུང་ལྟར་དཀར་ཞིང་། སྐུ་ལ་རྒྱལ་པོའི་ན་བཟའ་ལྟ་བུ་གོས་ཆེན་སེར་སྨུག་ཅིག་མཆོད་འདུག ཁོང་གིས་ངའི་ཆུང་མིང་ནས་འབོད་ཅིང་། བུ་མོ་སྒྲོན་ལྷ་ཚུར་ལ་ཉོན། ང་ནི་རི་བོ་འདིའི་རི་བདག་རྒྱལ་པོ་ཡིན། འདིའི་ཕྱོགས་ཀྱི་གནས་རིར་ལྷ་ཀླུ་གཉེན་གསུམ་མང་པོ་བཞུགས་ཡོད། འོན་ཀྱང་ཉེ་དུས་སུ་གང་ནས་ཡོང་མིན་མི་ཤེས་པའི་ཀླ་ཀློ་རྒྱ་མི་ཁྱུ་ཞིག་འདིར་སླེབས་ནས་རི་སྐེད་དུ་བཞུགས་པའི་ལྷ་མོ་གངས་དཀར་གྱི་ཁྱིམ་གཞི་ནས་གསེར་དངུལ་གྱི་གཏེར་ཁ་བཏོན་བརྩིས་དང་། རི་གཤམ་ཀླུ་རྒྱལ་རྡོ་རྗེའི་གཞིས་སྒར་ནས་སྦྲུལ་དང་ཉ་ཆེན་འཛིན་ཐབས། དེ་མིན་གཉེན་བདག་བསམ་འགྲུབ་ཚང་གི་ཁོག་པའང་བསྔོག་བརྩིས་ཀྱིས་འབར་རྫས་མང་པོ་གཏོར་བ་རེད། རི་རྒྱལ་ལྷུན་པོ་འདིའི་ཐོག་ཁོང་གསུམ་གཙོས་གཞན་ཡང་ནགས་ཚལ་དུ་གཅན་གཟན་རི་དྭགས་དང་བྱ་བྱིའུ་སོགས་སྲོག་ཆགས་ཡོངས་ཀྱི་ལྷིང་འཇགས་དཀྲོགས་ནས་ཚང་མར་འདུག་བཟོད་མི་བདེ་བ་བཟོས་བྱུང་། བུ་མོ་སྒྲོན་ལྷ་ཁྱོད་སོང་ནས་ང་ཚོའི་སྐད་ཆ་མི་ངན་དེ་ཚོར་ཤོད། གལ་ཏེ་ཁོ་ཚོས་མུ་མཐུད་སྤྱོད་ངན་སྤེལ་ན་ང་ཚོའི་ངོས་ནས་ཀྱང་མཐུ་དང་རྫུ་འཕྲུལ་གྱིས་ཁོ་ཚོ་འདུག་མི་བདེ་བ་ཞིག་བཟོ་ངེས་ཡིན། ཧ་གོ་སོང་ངེ་། བུ་མོ་སྒྲོན་ལྷ། ཁྱོད་རང་ལས་དང་བསོད་ནམས་ཅན་ཞིག་ཡིན་ཕྱིན་འོས་འགན་འདི་བསྐལ་བ་ཡིན། དོན་དག་ཐོན་སོང་ན་ཁྱོད་ཀྱི་རེ་བ་གང་ཡོད་འགྲུབ་ཐུབ་པ་བཟོ་ཆོག ད་སོང་ཞིག ཅེས་གསུངས་རྗེས་ཕྱིར་རི་རྩེར་ཕྱོགས་ཏེ་མཇའ་ལྟར་ཡལ། ང་རང་གཉིད་སད་དུས་དངོས་གནས་རྨི་ལམ་སྐྱིད་པོ་ཞིག་བྱུང་བསམ། འོན་ཀྱང་དེར་སྣང་བ་དེ་ཙམ་མ་བཞག

 

ཉིན་བཅུ་གྲངས་རྗེས་ངའི་གཅུང་པོ་ཞིང་ལས་སོང་བར་བརྟེན་ང་གཅིག་པུར་སྔར་ལྟར་རི་རྩེར་ཕྱུགས་རྫི་སོང་། དགོང་མོ་ས་མ་རུབ་ཙམ་ངས་ནོར་ཕྱུགས་དེད་དེ་ཕྱིར་ནང་དུ་འགྲོ་ལམ་རི་འབུར་མཚམས་དེར་སླེབས་དུས་གློ་བུར་དུ་རླུང་དམར་ཞིག་ལྡང་ཞིང་ཆར་པ་ཉུང་ཙམ་ཡང་འཐོར་བྱུང་། དེའི་དབུས་ནས་སྐད་སྒྲ་ཧ་ཅང་ཆེན་པོ་ཞིག་གིས། སྒྲོན་ལྷ། པུས་མོ་སར་བཙུགས་ཤིག ངས་ཁྱོད་ལ་མངགས་པའི་བྱ་བ་སྒྲུབ་ཚར་རམ། ཞེས་འབོད་བྱུང་། ང་ཞེད་ཐག་ཆོད་དེ་དགོངས་དང་། ཁྱེད་རང་སུ་ཡིན་ནམ། ངས་དོན་དག་ག་རེ་སྒྲུབ་དགོས་སམ། ཞེས་དྲིས་པར། སྐར་ཆ་འགའི་ནང་རླུང་དམར་དང་ཆར་པ་དེ་མུར་ཆད་དེ་ལྷིང་འཇགས་སོང་བའི་དབུས་སུ་མགོ་བོར་ནོར་བུ་སྣ་ཚོགས་ཀྱིས་རྒྱན་པའི་ཏོག་ཞྭ་གྱོན་ཞིང་། ལུས་སུ་གོས་ཆེན་དམར་སེར་གྱི་བོད་གོས་གྱོན་ཐོག་ལག་གཡས་པས་སྐེད་པའི་གྲི་རིང་ལ་འཆང་། གཡོན་པས་སྐེད་པ་སྐྱོར། བོད་ལྷམ་གསེར་མདོག་གྱོན་ཞིང་དབུ་སྐྲ་དུང་ལྟར་དཀར་བའི་བགྲེས་པོ་དེ་སླར་ཡང་ཕྱིར་མངོན་མ་ཐག ང་སྐྲག་ཐག་ཆོད་དེ་རང་དབང་མེད་པར་ལྷ་ང་སར་བཙུགས། ལག་གཉིས་ཀྱིས་ཕྱག་རྒྱ་བཅས་ཏེ། ཀུན་མཁྱེན། ང་ཐར་པ་གཏོང་རོགས། ངས་རྨི་ལམ་དེ་བདེན་པ་རེད་བསམ་མ་སོང་། ངས་་་། ཡ་ཡ་ཡ་ད་འགྲིག་སོང་། ད་དངོས་གནས་ཡིན་པ་ར་འཕྲོད་པར་བྱོས། སོང་ནས་ངའི་སྐད་བསྐུར་དེ་ཚོ་མི་ངན་དེ་དག་ལ་ཤོད། ཉིན་བཅུ་གཉིས་རྗེས་ཀྱི་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ངེད་གཉིས་ས་ཆ་འདིར་སླར་ཐུག་ཆོག ཅེས་གཞི་བདག་རྒས་པོས་སྐད་ཆ་ཉུང་ཉུང་དེ་དག་བཤད་ནས་སླར་ཡལ་སོང་། དུས་དེ་ནས་བཟུང་ང་ལ་སེམས་འཁུར་ཆེན་པོ་བྱུང་། ངས་ད་རྒྱ་མི་དེ་དག་དབར་གནད་དོན་ཇི་ལྟར་ཐག་གཅོད་དགོས་མིན་སོགས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བསྐོར། ཉིན་ཞིག་ཨ་མས་ང་ལ་སྒྲོན་ལྷ། ད་ཁྱོད་ཀྱི་ངོ་ལ་གཅིག་ལྟོས་དང་། གཞན་གྱིས་བླ་འཁྱེར་སོང་བ་ལྟ་བུ། བུ་མོ་འདི་ཡིན་ན་སྨྱོ་འཚུབ་འཚུབ་དེ་འདྲ་ག་རེ་བྱས་པ་རེད་དམ། ཞེས་གསུངས། ངས་ཨ་མ་ལགས་སུ་གཡོ་འགེབས་ཀྱི་འཛུམ་མདངས་ཅིག་བཏོན་ནས་རྒྱུ་མཚན་ཅིའང་མ་བཤད། ཉིན་དེའི་མཚན་གཞུང་དུ་ང་ཨ་ཁུའི་ཁྱིམ་དུ་གཅུང་པོ་འཚོལ་དུ་སོང་། ངེད་གཉིས་ཁོ་ཚོའི་ཁྱིམ་གྱི་ཐོག་རྩེར་ཤིང་ཧྲིལ་བུས་བརྒྱབ་པའི་བང་མཛོད་ཟུར་དུ་གནས་ཚུལ་དེའི་སྐོར་ཞིབ་གྲོས་བྱས། གཅུང་པོས་ཨེ་མ་ཧོ། དེ་འདྲ་ཡ་མཚན་ཆེ་བ་ལ། ད་ཡིན་ན་ངེད་གཉིས་ཉིན་གཅིག་རྒྱ་མི་དེ་ཚོ་འཚོལ་བར་འགྲོ ཅེས་སོགས་ཟེར་བྱུང་བས་ངའི་སེམས་ཅུང་ལྷོད་ལ་བབས།

 

དེ་ནས་ང་དང་གཅུང་པོ་གཉིས་ཀྱིས་ཕ་མར་རྒྱ་སྒར་རམ་རྫོང་ནང་འཆམ་འཆམ་འགྲོ་ཞོར་ཅ་དངོས་ཉོ་སྒྲུབ་ལ་ཁ་གཡར་ནས་རྫོང་སྲིད་གཞུང་དུ་བཅར་རྒྱུ་བྱུང་། ཉིན་དེར་རྫོང་སྲིད་གཞུང་གི་གཞུང་ལས་ཁང་དུ་རྒྱ་མི་དྲུག་ཙམ་འདུག ང་དང་གཅུན་པོ་གཉིས་སྒོ་ཟུར་ནས་ནང་ལ་ལྟ་ཙམ་བྱས་པར། ལོ་གཞོན་རྒྱ་མི་ཞིག་གིས་ཚོགས་གཏམ་དང་སྦྲགས། བོད་སྐད་ཀྱི་སྒྲ་མདངས་ཀྱང་ཕྱེད་མ་དག་པ་ཞིག་གིས་དོན་དག་ག་རེ་ཡོད། ཟེར་བས་ངས་ང་ལ་སྙན་སེང་ཞུ་རྒྱུ་ཡོད་ལགས། ཅེས་ཞུས། རྒྱ་ཕྲུག་དེས་ས་ཆ་གང་ནས་ཡིན། དོན་དག་ག་རེ་རེད་ཅེས་དྲིས་བྱུང་བར་གཅུང་པོས་དོན་དག་ཧ་ཅང་གལ་ཆེན་པོ་དེ་འདྲ་རེད། ཅེས་བཤད་པར་རྒྱ་མི་དེས་ངེད་གཉིས་ལ་ཐེ་ཚོམ་གྱི་རྣམ་འགྱུར་དང་བཅས་ཕྱིར་སོང་ནས་ཏོག་ཙམ་སྒུག་ཟེར་ནས་ཁང་པའི་སྦུགས་ལ་འཛུལ་སོང་། སྐར་མ་འགའི་རྗེས་རྒྱ་ཕྲུག་དེས་ངེད་གཉིས་འཁྲིད་དེ་རྒྱ་དཔོན་སར་བཅར། གཞུང་ལས་ཁང་དེ་ནི་གྲུབ་བཞི་ཅན་དང་ཁང་པའི་སྒོ་ཟུར་དུ་ཆུ་གཙང་མ་བཟོ་བྱེད་ཀྱི་འཕྲུལ་ཆས་གཅིག དབུས་དང་གཡས་ཕྱོགས་སུ་མདུན་ཅོག་གཉིས་བཞག་འདུག་པ་དབུས་སུ་མདུན་ཅོག་རྒྱབ་ཀྱི་རྐུབ་སྟེགས་ཐོག་དཔོན་པོ་འདྲ་པོ་དེ་བསྡད་ཅིང་། ཟུར་དུ་སྐད་སྒྱུར་ཡིན་ཟེར་བའི་བོད་པ་དར་གཞོན་ཞིག་ཀྱང་བསྡད་འདུག

 

དེ་ནས་ངས་སོ་སོ་ནགས་གསེབ་ཏུ་གཉིད་ཡུལ་ཚུལ་དང་ཕ་ཡུལ་གྱི་གནས་རི་དེའི་གཞི་བདག་གིས་སྐད་བསྐུར་དེ་དག་ནན་ཏན་གྱིས་སྒོ་ནས་རྒྱ་རྒན་ལ་བཤད། རྒྱ་རྒན་གྱིས་ངའི་སྐད་ཆ་ཉན་ཚར་མ་ཐག་ཁོང་ཁྲོ་ཧ་ཅང་ཆེན་པོ་ལངས་སོང་། སྐད་སྒྱུར་གྱིས་འགྲེལ་བརྗོད་ལྟར་ན། ཁོས་ང་ཚོའི་གུང་ཕྲན་ཏང་གིས་བོད་ས་བཅིང་འགྲོལ་བཏང་སྟེ་ལྷ་འདྲེ་གདོན་འགེགས་ཚང་མ་རྩ་མེད་བཟོས་ནས་ལོ་རབས་ཕྱེད་ལྷག་སོང་ཟིན། ད་དུང་ཁྱོད་ཀྱིས་མུ་མཐུད་རྨོངས་དད་ཀྱི་སྐད་ཆ་དེ་དག་བཤད་ན་བཙོན་དུ་འཛིན་བཟུང་བྱེད་ཀྱི་ཡིན། ཞེས་བཤད་འདུག ང་འུ་ཐུག་ནས་ཀུན་མཁྱེན། དེ་འདྲ་མ་གསུང་རོགས། གཞི་བདག་གིས་གལ་ཏེ་ཁྱོད་ཚོས་མུ་མཐུད་རི་བསྔོག་གཏེར་ཁ་བཏོན་ན་རིར་གནས་པའི་ལྷ་ཀླུ་གཉེན་གསུམ་གཙོས་ང་ཚོའི་མི་རྣམས་ལ་ཚུར་རྒོལ་ལན་བསློག་གི་ཡིན་གསུངས་བྱུང་། ངའི་སྐད་ཆ་དེ་དག་ཐོས་མ་ཐག་རྒྱ་རྒན་གྱི་ངོ་གདོང་དམར་རྐྱང་དུ་གྱུར་ཏེ་སྔར་བས་ཁོང་ཁྲོ་ཆེ་རུ་སོང་། ང་ཚོའི་རྫོང་སྲིད་གཞུང་ནས་ཁྱོད་ཚོ་དབུལ་ཕོངས་དེ་ཚོ་ཕྱུག་པོར་བསྒྱུར་ཐབས་གལ་ཆེ་ཤོས་ཀྱི་འཛུགས་སྐྲུན་གྱི་ལས་འཆར་རྣམ་གྲངས་གཅིག་དེ་ཡུལ་ལུང་རང་ནས་གཏེར་ཁ་བསྔོག་རྒྱུ་དེ་རེད། སྤྲང་པོ་འདི་ཚོས་རྩ་བ་ནས་མི་ཤེས། ད་ཕྱིར་རྒྱུགས། ཨ་ཕའི་རོ་འདྲ་ཡིན་འགྲོ ངའི་དུས་ཚོད་མང་པོ་འཁྲོག་བརླགས་བཏང་སོང་། ག་རེ་གནད་དོན་གལ་ཆེན་་་། སོགས་ཚོགས་གཏམ་བསྒྲགས་ནས་ང་དང་གཅུང་པོ་གཉིས་ཕྱི་ལ་ཕུད་བྱུང་།

 

 དེ་ནས་གཞི་བདག་གི་བཀའ་ལྟར་ཉིན་བཅུ་ལྔའི་རྗེས་ཀྱི་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔའི་ཉིན་ཆར་པ་དྭངས་ཚར་བའི་ཉིན་དེའི་དགོང་དྲོར་ང་རང་ཁེར་རྐྱང་གིས་གནས་རིར་སོང་ཞིང་གཞི་བདག་ལ་འབོད་དེ་གནས་སྟངས་ཚང་མ་གཞི་བདག་ལ་ཞུས། གཞི་བདག་གིས་ངའི་སྐད་ཆ་ཉན་རྗེས་ཧ་ཧ་ཧ་ཧ་ཞེས་དགོད་སྒྲ་དྲག་ཅ་འཁོར་ཞིང་འཇིགས་ཡེར་བ་ཞིག་བསྒྲགས། ང་ཞེད་ཐག་ཆོད་དེ་གཟུགས་པོ་ཡོངས་འདར་བཞིན། སྤུས་མོ་སར་བཙུགས་ལག་གཉིས་མདུན་དུ་ཟུམ་ནས། ཀུན་མཁྱེན། ང་ཚོར་གནོད་མ་བསྐྱེལ་རོགས། ཀུན་མཁྱེན། ང་ཚོ་མི་སེར་དཀྱུས་མ་རྣམས་ལ་ཉེས་པ་གང་ཡང་མེད། ཀུན་མཁྱེན། ཞེས་ངུ་ངག་དང་སྦྲགས་ཞུ་བ་འཐེན་པས། གཞི་བདག་རྒྱལ་པོས། ད་ཐབས་ཤེས་གཞན་མེད། ལོ་རྗེས་མའི་ས་ག་ཟླ་བའི་ཚེས་བཞི་ཉིན་ཡུལ་མི་ཚང་མ་ལྷོ་རིར་གསང་གསོལ་འགྲོ་བའི་སྐབས་དང་བསྟུན། ཤར་དང་ནུབ། བྱང་བཅས་ཁ་ཕྱོགས་གསུམ་གྱི་ལྷ་ཀླུ་གཉེན་གསུམ་གཙོས་གཞི་བདག་རྣམས་ནས་སྲིད་གཞུང་གི་ལས་བྱེད་དེ་དག་ལ་ཞེད་སྣང་ཏོག་ཙམ་བཀོད་དེ་ཕན་མིན་ལྟའོ། ཞེས་གསུངས་པར་ངས་ཁོང་གི་བཀའ་བཞིན་ཞུ་རྒྱུའི་ཁེས་ལེན་ཞུས།

 

ལོ་རྗེས་མ་དེའི་ས་ག་ཟླ་བའི་ཚེས་བཞི་ཉིན། གྲོང་ཚོའི་ནང་འགྲོ་སྟངས་འདུག་སྟངས་མི་བདེ་བའི་རྒན་འཁོག་འགའ་རེ་དང་བྱིས་པ་རེ་གཉིས་ཕུད། གཞན་ཕོ་མོ་དར་གཞོན་ཚོགས་དང་ཚོགས་བྱས་ཏེ་ཡུལ་ལུང་གི་སྔ་སྲོལ་བཞིན་ཚང་མ་ལྷོ་རིར་རི་བསྟོད་སོང་། མི་རྣམས་རི་རྩེར་སླེབས་མ་ཐག གྲྭ་བཙུན་ཚོས་ས་གདན་ཐོག་ཆོས་དཔེ་ཀློག་ཅིང་གཞོན་དར་ཚོས་ཕྱོགས་བཞིར་བསང་གཏོང་། དེ་མིན་ཚོས་རྡོ་ཡིས་ཐབ་ཀ་བཅས་ཏེ་མེ་གཏོང་ནས་ཟས་གཡོ་བསྐོལ་བྱ་བརྩིས་ཡོད་པ་བཅས་བྱས། ཉིན་དགུང་ཆུ་ཚོད་བཅུ་གཅིག་ཡས་མས་ཙམ་ལ་རི་བསྟོད་བྱེད་མཁན་ཚོ་ལྷོད་དལ་དུ་ཆགས་ཏེ་ཚང་མ་ཇ་ཆང་འཐུང་ཞོར་གླུ་གར་རྩེད་ཞོར་ངལ་གསོ་བཞིན་བསྡད། གློ་བུར་དུ་རི་དེའི་ལ་རྒྱབ་དུ་ཡོད་པའི་ཨ་ཕོ་སྟོབས་འབྱོར་ཟེར་བ་ཁོས། ཁོ་རེ་ཚོ། མར་ལྟོས་དང་། གྲོང་པའི་སྡེ་པར་རླུང་དམར་འཕྱུར་འོང་གི་འདུག ཁྱད་མཚར་བ་ལ། རླུང་དཀྱུས་དེ་རྒྱ་སྡེའི་སྲིད་གཞུང་ཡོད་སའི་ཕྱོགས་སུ་མང་པོ་ལྡང་སོང་། མགྱོགས་པོ་ལྟོས་དང་། ཞེས་འབོད་པས། ཚང་མས་རི་མགོ་ནས་གཤམ་ལ་བྱ་ར་བྱས། དེ་ནས་ཨ་ཕོ་སྟོབས་འབྱོར་གྱིས་གཅིག་དྲན་སོས་པ་ལྟར་ང་ཕྱིར་ཁྱིམ་དུ་ལོག་གི་ཡིན། རྒྱ་སྡེའི་གཞུང་ནས་ང་ཚོའི་གྲོང་པ་དང་ཉེ་པོ་རེད། ད་ང་ཚོ་དེ་ལའང་རླུང་དམར་ལྡང་སྲིད། ངའི་ཕ་ལགས་ཁྱིམ་དུ་ཞུགས་ཡོད། ཁོང་ལ་ལྟ་རྟོག་ཞུ་མཁན་མེད། ང་ཁྱིམ་ལ་ལོག་འགྲོ་གི་ཡིན། ཟེར་བཞིན་ཁོའི་སྒེར་གྱི་ཅ་དངོས་འགའ་བསྡུ་བསོགས་རྒྱབ། ཕར་ཙམ་རྡོ་ལེབ་ཅིག་ཐོག་བསྡད་ཡོད་པའི་ང་རང་བཟོད་མ་ཐུབ་པར། ཨ་ཕོ་སྟོབས་འབྱོར་ལགས། མ་འགྲོ ང་ཚོའི་གྲོང་ཚོའི་ནང་རླུང་དམར་ལྡང་གི་མ་རེད། ངས་ཁས་ལེན་ཆོག ཅེས་བཤད་པར་ཨ་ཕོ་སྟོབས་འབྱོར་གད་མོ་ཤོར་བཞིན། གཡུག་ཞོག་བུ་མོ། ག་རེ་ཁས་ལེན། ལྷ་སྲུང་མ་འདྲ་ཡིན་ན་མ་གཏོགས་རང་བྱུང་གནོད་འཚེ་ལ་སུ་གང་གིས་ཀྱང་ཁ་གཏད་གཅོག་ཐུབ་ཀྱི་མ་རེད། ངའི་ཕ་ལགས་ལ་གཅིག་ལྟ་རུ་འགྲོ་ན་མ་གཏོགས་ང་སེམས་བདེ་པོ་ཁྱོན་ནས་མི་འདུག ངས་ཨ་ཕོ་ལགས། དེ་ཡིན་ན་ངས་འདིར་མི་ཡོད་ཚོར་གཏམ་པོ་རེ་བྱས་རྗེས་ངེད་གཉིས་མཉམ་དུ་འགྲོ ཅེས་བཤད།

 

 

གསུམ་པ། ཡུལ་ལྷ་ཐུགས་འཁྲོས་པ།

ཨ་ཕོ་དེ་དང་ངེད་གཉིས་རེ་སྐེད་བརྒྱུད་གང་མགྱོགས་གྲོང་ཚོར་འབྱོར་བས། གྲོང་དབུས་སུ་སླེབས་དུས་ཐལ་རླུང་དྲག་པོས་རྒྱ་མིའི་གཞུང་ལས་ཁང་གི་ཐོག་ཁེབ་ལྕགས་ལྷེབ་དེ་དག་བསྐོག་ཚར་འདུག་པ་མ་ཟད། རྒྱ་རྒན་མགོ་ལས་ཚོ་ཐལ་རྡུལ་དཀྱིལ་འདར་སྐད་རྒྱབ་ཅིང་ཁ་ཕྱོགས་མེད་པར་ཕར་ཚུར་སྨྱོ་བ་ལྟར་བྲོས་བཞིན་པ་མཐོང་། ཨ་ཕོ་སྟོབས་འབྱོར་གྲོང་ཟུར་རྐང་ལམ་ནས་ཁོ་པའི་ཁྱིམ་དུ་རྒྱུག་སོང་། ང་རང་གྱང་ཟུར་ཞིག་གི་མཚམས་སུ་འཁུམ་བསྡད་པའི་རྒྱ་དཔོན་དེ་དག་གི་ཕྱོགས་སུ་རྒྱུག ཁྱོད་ཀྱིས་ཤེས་སམ། འདི་ཚང་མ་ང་ཚོའི་ལུང་པའི་ཡུལ་ལྷ་གཞི་བདག་གིས་བགྱིས་པ་རེད། ཁྱོད་ཚོས་ས་འདིར་གཏེར་ཁ་བསྔོག་པའི་ལས་གཞི་མཚམས་མ་བཞག་ན་གཞི་བདག་ཚོས་ཁྱོད་ཚོ་ཏག་ཏག་བཟོ་གི་ཡིན་གསུངས་བྱུང་། ག་རེ། རྣམ་རྟོག་བསློང་མཁན་བུ་མོ་སྨྱོན་མ་ཁྱོད་ཡིན་ན། འདི་རང་བྱུང་ཁམས་ཀྱི་གནོད་འཚེ་རེད། སུའང་ཐར་ས་མེད། ཨ་ཕའི་རོ་འདྲ་ཡིན་འགྲོ ཕར་རྒྱུགས། འདིར་སྨྱོ་བཤད་བྱེད་མ་ཡོང་། ཞེས་ངར་སྐད་སྒྲོག་པར། ང་རང་ཁོང་ཁྲོ་ཟོས་ནས་སྐད་མགོ་མཐོན་པོས། ངའི་བཤད་པའི་སྐད་ཆ་ཡོངས་རྫོགས་བདེན་པ་ཡིན། གལ་ཏེ་ཁྱོད་ཚོས་ང་ཚོའི་ལུང་པར་གཏེར་ཁ་བསྔོག་རྒྱུའི་ལས་གཞི་དེ་མཚམས་བཞག་ན་ངས་གཞི་བདག་ཚོར་ཞུ་བ་འཐེན་ནས་རང་བྱུང་གི་གནོད་འཚེ་རེད་ཟེར་བ་འདི་མཚམས་བཞག་ཐུབ་ཅེས་བཤད་པ་ཡིན།

དུས་དེར་རྒྱ་རྒན་གྱི་ངོ་ལ་མི་སྡུག་པའི་རྣམ་འགྱུར་ཞིག་མངོན་བཞིན། ངའི་གདོང་ལ་ལྟ་ཙམ་ལྟ་ཙམ་འགའ་བྱེད་ཞོར། དེ་འདྲ་ཡིན་ན་ཁྱོད་ཀྱིས་ང་གཞི་བདག་སར་འཁྲིད་ཐུབ་བམ། ངས་ཁོ་ཚོར་བཤད་ཆོག ཅེས་བཤད་པར་སྒྲོན་ལྷས། འགྲིག་གི་རེད། ངས་འཁྲིད་ཆོག འོན་ཀྱང་ཁྱོད་ཀྱིས་ཐོག་མར་གཏེར་ཁ་མི་བསྔོག་རྒྱུའི་ཁས་ལེན་བྱ་དགོས། ཅེས་བཤད་པར་ཁོས་དེ་མུར་ངས་ཁས་ལེན་བྱེད་ཆོག ཅེས་རྒྱ་རྒན་གྱིས་ང་ལ་མནའ་བསྐྱེལ་བའི་ཟོལ་ཞིག་བཏོན་རྗེས་ཁྱོད་ཀྱིས་བཤད་པ་བདེན་པ་ཡིན་ན་ད་ལྟ་རང་སོང་ནས་ཡུལ་ལྷར་རླུང་དམར་འདི་མཚམས་བཞག་རོགས་ཞུས། གལ་ཏེ་ད་ལྟ་རང་ལ་དྲག་རླུང་འདི་འཇགས་སོང་ན་ང་ཚོ་སང་ཉིན་ཁྱོད་མཉམ་དུ་གཞི་བདག་སར་བཅར་ཆོག ཅེས་པར་ངས་འགྲིག་གི་རེད། ང་ད་ལྟ་རང་འགྲོ་དགོས། ངས་དེ་ལྟར་བཤད་དེ་ལྷོ་རིའི་རྩེར་རྒྱུག

ཕྱི་ཉིན་ཞོགས་པ་ཆུ་ཚོད་དགུ་ཙམ་ལ་རྒྱ་རྒན་གྱིས་ཁོའི་གཤམ་འོག་གི་ལས་བྱེད་དྲུག་ཀ་འཁྲིད་དེ་ང་དང་མཉམ་དུ་ལྷོ་རིའི་རྩེར་གཞི་བདག་ཡོད་སར་སོང་བ་ཡིན། རྒྱ་མི་ཚོས་སྐེད་པར་མེ་མདའ་རིང་ཐུང་སྣ་ཚོགས་འདོག་སྟེ་ཕྱོགས་བཞི་མཚམས་བརྒྱད་ལ་གཡས་ལྟ་གཡོན་ལྟ་ཡིས་སྐྲག་སྣང་ཆེན་པོའི་སྒོ་ནས་ངའི་རྗེས་སུ་འབྲངས་ནས་སོང། རི་རྩེར་འབྱོར་དུས་ཕལ་ཆེར་ཉིན་ཕྱེད་ཆུ་ཚོད་དང་པོ་ཙམ་ཡིན་ཚོད། ཁོ་ཚོ་ཁ་ཤས་དཀའ་ལས་ཁག་ཏེ་རས་ལྷེབ་ཀྱིས་ངོ་གདོང་གི་རྔུལ་ཆུ་ཕྱིས་བཞིན་དབུགས་རིང་ནར་ནར་གྱིས་མུ་མཐུད་རིར་འཛེགས།

 

རི་སྐེད་འབྱོར་དུས་རྒྱ་རྒན་ཚོའི་ལག་ཏུ་མེ་མདའ་རིང་ཐུང་སྣ་ཚོགས་ཐོགས་ཡོད་ཀྱང་ཞེད་སྣང་ཆེན་པོས་ཡར་མར་ལྟ་ཞིབ་བྱས། སྐབས་དེར་ང་རང་གིས་སྤུས་མོ་སར་བཙུགས་ཏེ་ལག་གཉིས་ཀྱིས་ཕྱག་རྒྱ་བཅས། གཞི་བདག་ལགས། རྒྱ་དཔོན་གྱིས་ཡུལ་ལུང་གི་གཏེར་ཁ་མི་བསྔོག་པའི་ཁས་ལེན་བྱུང་། ཁྱེད་སྐུ་ཕྱིར་མངོན་རོགས་མཛོད། ཅེས་གསོལ་བ་བཏབས། སྐབས་དེར་ལུས་སུ་གོས་ཆེན་སེར་ཆེན་གྱི་བོད་གོས་གྱོན་ཐོག་ལག་གཡས་པས་སྐེད་པའི་གྲི་རིང་ལ་འཆང་། གཡོན་པས་སྐེད་པར་སྐྱོར། བོད་ལྷམ་གསེར་མདོག་གྱོན་ཞིང་དབུ་སྐྲ་དུང་ལྟར་དཀར་བའི་བགྲེས་པོ་དེ་སླར་ཡང་ཕྱིར་མངོན་བྱུང། རྒྱ་རྒན་དེ་ཚོས་གཞི་བདག་མཐོང་མ་ཐག་སྐད་ཆ་ཚིག་ཅིག་མ་བཤད་པར་ཞེད་སྣང་དབང་གིས་གཅིག་རྗེས་གཉིས་མཐུད་ཀྱིས་གཞི་བདག་ལ་མེ་མདའ་ཤུགས་ཀྱིས་འཕངས། གཞི་བདག་ཁོང་ཁྲོ་དང་བཅས། སྐད་ཅིག་ཉིད་དུ་རླུང་དམར་གཡུག་ཐེངས་དྲག་པོས་རྒྱ་དཔོན་དང་ལས་བྱེད་བཅས་མི་དྲུག་དེ་མུར་སར་གཡུགས། རླུང་དམར་འཇགས་རྗེས་གཞི་བདག་གིས། སྒྲོན་ལྷ། རྒྱ་རྒན་འདི་ཚོས་ཁྱོད་ལ་ཁས་ལེན་རྫུན་མ་བྱས་འདུག བསམ་མེད་ཁོ་ཚོས་མེ་མདའ་འཁྱེར་ནས་ང་བསད་དགོས་བསམ་ཡོད་སྲིད། ད་མི་ངན་འདི་ཚོར་ཡིད་ཆེས་བྱེད་ན་ནོར་འཁྲུལ་རེད། དེ་བས་ཕྱིར་སོང་ནས་གྲོང་ཚོའི་མི་ཚོ་གཟའ་འཁོར་གཉིས་ནང་ཡུལ་གཞན་ལ་སྤོས་ཚར་བ་བྱོས་ཟེར་ནས་སྐད་བསྐུར་བྱོས། རྒྱ་རྒན་འདི་དག་ཚང་མ་མི་ངན་ཤ་སྟག་རེད། ངས་ཁོ་ཚོ་རྩ་མེད་བཟོ་གི་ཡིན། ཁྱོད་ཕྱིར་སོང་། སྒྲོན་ལྷས་གཞི་བདག་གི་སྐད་ཆ་དེ་ཐོས་མ་ཐག་རྔང་སྐྲག་དང་བཅས། སྐུ་ཚེ་རིང་། ཁོ་ཚོ་མ་གསོད་་རོགས། དེ་འདྲ་གནང་ན་གོང་རིམ་གྱི་རྒྱ་མི་དེ་ཚོས་ང་ཚོའི་གྲོང་པ་ཐར་པ་ཁྱོན་ནས་གཏོང་གི་མ་རེད། གཞི་བདག་གི་སྐད་སྒྲ་མཐོན་པོས། དེ་ཚོ་ང་ལ་ཇུས་རྟོགས་མེད། གང་ལྟར་ངས་སོ་སོའི་ཡུལ་ལུང་འདི་སྲུང་དགོས། ཁྱོད་ཚོའང་བདུན་ཕྲག་གཉིས་ནང་འདི་ནས་སྤོ་མ་ཚར་ན་ཤི་རྒྱུ་ལས་གཞན་གང་ཡང་ལྷག་མེད། ཅེས་སྒྲོག་མ་ཐག་སྐད་ཅིག་ཉིད་དུ་རླུང་དམར་ཞིག་ལྡང་བྱུང་བས་རྒྱ་མི་དྲུག་བན་རོ་ནས་རུས་རྐང་མ་གཏོགས་མ་ལྷག་པར་བཟོས་ཚར་བ་བྱས། དེ་ནས་གཞི་བདག་ག་སོང་ཆ་མེད་དུ་ཡལ་འདུག ཤུལ་དུ་སྒྲོན་ལྷས་རྒྱ་རྒན་དྲུག་གི་རུས་རྐང་ལ་ལྟ་ཙམ་གྱིས་ཞེད་ཐག་ཆོད་དེ་མགོ་ཕྱིར་མ་འཁོར་བ་ཡུལ་མི་ཚོས་རི་བསྟོད་བྱེད་སར་རྒྱུག

 

དེ་རྗེས་གོང་རིམ་རྒྱ་སྡེ་ནས་ས་ཁུལ་དེའི་རྒྱའི་ལས་བྱེད་པ་དྲུག་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ཤེས་ནས། ས་ཁུལ་མི་མང་ཚོས་གཞུང་ལ་ངོ་རྒོལ་གྱིས་གྱེན་ལངས་བྱ་བརྩིས་ཡོད་སྐོར་དོགས་འདྲོག་ལངས་ཤིང་ཡུལ་དེར་རྟག་དཔྱད་ཚོགས་ཆུང་སྦྲགས་དམག་མི་འཕོན་ཆེན་བཏང་། སྒྲོན་ལྷས་ཡུལ་དུ་མི་རྒན་པ་ཚོར་གཞི་བདག་གི་བཀའ་བསྐུར་དེ་དག་བཤད་ཀྱང་མི་ཚོས་དེར་ཡིད་ཆེས་སྤུ་ཙམ་མེད་ཁར། སྒྲོན་ལྷ་ནི་ཀླད་སྐྱོན་ཡོད་པའི་བུ་མོ་ཞིག་རེད་ཅེས་ང་ལ་འཕྱ་དམོད་ཀྱང་བྱས། ངའི་སེམས་ནང་སྡུག་ངལ་ཚད་མེད་མྱོང་བཞིན་ཐབས་ཟད་འུ་ཐུག་ནས་མཐར་ང་ཡང་ཡུལ་མི་རྣམས་དང་མཉམ་དུ་ས་དེར་མི་སྡོད་ཀ་མེད་དུ་གྱུར། དེ་རྗེས་རྒྱ་སྡེ་ནས་གཞན་ས་ནས་ངས་རྒྱ་མི་དྲུག་རི་རྩེར་འཁྲིད་པའི་གནས་ཚུལ་ཤེས་རྟོག་བྱུང་ནས་ང་དེ་མུར་འཛིན་བཟུང་བྱས་པ་མ་ཟད། ལམ་སང་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་ཀྱང་བཅད། ངའི་སེམས་སུ་ང་ཚོ་ཡུལ་མི་ཚོས་ཀྱང་ང་ལ་ཡིད་ཆེས་མེད་པར་རྒྱ་མི་འདི་ཚོས་ཁོ་མོར་རྩ་བ་ནས་ཡིད་ཆེས་བྱེད་མི་སྲིད་པར་སེམས་ཐག་ཆོད་ནས་གོང་རིམ་ཁྲིམས་ཁང་དུ་དག་སེལ་ཡོང་རེའི་ཞུ་གཏུག་སྐོར་སྐད་ཆ་ཚིག་ཅིག་མ་བཤད་པར་ཁྲིམས་ཐག་བཅད་པ་དེར་ངོས་ལེན་བྱས། གཟའ་འཁོར་གཉིས་ཀྱི་རྗེས་སུ་གཞི་བདག་གིས་བཤད་པ་ལྟར་དེར་ཡོད་རྒྱ་སྡེའམ་སྲིད་གཞུང་གི་ཁང་པ་གཅིག་ཀྱང་མ་ལུས་པར་རླུང་དམར་གཡུགས་ཏེ་ཤུལ་མེད་ལྟར་བཟོས། འོན་ཀྱང་སྟབས་ལེགས་ནས་ཡུལ་མི་ཚོའི་མི་ཕྱུགས་གཉིས་ལ་གནོད་སྐྱོན་གང་ཡང་མ་བྱུང་བ་རེད།

 

དེ་ལྟར་རྒྱ་མིས་ང་ལ་གདུག་རྩུབ་ཆེ་བའི་རྡུང་རྡེག་རྒྱུན་རིང་བཏང་ནས་བཙོན་ཁང་དུ་ཤི་གསོན་གཉིས་ཀྱི་མཚམས་སུ་སླེབས་དུས། ལུས་སུ་གོས་ཆེན་སེར་ཆེན་གྱི་བོད་གོས་གྱོན་ཐོག་ལག་གཡས་པས་སྐེད་པའི་གྲི་རིང་ལ་འཆང་། གཡོན་པས་སྐེད་པ་སྐྱོར། བོད་ལྷམ་གསེར་མདོག་གྱོན་ཞིང་དབུ་སྐྲ་དུང་ལྟར་དཀར་བའི་གཞི་བདག་བགྲེས་སོང་དེ་བཙོན་ཁང་གི་ནང་དུ་འོད་ཟེར་ཞིག་དང་འགྲོག་ནས་དེར་འབྱོར། ང་གྲང་ངར་ཆེ་བའི་བཙོན་ཁང་གི་ཨར་འདམ་གྱི་སར་ཉལ་ཡང་ཤུགས་ཡོད་ཚད་ཀྱིས་མིག་གཉིས་ལྡང་སྟེ་ཡར་བལྟས་པར། གཞི་བདག་བགྲེས་པོས། སྒྲོན་ལྷ། ཡར་ལོངས་ཤོག ང་དང་མཉམ་དུ་འགྲོ ཅེས་སྒྲོག་པ་དུས་མཚུངས་སུ་ངའི་གཟུགས་ཕུང་ཡང་རླུང་ལྟར་ཡང་ཞིང་གཞི་བདག་གིས་སྟེགས་ནས་སྒེའུ་ཁུང་ཆུང་ཆུང་དེ་བརྒྱུད་བཙོན་ཁང་གི་ཕྱིར་འོད་ཐིག་དེ་དང་མཉམ་དུ་འཕུར། དེ་རྗེས་ལྷོ་རིའི་གཞི་བདག་གི་ཕོ་བྲང་དུ་ང་ལ་ནད་བཅོས་དང་གཟུགས་ཕུང་བསྐྱར་གསོ་ཧ་ཅང་ལེགས་པོ་བྱུང་བ་མ་ཟད། གཞི་བདག་བགྲེས་སོང་ཁོང་གིས་ད་དུང་གུས་མོར་དམིགས་བསལ་གྱི་སྒོམ་སྒྲུབ་དང་ཉམས་ལེན་ཁག་ཅིག་དང་ཕུལ་བྱུང་གི་སེམས་བསྐྱེད་བྱེད་སྟངས་སོགས་བསླབས་གནང་མཛད། ལོ་གཅིག་རྗེས་སུ་རྒྱ་མི་ཚོས་ང་བཙོན་ཁང་ནས་གློ་བུར་དུ་བོར་བརླགས་སོང་བའི་སྐོར་ཕྱི་ལ་གསང་རྒྱ་དམ་པོ་བྱས། དེ་མིན་གཞི་བདག་གི་ཕོ་བྲང་དུ་འཚོ་བ་ཡུན་རིང་བསྐྱེལ་བའི་བདག་རི་ལུང་ཀུན་དུ་མི་སྐད་ཕར་བཞག་བྱ་དང་བྱིའུ་ཡི་སྐད་ཙམ་མེད་པའི་མཚན་གཞུང་ཞིག་ལ་ཕོ་ཆས་སྤྲས་ཏེ་ཉི་མ་ལྷ་སར་ཁ་ཕྱོགས་ནས་བྲོས་བྱོལ་དུ་སོང་། དེ་རྗེས་ཀྱང་ལྷ་ས་ནས་གཞན་སྤུན་ཟླ་ཡུལ་གྱར་བ་ཁྱུ་ཞིག་དང་མཉམ་དུ་འགྲོག་རྒྱུ་བྱུང་སྟབས་རྒྱ་གར་དུ་བྲོས་བྱོལ་དུ་སླེབས་ཐུབ་པ་བྱུང་བ་རེད། དུས་ད་ལྟ་ཡིན་ཡང་ལམ་རོགས་ཚོའི་དཀའ་སྡུག་ཕྲོད་ནས་ལེན་པའི་ལམ་བར་གྱི་གླུ་ཆུང་དེའི་སྒྲ་ངའི་རྣ་བའི་ཟུར་དུ་གོ་ཡོང་གི་འདུག

 

ལ་ལུང་མང་པོ་བརྒལ་ནས་ཕྱི་བལྟས་ལན་གསུམ་ཤོར་སོང་།།

ཕ་ཡུལ་ས་ཐག་རིང་བས་ཡ་ཆུང་སྡུག་གིས་བཙིར་བྱུང་།།

གནམ་ལ་ཉི་ཟླ་ཤར་འདྲ་རྩ་བའི་བླ་མ་མཇལ་སོང་།།

མཇལ་བའི་བསྐལ་བཟང་དུས་དེར་བསམ་པའི་རེ་བ་ཁེངས་བྱུང་།།

ས་ལ་པདྨ་འདབ་བརྒྱད་ནང་པའི་བསྟན་པ་དར་སོང་།།

སྒོམ་སྒྲུབ་ལོ་མང་བྱས་མཐར་སྡུག་བསྔལ་རང་ངོ་འཕྲོད་བྱུང་།།

འཇིག་རྟེན་འཁོར་བའི་ལས་ལ་མཐའ་མའི་སྐྱིད་ཅིག་མེད་སོང་།།

ཐར་པའི་གོ་འཕང་བསྙེག་ནས་བདེ་བའི་ས་ལ་ལོག་འགྲོ།། ཞེས་པ་དེའོ།

 

བཞི་པ། རྟགས་དཔྱད་ཀྱི་མཇུག་འབྲས།

ཨ་རིའི་འབྲེལ་ཡོད་ཚན་པས་སྒྲོན་ལྷའམ་ཇོ་མོ་དཀར་མོ་སྒྲོལ་མར་རྟག་དཔྱད་ཚར་རྗེས། ཨ་རིའི་གཞུང་ངོས་ཀྱི་སྨན་པའི་ལྷན་ཚོགས་ཆེ་ཤོས་ HCA འོག་གི་སྨན་ཁང་ཞིག་གི་ཚོགས་ཁང་ཆེན་མོར་གསར་འགོད་གསར་བསྒྲགས་ཐེངས་ཤིག་སྤེལ། སྐབས་དེར་ཁང་པའི་ནང་གསར་འགོད་པ་དང་འབྲེལ་ཡོད་མི་སྣ་ཕལ་ཆེར་ལྔ་བརྒྱ་སྐོར་ཞིག་འཛོམས་འདུག གཙོ་སྐྱོང་བས་གསར་བསྒྲགས་དེ་འཚོགས་དགོས་པའི་རྒྱུ་མཚན་སོགས་ངོ་སྤྲོད་གྲུབ་རྗེས་ཚན་རིག་མཁས་པ་ཀྱཱོ་ཀྲི་རྒན་པོ་སྡེངས་ཆའི་ཐོག་ལང་ནས་མཁའ་འགྲོ་མར་རྟག་དཔྱད་བྱས་པའི་གྲུབ་དོན་རྣམས་གསར་བསྒྲགས་སྤེལ་འགོ་བརྩམས་པ་འདི་ལྟར། ལྕམ་སྐུ་དང་སྐུ་ཞབས་རྣམས་པ་ཚོ། ཐོག་མར་ཚང་མ་འདིར་ཕེབས་པར་དགའ་བསུ་ཞུ། ང་ཚོའི་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་བཀའ་བཀོད་ལྟར་བོད་ཀྱི་བཙུན་མ་དཀར་མོ་སྒྲོལ་མ་མཆོག་ལ་ལོ་ཕྱེད་ཙམ་ནང་སེམས་ལ་རྟོག་དཔྱོད་དང་གཟུགས་པོ་ལའང་རྟག་དཔྱད་རིམ་པ་མང་པོ་གྲུབ་མཚམས་འདིར་དེའི་སྐོར་གྱི་གནད་དོན་དམིགས་བསལ་བ་ཁག་ཅིག་གཤམ་ལ་འགྲེལ་བརྗོད་བྱ་རྒྱུ་ཡིན།

 

དང་པོ། ཁ་བ་གངས་ཅན་གྱི་ལྗོངས་ཅེས་འབོད་སྲོལ་ཡོད་པའི་བོད་ས་མཐོའི་གནས་དེ་ནི་ཆ་སྙོམས་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་སྤྱི་ཁྲེ་ ༤༥༠༠ ཙམ་ཡིན་ལ། སྤྱི་བཏང་མི་ཞིག་གི་གཟུགས་ཕུང་གིས་གནམ་གཤིས་དེར་ཁ་གཏད་གཅོག་མི་ནུས། འོན་ཀྱང་འབྲེལ་ཡོད་ཡོངས་ཀྱིས་ཚན་རིག་ཐོག་ནས་སྔ་ཕྱིའི་ཞིབ་འཇུག་བྱས་པ་ལྟར་ན་བོད་རིགས་རྣམས་དེར་འཚོ་ཐུབ་པ་དེ་ནི་ཁོ་ཚོའི་གཟུགས་ཕུང་ནང་ས་བབས་མཐོ་ཚད་ཆེན་མོར་ཁ་གཏད་འཁྱོག་པའི་རྒྱུ་རྫས་རིགས་ཅིག་འདུག དེའང་འགྲོ་བ་མིའི་རིགས་འབྱུང་ནས་བྱུང་བའི་གནའ་བོའི་རིགས་ཀྱི་རྒྱུ་རྫས་ཅིག་རེད།

 

གཉིས་པ། ང་ཚོའི་ངོས་ནས་དེ་སྔོན་ཤར་ཕྱོགས་གླིང་གི་བོད་མི་བཞི་བཅུ་དང་རྒྱ་མི་བཞི་བཅུའི་དབར་ལ་དཔྱད་བསྡུར་ཞིག་བྱས་འདུག རྟག་དཔྱད་དེའི་ཐོག་ནས་བོད་མི་བརྒྱ་ཆ་གྱ་བདུན་གྱི་ལུས་ཐོག་གློ་བུར་དུ་འགྱུར་ལྡོག་འགྲོ་ཆོག་པའི་ EPAS1 ཟེར་བའི་ཁྲ་ཕུང་ཆུང་ངུའི་རིགས་ཅིག་ཡོད་འདུག ཁྲ་ཕུང་དེས་བོད་མི་ཚོའི་ཁྲག་ནང་གི་རླུང་རིགས་ཅིག་ལུགས་མཐུན་བསྒྱུར་ཐུབ་པ་དང་། དེས་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་ ༤༠༠༠ ཡས་སུ་གནས་སྐབས་དབུགས་ཀྱི་རྒྱུ་བ་ལུགས་མཐུན་ཡོང་ཐབས་ལ་འགན་སྲུང་ཐུབ་པ་མ་ཟད། མཐོ་ཚད་ཀྱི་གནས་སྟངས་དེའི་རྐྱེན་པའི་ཁྲག་ཤེད་མཐོ་བའམ་སྙིང་ནད་བཅས་ཀྱི་ཉེན་ཁ་ལས་གྲོལ་ཐུབ།

 

གསུམ་པ། གཞན་ཡང་ད་ནས་ལོ་ངོ་ཁྲི་བརྒྱད་ཀྱི་ཡར་སྔོན་དུ་འཇིག་རྟེན་འདིར་ཏཱིན་ཟོ་ཝོན་ Denisovan ཟེར་བའི་མི་རིགས་ཅིག་བྱུང་བ་དེ་ཚོའི་གཟུགས་ཕུང་ཐོག་བོད་མི་དང་གཅིག་མཚུངས་ཀྱི་འགྱུར་ལྡོག་འགྲོ་ཆོག་པའི་ཁྲ་ཕུང་ཞིག་ཡོད་པ་དེ་ནི་ཁོ་ཚོ་བོད་མི་རིགས་ཀྱི་མེས་པོ་རེད་ཅེས་བཤད་ཆོག ཞིབ་འཇུག་གི་གྲུབ་དོན་ལྟར་ན་བོད་མི་རིགས་འདི་ནི་འགྲོ་བ་མིའི་རིགས་ཀྱི་མེས་པོ་ཧཱོམ་ཟི་པེན་སི་ Homo sapiens ཞེས་པ་དེ་དག་ལྷོ་ཨ་ཧྥི་རི་ཁར་ཐོག་མར་བྱུང་རྗེས་རིམ་བཞིན་དུས་རབས་མང་པོའི་རྗེས་ཀྱི་དེང་བར་བོད་ཀྱི་ས་ཁུལ་སོགས་སུ་སོང་ནས་གནས་སྡོད་བྱས་པ་དང་། བོད་མིའི་ནང་ད་དུང་ཡང་རིན་ཐང་ཆེ་བའི་ཁྲ་ཕུང་འདིའི་རིགས་རྒྱུད་འཛིན་བྱེད་མཁན་མང་པོ་ཡོད་པའི་གནས་ཚུལ་འདི་གསལ་པོ་བྱུང་བ་རེད།

 

བཞི་པ། ང་ཚོས་བཙུན་མ་དཀར་མོ་སྒྲོལ་མར་ཞིབ་འཇུག་བྱས་པར་བརྒྱུད། ཁོང་མོ་ལའང་ཁྲ་ཕུང་འདིའི་རིགས་ཡོད་པ་མ་ཟད། ཁོང་མོའི་སྙིང་རྩ་གཞན་ལས་སྦོམ་པ་དང་། ཁྲག་འཁོར་རྒྱུག་གི་གནས་སྟངས་ནི་ཧ་ཅང་ཡ་མཚན་དགོས་པ་རེད་འདུག མཚམས་རེར་ཁྲག་འཁོར་རྒྱུག་ཆུ་ཚོད་ཁ་ཤས་དང་ཉིན་གྲངས་ཁ་ཤས་ནང་མཚམས་ཆད་པའི་གནས་སྟངས་ཀྱང་ཡོང་གི་འདུག འོན་ཀྱང་སྐབས་དེར་ཁོང་མོ་སྔར་བཞིན་གསོན་པོར་གནས་པ་ལས་འདས་གྲོགས་སུ་གྱུར་བའི་རྟགས་གསལ་པོ་གང་ཡང་མཐོང་མི་ཐུབ་པ་རེད། ངས་ཟེར་ན་ཁོང་མོ་དབུགས་ཀྱི་རྒྱུ་བ་ཡོངས་སུ་འགག་ཚར་བའི་དུས་དེ་འདྲའི་གནས་སྟངས་འོག་ཡོད་ཀྱང་ད་དུང་ཡང་ཤི་ཡོད་མ་རེད་ཟེར་གྱི་ཡོད། ༼ འདིར་ཉན་མཁན་ཚང་མ་གད་མོ་ཤོར། ༽

 

ལྔ་པ། ཁོང་མོའི་སྙིང་གི་འཕགས་རྩ་གཙོས་ལུས་ཕུང་ཐོག་གི་ཁྲག་རྩ་མཚམས་རེར་ཧ་ལས་པ་འཁོར་རྒྱུག་མྱུར་ཞིང་། སྐབས་དེར་ཁོང་མོའི་འགྲེལ་བརྗོད་ལྟར་གཟུགས་ཕུང་ཡོངས་རྫོགས་བལ་ལྷེབ་ཅིག་གི་ལྗིད་ཚད་ལས་མེད་པའང་འགྱུར་གྱི་འདུག དེ་ནི་ཁོང་མོ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་སྒོམ་སྒྲུབ་དེ་འདྲར་གཞོར་བའི་དུས་ཚོད་ཀྱང་རེད།

 

དྲུག་པ། ང་ཚོས་འཛམ་གླིང་ཡུལ་གྲུ་གང་སའི་སྒོམ་སྒྲུབ་སྦྱོང་མཁན་མང་པོར་རྟག་དཔྱད་བྱས་པ་ལྟར་ན་སྒོམ་མཁན་མང་པོས་འཇོག་སྒོམ་ནས་བཟུང་སྦྱང་བརྩོན་བྱས་མཐར་ལུས་སེམས་གཉིས་ལ་རིམ་གྱིས་བདེ་བ་ཐོབ་ཅིང་། ཚད་མཐོ་བའི་སྒོམ་པ་འགའ་རེས་ཉུང་ན་ཉིན་བཅུ་གྲངས་དང་མང་ན་ལོ་གྲངས་ཙམ་ཟས་དང་འཐུང་ཆུ་མེད་པར་གནས་ཐུབ་ཚོད་འདུག དེ་མིན་བོད་བརྒྱུད་ནང་བསྟན་གྱི་ཆོས་ནང་སྒྲུབ་པ་ཉམས་ལེན་ལ་བྱང་ཆུབ་པ་འགའ་སྒྲུབ་པའི་མཇུག་འབྲས་སུ་ཚེ་གཅིག་ལུས་གཅིག་འཇའ་ལུས་ལ་འཕོ་བ་ཆེན་པོའི་སྐུ་མངོན་དུ་བྱེད་མཁན་ཡོད་ཅེས་བཤད་སྲོལ་ཡང་འདུག

 

མཇུག་འདིར་ད་དུང་བོད་ཀྱི་བཙུན་མ་དཀར་མོ་སྒྲོལ་མའི་ཞལ་བཞེས་བཟང་པོ་ཐོབ་ནས་ང་ཚོའི་རྟག་དཔྱད་དང་དེ་བཞིན་སྔོན་མའི་རྒྱལ་སྤྱིའི་འཛམ་གླིང་མཁས་པའི་བགྲོ་གླེང་གི་གྲོས་དོན་ལྟར་ཁོང་མོར་མུ་མཐུད་ལྟ་ཞིབ་བྱ་རྒྱུ་དང་། ཇོ་མོ་ཁོང་ཡང་ཟླ་བའི་གོ་ལར་རྟོག་དཔྱོད་ཕྱིར་ཕེབས་འཆར་བཅས་ཀྱི་བྱ་བཞག་རླངས་པོ་ཆེ་འདིར་མོས་མཐུན་དང་གྲ་བསྒྲིག་མུ་མཐུད་བཞིན་ཡོད། གོང་གསལ་དེ་དག་ནི་ང་ཚོའི་དུས་ཡུན་གྱི་རྟག་དཔྱད་གྲུབ་དོན་མདོར་བསྡུས་ཡིན། ཐུགས་རྗེ་ཆེ། ཞེས་སོགས་བཤད་ཡོད་པ་རེད།

 

ལྔ་པ། ཟླ་བའི་དཀྱིལ་འཁོར་ལ་ཕེབས་པ།

ད་ཆ་བཙུན་མ་དཀར་མོ་སྒྲོལ་མ་དང་མཁན་མོ་གཡང་འཛོམས་གཉིས་ཨ་རིར་རྟག་དཔྱད་ཕྱིར་བསྡོམས་ལོ་གཅིག་ལྷག་ཕྱི་འཐེན་བྱ་དགོས་གྱུར། ཉིན་དེར་ཁོང་མོ་གཉིས་ཁྲོམ་ནས་ཕྱིར་བསྡད་སར་འཁོར་མ་ཐག ནང་དུ་སྒྲོལ་མ་དཀར་མོའི་བུ་དང་བུ་མོ་གསུམ་དེར་སླེབས་ཡོད་པར་མཐོང་། བུ་མོ་བསྟན་འཛིན་ཆོས་འཛོམས་དགའ་སྤྲོ་དང་བཅས་དཀར་མོ་སྒྲོལ་མར་འཐམ་ནས་དགའ་ངུ་བྱས། བུ་བསྟན་འཛིན་ཤེས་རབ་དང་བསྟན་འཛིན་བྱམས་པ་གཉིས་ཀྱང་དགའ་ཚོར་ཆེན་པོས་ཨ་མར་འཐམ། ཁོ་ཚོ་མར་བསྡད་རྗེས། བུ་མོ་བསྟན་ཆོས་ཀྱིས། ཨ་མ་ལགས། ང་དང་གཅེན་པོ་གཉིས་རང་གཞུང་ཕྱོགས་དང་ཨ་རིའི་ཕྱོགས་ནས་ཁྱེད་ལ་ཐུག་ཆོག་པའི་དམིགས་བསལ་མཐོང་ཆེན་སྤྲད་རྗེས་ལམ་སང་འདིར་བཏང་བྱུང་། ང་ཚོའི་སྲིད་སྐྱོང་མཆོག་གིས་ཁྱེད་རང་མ་འོངས་པར་ཟླ་བའི་དཀྱིལ་འཁོར་ལ་ཕེབས་ཀྱི་རེད་ལ་དེ་ནི་རང་མི་རིགས་ཀྱི་གཟི་བརྗིད་ཀྱི་བྱ་བཞག་ཅིག་རེད་གསུངས་ཀྱི་འདུག དེ་འདྲ་རེད་དམ། དཀར་མོ་སྒྲོལ་མའི་མིག་གཉིས་ནང་བྱམས་བརྩེའི་མདང་ཞིག་མངོན་ཏེ། ང་ཚོ་བླ་མ་དང་གཞུང་གི་བཀའ་དྲིན་ལ་བརྟེན་ནས་གང་ས་ཅིའི་ཐད་ཡག་པོ་བྱུང་བ་རེད། ཁོང་རྣམས་ཀྱི་བཀའ་དྲིན་བརྗེད་མི་ཉན། སྙིང་རྗེ་འོས་པའི་ཁྱོད་ཚོའི་ཕ་ལགས་ཁོང་བསྙུན་གཞིས་མནར་ནས་དགུང་ལོ་ཆུང་དུས་ནས་འདས་གྲོངས་སོང་མེད་ཚེ་ད་ཆ་ང་ཚོའི་ཁྱིམ་ཚང་དྲོ་སྐྱིད་ལྡན་པ་ཞིག་ཡོད་ངེས། འོན་ཀྱང་་་་་་། ཨ་མ་ལགས། མ་ངུ་དང་། ང་ཚོས་ཁྱེད་ཀྱི་ཞལ་ལ་ཉན་ནས་སློབ་སྦྱོང་ཧུར་ཐག་བྱེད་ཀྱི་ཡོད། གཅེན་པོ་གཉིས་ནི་ད་ལྟ་ཡོན་ཚད་འབུམ་རམས་པ་རེད། ངའང་མཐོ་རིམ་སློབ་གྲྭར་འགྲིམ་བཞིན་ཡོད། ང་ཚོས་ཁྱེད་ལ་ཐུགས་འཕྲལ་བཟོ་མི་ཡོང་།

 

གཅེན་པོ་ཤེས་རབ་ཀྱིས་ཨ་མ་དཀར་མོ་སྒྲོལ་མའི་ཕྱག་ནས་འཇུས། ཨ་མའི་མདུན་དུ་སར་སྤུས་མོ་བཙུགས་ཏེ། ཨ་མ་ལགས། ང་ཚོ་གསུམ་ཚུར་ཡོང་དུས་༸གོང་ས་མཆོག་ལ་དམིགས་བསལ་མཇལ་ཁ་ཐོབ་སོང་། བླ་མས་ཚན་རིག་པའི་ངོས་འཛིན་ལྟར་ན་ཁྱེད་ནི་བོད་རྒྱུད་ནང་བསྟན་དང་ཚན་རིག་དབར་དཔྱད་བསྡུར་བྱེད་སའི་དཔེ་མཚོན་དམིགས་བསལ་བ་ཞིག་ཆགས་ཚར་བ་རེད། འོན་ཀྱང་ཁྱེད་ཀྱིས་སངས་རྒྱས་བསྟན་པའི་སེམས་ཀྱི་འཇུག་སྒོ་དང་ཚན་རིག་དབར་དཔྱད་བསྡུར་ཕྱོགས་ལ་བླ་ན་མེད་པའི་ལེགས་སྐྱེས་ཕུལ་གྱི་རེད། དེ་བས་མ་འོངས་པར་ཟླ་བའི་དཀྱིལ་འཁོར་ལའང་ཕེབས་ནས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་རྩ་དོན་ཆེད་དུ་ལེགས་སྐྱེས་རླབས་པོ་ཆེ་ཕུལ་གྱི་རེད་ཅེས་གསུངས་སོང་། ང་ཚོར་ཐུགས་འཁུར་རྩ་བ་ནས་མི་དགོས། ཅེས་བཤད། དཀར་མོ་སྒྲོལ་མས་སྤྱན་ཆབ་བསིལ་བཞིན། ལག་གཉིས་ཀྱིས་ཕྱག་རྒྱ་བཅས་ཏེ་བླ་མ་ལ་སྐྱབས་སུ་མཆིའོ། ཁོང་སྐུ་ཚེ་བསྐལ་བརྒྱར་བཞུགས་སུ་གསོལ། ཞེས་དང་། ངའི་མི་ཚེའི་ནང་ཁྱོད་ཚོ་ལྟ་བུའི་བུ་རྒྱུད་བཟང་པོ་རེ་བྱུང་བའང་ངའི་བསོད་བདེ་ཡིན། ཐུགས་རྗེ་ཆེ། མུ་མཐུད་སློབ་སྦྱོང་ཡག་པོ་བྱོས། ཨ་མ་ཁྱོད་ཚོ་དང་ཁ་བྲལ་ཡང་ད་དུང་ང་ཚོའི་བླ་མ་བཟང་པོ་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་། སྲིད་སྐྱོང་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་འདི་ང་ཚོའི་མི་རིགས་ཀྱི་བདེ་དོན་བརྩོན་ལེན་བྱེད་ས་ཡོད་་་་། མཁན་མོ་གཡང་འཛོམས་ཀྱིས་མ་བུ་ཚོའི་ཁ་བརྡ་ཐོས་ནས། དེ་རིང་ནི་ཁྱོད་མ་བུ་མཉམ་འཛོམས་ཀྱི་སྐྱིད་པའི་ཉིན་མོ་རེད། ད་འགྲོ ང་ཚོ་འོག་གི་ཟ་ཁང་དུ་དགོང་ཟས་དྲ་རྒྱས་པོ་ཞིག་ཟ་སར་འགྲོ མ་རེད་པས། ཅེས་པར་དཀར་མོ་སྒྲོལ་མའང་དགའ་སྤྲོའི་ངང་རེད་རེད། མཁན་མོ་ལགས། ཅེས་བཤད་དེ་ཁོ་ཚོ་སྤྲོ་པོའི་ངང་མགྲོན་ཁང་འོག་ཏུ་སོང་།

 

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ཉིན། ཨ་རིའི་ཚན་རིག་ཞིབ་དཔྱོད་ཁང་གི་མི་སྣ་དང་། ཟླ་བའི་དཀྱིལ་འཁོར་ལ་འགྲོ་མཁན་བཙུན་མ་དཀར་མོ་སྒྲོལ་མ་གཙོས་གཞན་སྐྱེས་པ་གསུམ་བཅས་མི་བཞི་ཕེབས་བསྐྱེལ་བྱེད་མཁན་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་དབུ་ལས་རྣམས་དང་། མེ་ཤུགས་འཕུར་མདའི་འཕྲུལ་ཆས་བཟོ་ལས་བྱེད་མཁན་སོགས་མི་གྲངས་ཉི་ཤུ་ཙམ་ཨ་རིའི་ཝ་ཤིང་ཊོན་གྲོང་ཁྱེར་མཐའི་ས་ཆ་ཞིག་ཏུ་འདུས། སྐབས་དེར་དཀར་མོ་སྒྲོལ་མས་ཀྱང་གཞན་སྐྱེས་པ་གསུམ་དང་གཅིག་མཚུངས་ཀྱི་སྐྱ་ཆས་སྒྲིག་ཆས་ལྟ་བུ་ཆ་གཅིག་གྱོན་འདུག དེ་མིན་ཨ་རིའི་སྲིད་འཛིན་དང་གནད་ཡོད་མི་སྣ། ཚན་རིག་ཁང་གི་དབུ་འཛིན་སྐུ་ཞབས་ཀྱཱོ་ཀྲི་སོགས་ཀྱང་དེར་སླེབས་ཡོད་པ་རེད། ཁོ་ཚོ་གནམ་གྲུར་འཛུལ་ལ་ཉེ་དུས་ཀྱཱོ་ཀྲི་སེམས་འགུལ་ཆེན་པོས་དཀར་མོ་སྒྲོལ་མའི་ཕྱག་ནས་འཇུས་ཏེ། ད་ཐེངས་ཀྱི་རྟོག་དཔྱོད་འདི་ང་ཚོའི་མིའི་རིགས་ཀྱི་མ་འོངས་བདེ་སྐྱིད་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པའི་ཚོད་ལྟ་ཐེངས་གཅིག་རེད། ངའི་རེ་བ་ཡོངས་རྫོགས་ཁྱེད་ལ་བཅོལ་ཡོད། གལ་ཏེ་ད་ཐེངས་ཀྱི་ཚོད་ལྟ་འདི་ལེགས་གྲུབ་བྱུང་ན་དེ་ནི་ང་ཚོ་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་ཀྱི་འོད་སྣང་དང་རེ་བ་གསར་པ་ཞིག་བསྐྲུན་པ་དང་གཉིས་སུ་མེད། ཁྱེད་ལ་རེ་བ་ཆེན་པོ་བཅོལ་ཡོད། ཅེས་སོགས་བཤད་ཅིང་རྒས་པོ་ཀྱཱོ་ཀྲིའི་མིག་གཉིས་ནང་མཆི་ཞག་འཁོར་འདུག དཀར་མོ་སྒྲོལ་མ་འཛུམ་དང་བཅས། རྒན་ལགས། ཁྱེད་རང་ཐུགས་འཁུར་མི་དགོས། ངས་གང་ཐུབ་ཞུས་ཆོག ཅེས་བརྗོད་རྗེས་དལ་བུའི་སྒོ་ནས་མེ་ཤུགས་འཕུར་མདའི་ནང་དུ་སྤྱོད། གྱེས་བྲལ་གྱི་དུས་དེར་འཕུར་མདའི་ཟུར་དུ་ལང་པའི་མཁན་མོ་གཡང་འཛོམས་ཀྱང་སྔ་ས་ནས་བཟོད་མ་ཐུབ་པར་མིག་ཆུ་ཕྲེང་ཐག་ཆད་པ་ལྟར་སར་ལྷུང་།

 

སྤྱིར་ན་ཟླ་བའི་གོ་ལ་ནི་སའི་གོ་ལའི་དབར་བར་ཐག་ནི་སྟོང་རྨིས་ཊར་ཆ་སྙོམས་ ༣༨༤༤༠༠ ཙམ་ཡིན། ཟླ་བ་གོ་ལའི་ཕྱི་ཚུལ་གྱི་ཁོར་ཡུག་དེ་དག་ནི་སའི་གོ་ལའི་རང་བྱུང་ཁོར་ཡུག་དང་ཁྱོན་ནས་མི་མཚུངས། ཟླ་བའི་གོ་ལའི་ཐོག་ཁ་དབུགས་སམ་རླུང་མེད་པར་བཤད་ཅིང་། ཁ་དབུགས་མེད་པའི་བར་སྟོང་གྱི་གནས་སྟངས་འོག་ཡོད། མཐའ་ན་དེ་ནས་གཞན་ལ་སྐད་སྒྲའང་བརྒྱུད་བསྒྲགས་བྱེད་མི་ཐུབ། ཟླ་བའི་གོ་ལའི་ཐོག་འཐུང་ཆུའང་མཐོང་མི་ཐུབ། ཚན་རིག་པ་ཚོས་ཟླ་བའི་གོ་ལ་གྲུབ་པའི་བྲག་རྡོ་དེ་དག་ལ་དབྱེ་ཞིབ་བརྒྱུད་དེ་དེར་བཤེར་གཟུགས་མེད་པར་མཐོང་། ཟླ་བའི་གོ་ལ་ནི་གསོན་ཤུགས་ཉམས་པའི་གུ་དོགས་པའི་ཞིང་ཁམས་སམ་ཚེ་སྲོག་འཚོ་བསྐྱེད་མེད་པའི་འཇིག་རྟེན་གྱི་ཁམས་གཞན་ཞིག་རེད་ཟེར་སྲོལ་ཡོད། ཟླ་བའི་ཕྱི་གཟུགས་སུ་དྲོད་གྲང་གི་འགྱུར་ལྡོག་ཧ་ཅང་ཆེ། ཉིན་མོར་ཧ་ཅང་ཚ་བའི་དུས་ཕྱི་གཟུགས་སུ་དྲོད་ཚད་ ༡༢༧ ཙམ་སླེབས་པ་དང་། མཚན་མོར་དྲོད་ཚད་ ༡༨༣ ཙམ་བར་འཕར་གྱི་ཡོད་པ་རེད།

 

དཀར་མོ་སྒྲོལ་མ་མེ་ཤུགས་འཕུར་མདའི་ནང་འཛུལ་རྗེས་སྤྱན་གཉིས་བཙུམ་ནས་བློ་རྩེ་གཅིག་སྒྲིལ་གྱིས་དཀོན་མཆོག་གསུམ་ལ་སྨོན་ལམ་འདེབས། གཞན་སྐྱེས་པ་དེ་གསུམ་ནི་དེ་ལས་ལྡོག་སྟེ་ངོ་གདོང་ནས་རྔང་སྐྲག་དང་སེམས་འཚབ་ཀྱི་རྣམ་འགྱུར་མངོན་གསལ་དོད་འདུག འོན་ཀྱང་ཁོ་གསུམ་ཡང་དཀར་མོ་སྒྲོལ་མ་ལྟར་མིག་བཙུམ་ནས་སེམས་པ་ལྷོད་ལ་བབ་གང་ཐུབ་བྱས།

 

དྲུག་པ། འགྲོ་བ་མིའི་རེ་བ།

དཀར་མོ་སྒྲོལ་མ་དང་སྐྱེས་པ་གཞན་གསུམ་ཟླ་བའི་དཀྱིལ་འཁོར་དུ་སླེབས་མ་ཐག ཚང་མས་མཉམ་རུབ་ཀྱིས་དེར་ལྕགས་ཀྱི་རྒྱུ་ཆ་ལས་གྲུབ་པའི་ཁང་པ་འབྲིང་ཙམ་ཞིག་བསྒྲིགས། དེའི་བར་ཐག་ཙམ་ལ་རྟག་དཔྱད་འཕྲུལ་ཆས་བཙུགས་ཚར་རྗེས་དེ་ནས་ཁོ་ཚོ་བཞི་ཁང་པའི་ནང་དུ་འཛུལ། ཟླ་བའི་གོ་ལ་ཐོག་སའི་གོ་ལ་ལྟར་འཐེན་ཤུགས་མེད་སྟབས་ཁོ་ཚོ་ཚང་མའི་ལུས་ཕུང་ཡངས་པོར་གྱུར་ནས་ཕར་ཚུར་འཕུར་ལྡིང་ལས་གོམས་པ་སྤོ་མི་ཐུབ་ཅིང་ཕན་ཚུན་སྐད་ཆའང་ཤོད་མི་ཐུབ། དེ་ནས་ཚང་མས་ཟླ་གྲངས་གཉིས་ཀྱི་དུས་ལ་མདང་བའི་ཟས་རིགས་ཕྱིར་བཏོན། ཟླ་བ་གཉིས་ཀྱི་ཟླ་བའི་གོ་ལའི་རྟག་དཔྱད་ཚར་ནས་ཁོ་ཚོ་བཞི་ཕྱིར་སའི་གོ་ལའི་ཐོག་ལོག་དགོས། སྐྱེས་པ་གཞན་ཚོས་ཟླ་བའི་གོ་ལར་རྟག་དཔྱད་ཡོ་བྱ་གློག་གི་འཕྲུལ་ཆས་དེ་དག་ཕྱི་ནང་གང་སར་ལེགས་པར་བསྒྲིགས།

 

མདུན་ཅོག་ཐོག་བསྡམས་པའི་ཆུ་ཚོད་དེ་ཆད་མེད་འགྲོ་བཞིན་པ་དང་སྦྲགས་ཟླ་བ་གཅིག་དང་ཉིན་གྲངས་བཅོ་ལྔར་སླེབས་ཉིན། ཁང་ཆུང་གི་ཟུར་ཞིག་ལ་སྐྱེས་པ་གཅིག་སྔ་སྲོལ་ལྟར་རྟག་དཔྱད་ཀྱི་ཟིན་བྲིས་དེབ་དེ་ལག་ཏུ་འཁྱེར་ནས་སྒོའི་ཟུར་དུ་འཕུར་སླེབས་སྐབས། གློ་བུར་དུ་བར་དབྱིངས་ནས་རྡོ་ལེབ་ལྟ་བུ་ཅི་ཡིན་ཆ་མི་འཚལ་བའི་དངོས་པོ་ཞིག་སྐར་ཆ་འགའི་ནང་ཚུར་འཕུར་ཡོང་སྟེ་ཁོའི་མགོ་ལ་ཐེབས། སྐྱེས་པ་དེ་དེ་མུར་ས་ལ་དྲན་མེད་དུ་གྱར། དཀར་མོ་སྒྲོལ་མ་དང་སྐྱེས་པ་གཞན་གཉིས་ཁང་ཆུང་དུ་དགོང་ཟས་བཟོས་ཚར་ནས་སྡོད་དེ་དུས་ཡུན་ངང་སྒུག་བྱས་ཀྱང་ད་དུང་གཞན་དེ་ཡོང་རྒྱུ་མེད་པར་མཐོང་སྟབས། ཡང་སྐྱེས་པ་ཞིག་གིས་དཀར་མོ་སྒྲོལ་མ་དང་སྐྱེས་པ་གཞན་དེར་ལག་བརྡ་སྦྲགས་སྒོ་ཕྱེས་ཏེ་ཕྱིར་ལྟ་རུ་སོང་། ཁོས་གཞན་དེ་སར་ལྷུང་བར་མཐོང་ནས་ནུས་ཤུགས་ཡོད་རྒུས་འཕུར་ལྡིང་གིས་དེའི་འཁྲིས་སུ་བཅར། འོན་ཀྱང་སྐབས་མཚུངས་སུ་སླར་རྡོ་ལེབ་ལྟ་བུ་ཞིག་ཁོའི་མགོ་བོར་གྱོན་པའི་ལྕགས་ཞྭ་བཅགས་ཏེ་ཁོའང་སར་གཡུགས། དཀར་མོ་སྒྲོལ་མ་དང་སྐྱེས་པ་གཞན་གཉིས་ཏོག་ཙམ་སྒུག་ཀྱང་གཞན་དེ་གཉིས་ཡོང་རྒྱུ་མེད་སྟབས་མཉམ་དུ་ཁང་ཆུང་ཕྱིར་འགྲོ་བརྩིས་བྱས། སྐྱེས་པ་དེ་དང་དཀར་མོ་སྒྲོལ་མ་གཉིས་སྔ་རྗེས་ཀྱིས་ཕྱིར་དོན་སྐབས། ཅི་ཡིན་ཆ་མ་འཚལ་བའི་འཕུར་ལྡིང་གི་རྡོ་ལེབ་ལྟ་བུ་ཞིག་སླར་སྐྱེས་པའི་མགོ་བོར་ཐེབས་ནས་ཁོའང་སར་རིལ་སོང་། དཀར་མོ་སྒྲོལ་མ་ཞེད་ཐག་ཆོད་དེ་ཕྱིར་དོན་མ་ཕོད་པར་ཁང་ཆུང་ནང་ཕྱིར་བྲོས་ཤིང་འཕུར། དུས་ཡུན་སྐར་ཆ་འགའི་རྗེས་མོ་རང་བློ་འཁོག་བསྐྱེད་དེ་ག་ལེར་སྒོའི་ཕྱིར་ལྟ་རུ་སོང་། བསམ་ཡུལ་ལས་འདས་པ་ཞིག་སྟེ་རྡོ་ལེབ་ལྟ་བུས་རྨས་སྐྱོན་བཟོས་པའི་སྐྱེས་པ་གསུམ་ད་ཆ་མི་བཞག་སྟེ་ཕུང་པོའང་མཐོང་ལམ་དུ་མེད་པར་གྱུར་འདུག དཀར་མོ་སྒྲོལ་མ་རྔང་སྐྲག་དང་སེམས་སྡུག་ཆེན་པོས་ཕྱིར་ཁང་ཆུང་དུ་འཛུལ་ནས་སྡུག་བསྔལ་འགོག་མ་ཐུབ་པར་མིག་ཆུ་ཤོར། མོས་མིག་སྔར་གློ་བུར་དུ་བྱུང་བ་དེ་ནི་གནས་སྟངས་ག་རེ་ཡིན་མིན་རྩ་བ་ནས་མི་ཤེས་ལ། མདུན་ཅོག་ཐོག་སྐྱེས་པ་དེ་གསུམ་གྱིས་ཟླ་གཅིག་ལྷག་གི་ཚོད་ལྟའི་ཟིན་ཐོ་ཤོག་ལྷེབ་དེ་དག་སྤུངས་པར་ལྟ་བཞིན་དུས་ཡུན་ནང་ཅི་བྱ་གཏོལ་བྲལ་དུ་གྱུར།

 

ཉིན་དེའི་དགོང་མོར་དཀར་མོ་སྒྲོལ་མས་དགོང་ཟས་ཚར་ནས་གཅིག་པུར་ཁང་ཆུང་དུ་བསམ་བློ་གཏོང་ནས་བསྡད། ཁོ་མོའི་རྣའི་ཟུར་དུ་ཚན་རིག་པ་རྒས་པོ་ཀྱཱོ་ཀྲིའི་མཐའ་མཇུག་གི་སྐད་སྒྲ་དེ་དག་གྲགས་ཡོང་། ད་ཐེངས་ཀྱི་ཟླ་བའི་གོ་ལའི་རྟག་དཔྱད་འདི་ནི་ང་ཚོའི་འཛམ་གླིང་ཡོངས་ཀྱི་ཚན་རིག་པ་རྣམས་མཉམ་རུབ་ཀྱིས་གྲོས་འཆམ་བྱུང་བའི་གལ་ཆེན་གྱི་ཚོད་ལྟ་ཐེངས་ཤིག་རེད། ཞིབ་ཚགས་ཀྱིས་གོ་སྒྲིག་བྱས་པའི་ད་ཐེངས་ཟླ་བ་གཉིས་ཀྱི་ཚོད་ལྟའི་གོ་རིམ་ནས་གྲུབ་དོན་གྱི་སྙན་ཐོ་དེ་དག་ང་ཚོའི་ལག་ཏུ་རག་ན། དེ་ནི་སའི་གོ་ལའི་ཐོག་གནས་པའི་མི་རྣམས་མ་འོངས་པར་ཟླ་བའི་གོ་ལའི་ཐོག་ལའང་འཚོ་བསྐྱོད་ཆོག་པའི་དག་རྟགས་གསལ་པོ་ཡོང་ཐབས་ཀྱི་རྒྱུ་ཆ་ངོ་མ་རག་པ་དང་མཚུངས། དེར་བརྟེན་ད་ཐེངས་ང་ཚོས་འཕུར་མདའི་ཐོག་སྤྱོད་མྱོངས་པའི་ཉམས་མྱོང་ཅན་ནམ་གཟུགས་གཞི་དང་སྦྱོང་བརྡར་ཧ་ཅང་ལེགས་པའི་སྐྱེས་པ་གསུམ་དང་། དམིགས་བསལ་དུ་ལུས་ཕུང་གི་གནས་སྟངས་ཁྱད་འཕགས་ཅན་བོད་ཀྱི་བཙུན་མ་དཀར་མོ་སྒྲོལ་མ་ཁྱེད་བཅས་མིི་བཞི་ལས་གྲུབ་པའི་རླབས་ཆེན་གྱི་ཚོགས་ཆུང་འདི་ཟླ་བའི་གོ་ལའི་ཐོག་གཏོང་བ་རེད། དཀོན་མཆོག་གིས་མཁྱེན། ཁྱེད་ཚོར་བར་ཆད་མེད་པར་ཤོག

 

མཁའ་འགྲོ་མའི་སེམས་ནང་གལ་ཏེ་ཟླ་བ་གཉིས་ཀྱི་གྲུབ་དོན་སྙན་ཐོ་འདི་དག་ཕྱིར་སའི་གོ་ལའི་ཐོག་འཁྱེར་མ་ཐུབ་ན། ཚན་རིག་པ་རྣམས་ཀྱིས་ལོ་མང་དཀའ་བསྐྱེད་འབད་བརྩོན་གནང་བའི་འབྲས་བུ་འདི་དག་སྟོང་པ་ཆགས་རྒྱུ་མ་ཟད། ཟླ་བའི་དཀྱིལ་འཁོར་ནས་ག་སོང་ཆ་མེད་དུ་གྱུར་བའི་མོའི་རོགས་པ་སྐྱེས་པ་གསུམ་གྱིས་ཟླ་བ་གཅིག་ལྷང་རིང་དཀའ་སྡུག་འོག་ཧུར་བརྩོན་གནང་བ་དེ་དག་ཀྱང་ཆུད་ཟོས་སུ་འགྲོ་རྒྱུ་གདོན་མི་ཟ། ད་ཆ་ཁོང་གསུམ་འདིར་མེད་སྟབས་ཕྱིར་གོ་ལའི་ཐོག་ལོག་པར་བཙུན་མས་འཕུར་མདའ་ཁ་ལོ་བསྒྱུར་མི་ཤེས་པས་དེ་ནི་ཤི་རྒྱུར་སྒུག་སྡོད་པ་དང་མཚུངས། ད་ནས་བློ་སྟོབས་བསྐྱེད་དེ་རང་འགུལ་གྱིས་བྱ་བ་ཞིག་བྱ་ན་མ་གཏོགས་འགྲིག་ཐབས་མེད་སྙམ།

 

བསམ་བློ་དེ་དག་ཡིད་ལ་འཁོར་ནས་དཀར་མོ་སྒྲོལ་མའི་སེམས་པ་ལྷོད་ལ་བབས། ཐོག་མར་མོ་རང་ཕྱིར་དོན་ནས་རྟག་དཔྱད་འཕྲུལ་ཆས་འཁྲིས་སུ་བཅར། དེ་ནས་དཔར་བསློག་འཕྲུལ་རིགས་དེའི་མཛུབ་སྣོན་འགའ་ཚོད་ལྟའི་ཚུལ་གྱིས་སྣོན་པས་དེ་མུར་ཤོག་ལྷེ་འགའ་ཕྱིར་དོན་བྱུང་། དེ་སྔོན་མོ་དང་སྐྱེས་པ་གཞན་ཞིག་འདིར་ཡོང་སྐབས་ཉིན་གཅིག་གི་རྟག་དཔྱད་གྲུབ་དོན་ཤོག་ལྷེབ་དེ་དག་ཡིན་པར་ཤེས་ཡོད། སྐབས་དེར་མོ་རང་དགའ་ཐག་ཆོད་དེ་ཤོག་ལྷེབ་དེ་དག་འཁྱེར་ནས་ཕྱིར་ཁང་ཆུང་དུ་འཕུར་ནས་སྙན་ཐོ་དེ་དག་ཕྱོགས་གཅིག་ཏུ་བསྡུས། ཟླ་བ་གཉིས་ཀྱི་ཟླ་བའི་གོ་ལའི་རྟག་དཔྱད་ཀྱི་དུས་ཚོད་དེ་ད་དུང་ཉིན་བཞི་ཡོད། དཀར་མོ་སྒྲོལ་མ་གཅིག་པུར་ཁང་ཆུང་དུ་ཟས་ཟ་ཞིང་། དགོང་དྲོའི་ཆུ་ཚོད་ལྔ་པར་དུས་ཐོག་ཕྱིར་སོང་ནས་འཕྲུལ་ཆའི་ཐོག་གི་རྟག་དཔྱད་གྲུབ་དོན་ཤོག་ལྷེབ་དེ་དག་ཕྱིར་འཁྱེར་འོང་། ཁོ་མོས་སྐབས་རེར་འཕུར་མདའི་ཁ་ལོ་དེར་ཚོད་ལྟའི་ཚུལ་གྱིས་གཏོང་ཨེ་ཤེས་ཀྱང་ལྟ་གི་ཡོད།

 

ཐེངས་ཤིག་ཁོ་མོས་མཛུབ་སྣོན་འགར་རེག་པས་རྒས་པོ་ཀྱཱོ་ཀྲིའི་གཟུགས་བརྙན་མཐོང་ཞིང་སྐད་སྒྲའང་ཐོས། མོ་རང་དགའ་ཐག་ཆོད་དེ་རྒན་ཀྱཱོ་ཀྲིའི་གོ་མིན་ལ་མ་ལྟོས་པར་ཟླ་བའི་གོ་ལའི་གནས་སྟངས་ཡོངས་རྫོགས་ཁོ་བོར་ལྐུགས་བརྡ་ལག་བརྡ་སྦྲགས་ནས་བཤད། རྒན་པོ་ཀྱཱོ་ཀྲིས་མཁའ་འགྲོ་མ་མཆོག དེ་སྔོན་ཟླ་བའི་དཀྱིལ་འཁོར་དུ་སོང་བའི་མི་གཞན་རྣམས་ཀྱང་ཕྱིར་ལོག་མེད་པར་ག་སོང་ཆ་མེད་དུ་གྱུར་ཡོད། འོན་ཀྱང་ཁྱེད་རང་ཐུགས་གཡེང་རྩ་བ་ནས་མི་དགོས། ངས་ཁྱེད་ལ་འཕུར་མདའ་ཁ་ལོ་བསྒྱུར་སྟངས་བསླབ་ཆོག དེ་སྔོན་ཡང་ཟླ་བའི་གོ་ལར་རྟག་དཔྱད་གནང་མཁན་རྣམས་གཅིག་མཚུངས་ཀྱི་ཅི་ཡིན་ཆ་མ་འཚལ་བའི་བར་དབྱིངས་ཀྱི་དངོས་པོས་བསད་རྗེས་ག་སོང་ཆ་མེད་དུ་གྱུར་བ་རེད། རྗེས་སུ་ང་ཚོས་ཤེས་རྟོག་ལྟར་ན་དེ་ནི་སའི་གོ་ལའི་ཐོག་མིའི་རིགས་འཚོ་ཐུབ་པ་དེ་ནི་གཙོ་བོ་སའི་གོ་ལར་རང་བཞིན་གྱི་འཐེན་ཤུགས་ཅིག་ཡོད་པས་ཡིན། དེའང་ང་ཚོས་ཟླ་བའི་དཀྱིལ་འཁོར་གྱི་དབྱིངས་ནས་འཕུར་ཡོང་བའི་རྡོ་ལེབ་ལྟ་བུ་དེར་འགོག་མི་ཐུབ་པའི་རྐྱེན་གྱིས་ཀྱང་རེད། འོན་ཀྱང་ང་ཚོ་ཁྱེད་ལ་རྟག་དཔྱད་བྱས་པར་ཁྱེད་རང་པར་ཆས་ནང་དུ་ཁྱོན་ནས་གཟུགས་བརྙན་མི་ཐེབས་པ་མ་ཟད། ཡང་ཁྱེད་རང་འགྲོ་བ་མིའི་རིགས་སྤྱི་མཚུངས་ལྟར་མིན་པའི་གཟུགས་ཕུང་གྲུབ་སྟངས་ཡིན་སྲིད་སྟབས་ཟླ་བའི་གོ་ལའི་ཐོག་གི་རྡོ་ལེབ་ལྟ་བུའི་དངོས་པོ་དེས་ཁྱེད་ལ་གནོད་སྐྱོན་བཟོ་མི་ནུས་པ་རེད་འདུག དཀར་མོ་སྒྲོལ་མས་རྒན་པོ་ཀྱཱོ་ཀྲའི་སྐད་ཆ་དེ་དག་གོ་ནས་དགའ་སྣང་དཔག་མེད་བྱུང་། དེ་རྗེས་ཕྱིར་སའི་གོ་ལར་ལོག་པའི་ཉིན་གཅིག་ལས་མེད་པས་མཁའ་འགྲོ་མས་ཀྱཱོ་ཀྲིའི་བཀའ་ལྟར་འཕུར་མདའ་ཁ་ལོ་བསྒྱུར་སྟངས་ལ་སྦྱོང་བ་ཧུར་ཐག་བྱས།

 

ཟླ་བ་གཉིས་ཧྲིལ་པོ་རྫོགས་པའི་ཉིན་དེར་དཀར་མོ་སྒྲོལ་མས་ཟིན་ཐོའི་ཤོག་བུ་དེ་དག་འགྱིག་གི་སྦུ་གུ་ཆུང་ངུ་ཞིག་ཏུ་བླུགས་ཏེ་ཕྱོགས་གཉིས་སུ་ཐག་པས་དམ་དུ་བསྡམས་ཏེ་མོའི་སྐེད་པར་ནན་ཏན་གྱིས་བཅིངས་ནས་སེམས་ནང་རྔང་སྐྲག་ལང་བཞིན་འཕུར་མདའི་ཁ་ལོ་དེའི་གློག་སྤར། སྒྲ་ཆེན་པོ་ཞིག་དང་སྦྲགས་འཕུར་མདའ་འགུལ་སྐྱོད་བྱས་སྟབས་ཁོ་མོས་ཤུགས་ཀྱིས་ཁ་ལོ་ཡར་འཐེན་པས་གནམ་གྲུ་དེའང་གཡོ་འགུལ་བྱུང་། དེ་ནི་མོས་ཁ་ལོ་དལ་མོར་ལྷོད་པས་མེ་ཤུགས་འཕུར་མདའ་མཁའ་དབྱིངས་ནས་མར་འཕུར་འགོ་བརྩམས། མོས་མདུན་གྱི་ཤེལ་སྒོའི་ཕྱོགས་ཀྱི་གློག་ཐིག་དེའི་བགྲོད་སྟངས་ལམ་སྣེར་གཞིགས་ཏེ་རིམ་གྱིས་དམའ་རུ་གཏོང་། དེ་ལྟར་ཕར་ཆེར་བར་དབྱིངས་ནས་སའི་གོ་ལའི་དབར་བར་ཐག་ལེ་དབར་སྟོང་ཚོ་གཅིག་ཙམ་གྱིས་སར་འཕུར་བཞིན་པའི་སྐབས། འཕུར་མདའི་མཇུག་མར་གློ་བུར་དུ་མེ་འབར་ནས་འུར་སྒྲ་ཆེན་པོ་སྒྲོག དཀར་མོ་སྒྲོལ་མས་འཕུར་མདར་མེ་འབར་བཞིན་པ་མཐོང་མ་ཐག་འཇིགས་སྐྲག་སྐྱེས། མེ་ལྕེ་རིམ་གྱིས་འཕུར་མདའ་ཡོངས་སུ་འབར་བྱུང་བས་དཀར་མོ་སྒྲོལ་མས་བློ་ཐག་རྦེད་བཅད་ཀྱིས་ཐེ་ཚོམས་ཙམ་མེད་པར་འཕུར་མདའ་ནས་ཕྱིར་མཁའ་དབྱིངས་སུ་མཆོང་། ཁོ་མོས་མཁའ་དབྱིངས་ནས་མར་འཕུར་ཆོག་པའི་གདུག་འཁྱེར་ཤེས་ཀྱི་མེད་སྟབས་མི་གཟུགས་ཡོངས་རྫོགས་བར་དབྱིངས་ཀྱི་རླུང་དང་ལྡེབས་ཅིང་མགྱོགས་མྱུར་མར་ལྷུང་འགྲོ

 

སྐབས་དེར་བོད་ཀྱི་ཇོ་མོའམ་མཁའ་འགྲོ་མ་དཀར་མོ་སྒྲོལ་མས་སྐེད་པར་བསྡམས་པའི་འགྱིག་གི་སྦུ་གུ་དེར་རེག་ཙམ་བྱས་རྗེས། མིག་གཉིས་བཙུམས་ཏེ་རྩེ་གཅིག་ཏུ་སྒོམ་ལམ་དུ་བཞུགས། དེ་ནས་དུས་ཡུན་རྗེས་བཙུན་མ་དཀར་མོ་སྒྲོལ་མའི་ཚེ་སྲོག་ལ་སྤུ་ཉག་མ་གཅིག་གི་ཉེན་ཁ་ཙམ་ཡང་མ་འཕྲད་པའི་སྒོ་ནས་སའི་གོ་ལར་ལྷོད་ཀྱིས་བབས་ཐུབ་པ་བྱུང་བ་རེད།

 

 ( མཆན། བརྩམས་སྒྲུང་འདི་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་གདན་ས་འབྲས་སྤུངས་སུ་དགེ་བཤེས་མའི་ཕྱག་འཁྱེར་བཞེས་མཁན་བཙུན་མཆོག་ཉི་ཤུར་སྙིང་དབུས་ནས་ལེགས་གསོལ་གོང་བཀུར་དང་སྦྲགས་སྤེལ་བ་དགེའོ། གངས་ལྷ་མོས་ཕྱི་གླིང་ཨོ་སི་ཊི་ལི་ཡ་ནས་བོད་ཀྱི་བཙུན་མཆོག་ཉི་ཤུར་ཚད་མཐོན་པོའི་གུས་འདུད་དང་བཅས་ཕུལ། ) 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།