མ་སྲུ་ཚོ་ལ་མོལ་བ།

images/stories/ADs-VOT/15590148_1463678150330828_4987452477902994763_n.jpgམ་སྲུ་ཚོ་ལ་མོལ་བ།

Discuss with females

與婆媳嬸嫂談心

ཆུང་དུས་ཕ་མ་སྤུན་མཆེད་དང་གྲོང་སྡེའི་མི་རྣམས་ཀྱིས་བུ་མོ་ཆུང་ཆུང་ཞིག་རིག་ན་འདི་ཆེན་པོར་ཆག་ན་མཛེས་མ་ཞིག་ཡིན་མིན་དང་ཐོག་མའི་དུས་ནས་མ་འོངས་པར་མནའ་མ་འགྲོ་ས་ལེགས་ཉེས་སྐོར་གཙོ་བོ་འཆད་ངེས་ལྟར་རེད། བུ་མོའི་ངོ་གདོང་མཛེས་ན་རྒྱན་ཆ་ཆེ་ཤོས་དེ་བརྩི་སྲོལ་དང་བུ་མོ་མེ་ཏོག་གཉིས་མཛེས་དགོས་དང་། མཛེས་ཆོས་འཆད་དུས་ཀྱང་སྐུ་གཟུགས་རྩ་རིས་སྨུག་མ། ཞལ་རས་དཀར་གསལ་ཟླ་བ། དབུ་སྐྲ་སི་ལིང་ལྕང་མས་ཚད་ཐིག་མཇལ་སྲོལ་ཡོད།

 

དེ་མིན་གཤིས་རྒྱུད་སྐོར་བཤད་དུས་ཀྱང་བུ་མོ་ག་གེ་མོ་ནི་གཤིས་རྒྱུད་བལ་ལས་འཇམ་པའམ་ངང་རྒྱུད་ཆུ་ལས་རིང་བ། ཡ་རབས་ཉམས་ཆུང་སོགས་ཀྱིས་གདིང་འཇོགས་འཇལ་སྲོལ་འདུག སྤྱིར་ན་རྒྱལ་ཁམས་རེ་ལ་གོམས་སྲོལ་རེ། ཡུལ་ལུང་རེ་ལ་ཆགས་ལུགས་རེ་ཞེས་པའི་དཔེ་ལྟར་ང་ཚོ་བོད་པ་ཡིན་ན་བུ་མོ་ཆུང་ནས་ཆེ་བར་ལ་གོང་གསལ་གྱི་ཚིག་གིས་ཚད་ཐིག་བཟུང་ནས་དེའི་ངོ་བོར་གཏན་འབེབས་བྱེད་སྲོལ་ཤུགས་ཆེན་པོ་རེད། བུད་མེད་ཅིག་ཡིན་ན་མང་པོར་ཡ་ལན་མེད་ཅིང་མི་ཚོགས་དཀྱིལ་ན་སྨྲ་བ་ཉུང་ཞིང་ཉམས་ཆུང་བ། གཞན་ལ་ལྟ་ཤེས་བསྟུན་མཁས་ཅན་ལ་མང་པོས་བཟང་མོ་བརྩིས་ཡོད། གང་ལྟར་ཡང་ལེགས་ཉེས་འབྱེད་མཁས་ལ་བློ་གྲོས་ཀྱི་དཔྱོད་ཤེས་དགོས་སྟབས་འདིར་བརྗོད་གཞི་ཆུང་ངུ་གཉིས་ལ་སྒེར་གྱི་བསམ་འཆར་རེ་བུད་མེད་ཚོར་བཤད་འདོད་འདུག

 

 

༡། ཡ་རབས་བཟང་སྤྱོད།

 

འཛམ་བུ་གླིང་འདིར་འཚོ་བཞིན་པའི་སྲོག་ལྡན་སུ་འདྲ་ཞིག་ཡིན་ཡང་བདེ་བ་འདོད་ཅིང་སྡུག་ངལ་མི་འདོད་མཁན་ཡིན་པ་དེ་རྩ་བའི་བླ་མས་ཞལ་ནས་རྒྱུན་དུ་གསུངས་པ་དེ་ལོས་ཡིན། འོ་ན་བདེ་བ་འདོད་ན་སྡུག་ངལ་གྱི་རྒྱུ་དོར་ཐབས་གཙོ་བོར་བརྩོན་གྱི་ཡོད་དུས་དེའི་ནང་ཕལ་པའི་མིའི་སྤྱི་ཚོགས་སུ་སྤྱི་བཏང་གི་ཆ་ནས་ཡ་རབས་བཟང་སྤྱོད་ནི་སྐྱ་སེར་ཕོ་མོ་རྒན་གཞོན་གྱི་དབྱེ་བ་མེད་པར་རང་གཞན་གཉིས་ཀར་བདེ་བ་འབྱུང་བའི་གཤིས་སྤྱོད་གལ་ཆེན་ཞིག་རེད།

 

 

ཡ་རབས་བཤད་དུས་བོད་ཀྱི་གཏམ་དཔེ་ལ་ཡ་རབས་མ་རབས་སྤྱོད་པས་ཤེས། ལུང་པ་གང་ཡིན་སྐད་ཀྱིས་ཤེས་ཅེས་པ་ལྟར། སྤྱིར་ན་བུད་མེད་ཚོས་ལུས་ངག་གཉིས་ནས་འཇམ་པོའི་ཚིག་སྨྲ་ཞིང་གཞན་ལ་གུས་ཞབས་མཚོན་ཐབས། གཞན་ལ་ལྟ་ཤེས་བསྟུན་མཁས་བཅས་ནི་བཟང་པོའི་སྤྱོད་པའི་ཆ་ཤས་གལ་ཆེན་ཡིན། དེ་མིན་ལུས་ངག་གཉིས་ཀྱི་སྤྱོད་པ་དེའང་སེམས་བསམ་པའི་གཏིང་ནས་བྱུང་ན་དེ་ནི་རྩོད་མེད་ཀྱི་ཡ་རབས་ཅིག་ལ་ཅིས་མི་བརྩི། འོན་ཀྱང་རྒྱུན་གཏན་དུ་ང་ཚོས་བུད་མེད་མང་པོས་རྒྱ་ཆེ་ས་དང་གཏིང་ཟབ་སར་མ་བལྟས་པའི་སྐྱོན་གྱིས་བུད་མེད་ཀྱི་བསམ་པའི་ཀུན་སློང་བཟང་པོ་ཞིག་གིས་བགྱིས་པ་ཡིན་ཡང་གནད་དོན་ལ་བློ་གྲོས་ཀྱིས་དཔྱོད་ཤེས་མེད་པའི་རྐྱེན་གྱིས་བཟང་པོ་དེ་སྒྱིད་ལུག་ངན་སྤྱོད་ལ་བསྐུལ་འདེད་གཏོང་བའི་རྒྱུ་རུ་གྱུར་གྱི་ཡོད་པའི་དཔེ་མཚོན་མང་པོ་མཐོང་ཆོས་སུ་ཡོད་པ་རེད།

 

དཔེར་ན་བོད་པའི་སྤྱི་ཚོགས་སུ་བར་སྐབས་ཤིག་ལ་བྱུང་བའི་ཆོལ་གསུམ་རང་རིགས་ནང་དུ་ཕྱོགས་རིས་འཐེན་འཁྱེར་སྐོར་ལ་མང་པོ་བཤད་དགོས་དོན་མེད་མོད། ལོ་རྒྱུས་ཐོག་སིལ་བུ་ཐོར་ནས་ད་བར་རང་རིགས་ཀྱི་ནུས་ཤུགས་འཐོར་ཞིག་དང་འཆམ་མཐུན་ལ་སྙིང་ཁ་གས་དགོས་པའི་སྐྱོ་གདུང་གི་ལོ་རྒྱུས་སྐྱུར་མོ་མི་ཉུང་བ་ཞིག་ཡོད། འོན་ཀྱང་ད་དུང་ཡང་རང་རིགས་ནང་མི་རིགས་འདིའི་སྲོག་རྩ་བཅོམ་ཐུབ་པའི་གསང་བའི་ཕུང་འདྲེ་དེའི་ངོ་བོ་ངོས་མ་ཟིན་པའི་རྐྱེན་གྱིས་དེའི་ཤུལ་དུ་ང་ཚོའི་ཕྱོགས་ནས་དཀའ་སྡུག་སྣ་ཚོགས་མྱོང་བཞིན་ཡོད། ལས་ངན་དེའི་ཆ་ཤས་སུ་བུད་མེད་ཚོ་ནི་ཁྱིམ་ཚང་གི་བདག་མོ་དང་རྨོ་བོ་ལགས། མནའ་མ་དང་ཨ་མ། བུ་མོ་བཅས་ཀྱི་ངོ་བོ་ཡིན་ཕྱིན་བོད་པའི་སྤྱི་ཚོགས་ཀྱི་གྲངས་འབོར་ཕྱེད་ཟིན་ཡོད་སྟབས། གལ་ཏེ་བུད་མེད་དེ་དག་གིས་དེའི་ཚེ་སོ་སོའི་བླངས་དོར་གྱི་སྤྱན་མིག་བཙུམས་ནས་ཕྱོགས་གཏོགས་ཀྱི་ཁེ་ཕན་དོར་འདོད་མེད་པར་སེམས་བསམ་པའི་གཏིང་ནས་ཡིན་མིན་གང་ལྟར་ཡང་ལུས་ངག་གཉིས་ནས་སྤྱི་ཕན་ལ་གནོད་གཞི་འབྱུང་ཉེའི་གནད་འགག་གི་དུས་སུ་རང་གི་བཟའ་ཟླ་དང་བུ་རྒྱུད་ཚོར་མི་རིགས་ནང་ཁུལ་དུ་རང་རྒྱལ་གཞན་ཕན་གྱི་བསམ་བློ་བརྒྱུད་བསྐུལ་བྱས་པ་ལས་སྐབས་བབ་ཀྱི་གང་ཟག་ལ་བཟང་ངན་གྱི་དཔྱོད་ཤེས་མེད་སོང་ན་བུད་མེད་དེའི་སྐད་ཆ་ཚིག་གསུམ་དང་སྤྱོད་པའི་ཟུར་སྣེ་ཙམ་གྱིས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཆ་ཤས་དེའི་དོན་དམ་གྱི་འཆམ་མཐུན་ལ་གནོད་ངེས་ཤིང་ངན་པར་བསྐུལ་འདེད་ཤུགས་ཆེན་བྱས་ཟིན་པ་ཆག་གི་རེད།

 

 

 གཞན་ཡང་བུད་མེད་ལ་ལས་ཐོག་མའི་སྐུལ་སློང་དུ་གཞན་ལ་གནོད་བསྐྱེལ་བའི་བསམ་བློ་མེད་རུང་སྒེར་ངོས་ཀྱི་བདག་འཛིན་ཆེ་བའི་སྤྱོད་པས་གཞན་ལ་ཤུགས་རྐྱེན་ངན་པ་བཞག་གི་རེད། ལེགས་ཉེས་ནི་ལྟོས་ས་ལྟོས་འཇོག་གི་ཐོག་ནས་འཆད་དགོས་པ་ལས་མི་རིགས་རང་གི་གནའ་དཔེ་ཁག་ཅིག་ལྟར་མཐའ་གཅིག་ཏུ་ངེས་པ་མེད། དཔེར་ན་ཁོར་ཡུག་ཅིག་ཏུ་གྲོགས་ཕོ་མོ་བཅུ་ཡོད་ཅིང་དེའི་ནང་ཕན་ཚུན་མཛའ་བརྩེ་མེད་པའི་སྐྱོན་ཆེན་པོ་ཡོད་ཚེ་ཁྱོད་ཀྱིས་ཅི་ནས་ཀྱང་མི་བཅུའི་ཆེད་དུ་ཁྱོད་དང་འཆམ་ཤོས་ཀྱི་མི་གཉིས་དབར་གྱི་མཛའ་ཤེས་བརྩིགས་ཆེ་དེརཕྱིའི་བྱ་སྤྱོད་ཙམ་ལའང་ཚོད་འཛིན་ཡང་དགོས་སྲིད་པ་རེད། མང་པོའི་དོན་དུའམ་གཞན་ཕན་གྱི་ཀུན་སློང་གིས་སྒེར་སེམས་སམ་བདག་འཛིན་ཞི་ཐབས་ཐོག་ནས་མང་པོའི་སེམས་པ་ལེགས་ཕྱོགས་སུ་བསྐུལ་ཐུབ་པ་ནི་བློ་གྲོས་ཅན་གྱི་སྤྱོད་པ་ཡིན་ངེས་སྙམ། འོན་ཀྱང་སྤྱི་ཚོགས་སུ་དོན་དངོས་ཐོག་མང་པོས་སྒེར་གྱི་ཁེ་ཕན་གྱི་མིང་གྲགས་ཙམ་གྱི་ཆེད་དུ་ཕྱི་ནང་གསང་གསུམ་གྱིས་དོན་དམ་པར་རང་གཞན་མང་པོའི་ཁེ་ཕན་བརླགས་ཀྱི་ཡོད། བློ་གྲོས་ཅན་གྱི་སྤྱོད་པ་ནི་རང་གཞན་སུ་ཡིན་ཡང་གང་ཐུབ་ཀྱིས་བཟང་ཕྱོགས་སུ་བསྐུལ་འདེད་ཡོང་ཐབས་སྣ་ཚོགས་སྤེལ་རྒྱུ་དེ་ཡིན།

 

 

ཡང་དཔེ་གཞན་ཞིག་བཤད་ན། བུད་མེད་ཅིག་གིས་སོ་སོའི་ནོར་འཁྲུལ་བྱས་རྐྱེན་མང་པོས་སྡང་གཟུགས་ཉོས་པ་རེད། འོན་ཀྱང་གལ་ཏེ་ནོར་འཁྲུལ་ཤོར་ཟིན་པའི་བུད་མེད་དེས་སོ་སོའི་ངོས་ནས་ཀྱང་སྔ་འགྱོད་ཕྱི་སྡོམ་མེད་པར་མུ་མཐུད་ངན་པ་ལང་ཤོར་གཏོང་བ་དང་། ཡང་གཞན་ངོས་ནས་ཀྱང་མང་པོས་མོ་རང་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དེས་སྤྱི་ཚོགས་སུ་ལེགས་ཉེས་ཀྱི་ཤུགས་རྐྱེན་ཅི་འདྲ་ཞིག་ཡོང་མིན་ལའང་ཚང་མས་བསམ་བློ་གཏོང་དགོས་པ་ཡིན། སྤྱིར་ན་ནོར་འཛོལ་རིགས་སུ་གྱུར་བ་དག་ལ་མེ་ཆུང་དུས་ནས་གསོད་ཅེས་པ་ལྟར་ཡིན་རུང་ལ་ལས་གང་ཟག་ཅིག་གི་ནོར་འཁྲུལ་ཆུང་ངུ་ཤོར་བའམ་དེ་དོན་ཆུང་ཞིག་ཡིན་ནའང་ས་འཕྱར་གནམ་འཕྱར་གྱིས་དོན་དག་ཆེན་པོར་བསྒྱུར་གང་ཐུབ་དང་ནོར་འཁྲུལ་ཤོར་བའི་གང་ཟག་དེ་མཐའ་གཅིག་ཏུ་ནག་པོ་ནག་རྐྱང་བཟོ་ཐབས་ལ་བརྩོན་ཞིང་དེར་ཡ་ང་སྙིང་རྗེ་ཙམ་ཡང་མི་བྱེད་པ་དེ་ནི་སྤྱོད་པའི་ལེགས་ཆ་ཡིན་རྒྱུ་བཞག་སྟེ་དེ་སྔོན་གྱི་གནས་སྟངས་ངན་པ་དེ་སྡུག་ཏུ་གཏོང་གི་ཡོད།

ཞིབ་ཏུ་བསམ་བློ་གཏོང་ན་འགྲོ་བ་མི་ཞིག་ཡིན་ཕྱིན་སྐྱེས་ནས་མ་མཆིའི་བར་གྱི་གོ་རིམ་གཏིང་ཟབ་སར་བསམ་བློ་གཏོང་ན་ནོར་འཁྲུལ་ལ་འགལ་འཛོལ་དང་གནོད་སྐྱོན་ཆེ་ཆུང་འབྱུང་མིན་གྱི་དབྱེ་བ་ཙམ་ལས་ནོར་འཁྲུལ་ནི་སུ་ལའང་ཡོང་སྲིད་པས་དེའི་ཚེ་དེའི་དུས་སུ་ཁྱོད་ཀྱིས་ནོར་འཛོལ་འབྱུང་མཁན་ལ་ཡོ་བསྲང་གི་གོ་སྐབས་སྤྲོད་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན་པ་ལས་དེ་འབུར་འཇོམས་དང་རྩ་མེད་བཟོ་ཐབས་བྱེད་པ་དེ་བློ་གྲོས་དང་གཟུར་བོའི་བྱ་སྤྱོད་ཅིག་མིན།

 

 

དེ་མིན་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཞིག་བཤད་ན། བུ་མེད་བཟང་མོ་ཞིག་ལ་རྒྱུན་དུ་ཕོ་མོ་སུ་རུང་ངམ་གཞན་གྱི་སྡང་གཟུགས་དང་དམའ་འབེབས་མྱོང་ཞིང་། དེ་བས་ཉམས་ཆུང་བའི་བུད་མེད་མང་པོས་གཞན་གྱི་མཐོང་ཆུང་དང་དམའ་འབེབས། ཁྱད་བསད་དང་རྡུང་རྡེད་གཟད་ནས་སྡོད་ཡོད་སྐབས་ང་ཚོ་མང་པོའི་ཁ་ནས་བུད་མེད་དེ་ངོ་མ་ཡ་རབས་ཉམས་ཆུང་ཞིག་རེད་ཟེར་བ་དེ་ཡག་རྟགས་ཤིག་མིན་པ་ཤེས་དགོས།  དེའི་ཚེ་དེའི་དུས་སུ་བཟང་པོ་བརྒྱུན་མཐུད་དགོས་ན་བུད་མེད་དེས་ཅི་ནས་ཀྱང་ངན་པ་ལ་ཁ་གཏད་གཅོག་རྒྱུ་དང་། གཞན་དག་གི་སྤྱོད་ངན་གྱིས་སོ་སོའི་སེམས་བཟང་ལ་དམའ་འབེམས་མི་ཐེབས་པ་བྱེད་རྒྱུ་དེ་བུད་མེད་དེའི་བློ་གྲོས་ཀྱི་གདམ་ཁ་དང་འོས་འགན་ཉག་ཅིག་ཡིན་དགོས་པ་རེད་བསམ་གྱི་འདུག དེའང་བཟང་པོར་སྲུང་སྐྱོར་བྱས་པའམ་བཟང་པོར་ཡིད་རང་བ། བཟང་པོ་བྱེད་འདོད་པ། གཞན་ལའང་བཟང་པོ་བྱེད་པར་བསྐུལ་བ་བཅས་ལ་ཕན་ངེས་རེད།

 

དེ་ལས་ལྡོག་ཏེ་ཁྱོད་ཀྱིས་ཕ་རོལ་པོའི་ངན་སྤྱོད་ལ་ཅི་ཙམ་བཟོད་སྒོམ་བྱས་པའམ་མགོ་ལ་ཆབ་ཆེན་གཏོང་ནའང་སྡུག་སྒོམ་རྒྱག་ནས་བསྡད་ན་དེ་ནི་མང་པོས་བཤད་སྲོལ་དང་ཉམས་ཆུང་ཡ་རབས་ཟེར་བ་དེ་ཡིན་མི་འོས། ཡ་རབས་དང་ཉམས་ཆུང་ཞེས་པའི་ཚིག་གཉིས་ལའང་ནང་དོན་གྱི་ཆ་ནས་ལོགས་སུ་བསྐལ་དགོས། ཡ་རབས་ཡིན་ལ་ཉམས་ཆུང་མིནམཁན་ཡོད་ལ། ངན་པ་ཞིག་ཉམས་ཆུང་ཡིན་པའང་སྲིད་པ་དེར་མུ་བཞིས་འགྲེལ་ཡང་ལོས་ཆོག བདེན་པ་མིན་པའི་ངན་སྤྱོད་ལ་བཟོད་སྒོམ་དང་ལྟ་ཤེས་བསྟུན་མཁས། ངན་སྤྱོད་ལ་འཁོན་ལེན་མེད་པ། ངན་སྤྱོད་ལ་འཁང་ར་ཙམ་ཡང་མེད་པར་གོ་མེད་ཚོར་མེད་དེས་ངན་སྤྱོད་ལ་རྒྱལ་ཁ་སྟེར་ཞིང་བདེན་པ་ནག་ནོག་ཏུ་བསྒྱུར་རྗེས་ཁྱོད་རང་ཉེན་ཁ་གང་ཡང་མེད་པའི་བརྒྱ་སྡེའི་ཁ་ནས་ཉམས་ཆུང་ཡ་རབས་ཟོལ་གྱི་བཟང་མོ་ཞིག་ལ་བརྩི་སྲིད་ཀྱང་ཁྱོད་ཀྱིས་སྒེར་ཚུད་མང་པོས་བཟང་པོར་རྒོལ་ཞིང་རང་རྒྱལ་གཞན་ཕམ་གཙོས་པའི་སྤྱོད་ངན་དེ་བཞིན་དར་སྤེལ་གཏོང་མཁན་ཉེན་ཅན་ལ་རོགས་འདེད་བྱེད་མཁན་གཅིག་མཚུངས་སུ་ཆག་ཡོད།

 

དེ་མིན་བུད་མེད་བདག་འཛིན་ཆེ་ཞིང་ཕྱིའི་མཛེས་ཆོས་དང་ལོངས་སྤྱོད་ཁོ་ནར་གཡེང་བ། སོ་སོའི་ངོས་ནས་སྡུག་དཀའ་ལས་རྒྱག་ནས་ལོངས་སྤྱོད་བྱེད་མིན་ཕ་རོལ་པོའི་རྒྱུ་ནོར་སོགས་བསླུ་བྲིད་བྱེད་ཐབས་ལ་བྱང་བ། ཁེངས་དྲེགས་ཆེ་ཞིང་ང་རྒྱལ་ཆེ་བ། གཡོ་སྒྱུ་དང་གཞན་མགོ་བསྐོར་བར་ངོ་ཚ་ཙམ་ཡང་མེད་མཁན། སོ་སོར་སེམས་བསམ་པའི་གཏིང་ནས་ཕན་རོགས་བྱེད་མཁན་ལ་སྡང་གཟུགས་ཆེ་བ། གཞན་ཟེར་གཡམ་རྒྱུགས། ལས་རྒྱུ་འབྲས་ལ་བརྩི་སྲུང་མེད་པར་སོ་སོའི་འདོད་ཕྱོགས་ཁོ་ནར་བརྩེགས་ཆེན་འཛིན་མཁན་སོགས་བུད་མེད་ལའང་ཕོ་དང་གཅིག་མཚུངས་ཀྱི་སྐྱོན་ཆ་སྣ་ཚོགས་ལོས་ཡོད་པ་དེ་དག་འདི་ལ་གླེང་གཞི་གཙོ་བོ་མིན་པས་དེ་ཙམ་གྱིས་འཐུས་པ་བྱས་ཏེ་བཞག་ཡོད།

 

 

མདོར་ན། ཡ་རབས་བཟང་སྤྱོད་ཅེས་པ་འདི་ལུས་ངག་ཡིད་གསུམ་ནས་འབྱུང་བ་སྨྲོས་མེད་ཐོག བསམ་པའི་སྐུལ་སློང་གལ་ཆེན་དེ་བཟང་པོར་ཁ་ཕྱོགས་ནས་དེ་དག་སྤྱོད་ཡུལ་ལ་རྒྱ་ཆེ་ཆུང་། སྤྱི་ལ་ཁེ་ཕན་ཆེ་ཆུང་། ཁྱབ་རྒྱ་ཆེ་ཆུང་བཅས་ལ་ངེས་པར་དུ་དབྱེ་འབྱེད་ཤེས་པ་དགོས་པ་ལས། མིག་སྔར་ཁོ་ནའི་ཁེ་ཕན་ཆེད་དུ་སྡིག་པ་མིག་བཙུམས་བྱས་ན་ག་ལ་འགྲིག

 

 

༢། མཛེས་སྡུག་ལ་ངོས་བཟུང་སྟངས།

 

ཕྱིའི་མཛེས་ཆོས་ནི་མང་པོས་དོར་ཐབས་མེད་ཅིང་དགའ་ཞེན་ཆེ་བའི་ཡིད་འོང་གི་རྣམ་པ་ཞིག་རེད། དེ་བཞིན་བཟང་པོའི་སྤྱོད་པ་ནི་འཇིག་རྟེན་འདི་མཛེས་པ་བྱེད་པའི་རྒྱུ་ཁོ་ན་དེའོ། བུད་མེད་ཀྱི་ཕྱིའི་མཛེས་ཆོས་ལ་ཤར་ནུབ་སོགས་ཡུལ་ལུང་གི་མཛེས་ཆོས་བཞག་སྟངས་མི་འདྲ་བ་ཡོད་ཀྱང་། སྤྱིའི་ཆ་ནས་བཤད་ན་མང་པོས་མཛེས་མ་ཡོད་ཚད་མཛེས་མ་མིན། རང་སེམས་ཤོར་ས་མཛེས་མ་ཡིན་པའི་ལུགས་ཤིག་ཡོད། འགྲོ་བ་མིའི་དགོས་མཁོ་མི་འདྲ་བར་བརྟེན་ནས་གང་ཟག་སུ་འདྲ་ཡིན་ཡང་གཞན་གྱི་མཛེས་ཆོས་ལ་མཐོང་སྣང་སྣ་ཚོགས་རེད། འོན་ཀྱང་རང་མི་རིགས་ཀྱི་སྲོལ་རྒྱུན་དུ་སྐུ་གཟུགས་རྩ་རིས་སྨྱུག་མ་དང་ཞལ་རས་དཀར་གསལ་ཟླ་བ། དབུ་སྐྲ་སི་ལིང་ལྕང་མ་ཙམ་གྱི་བསམ་པའི་ཤེས་རྒྱ་དབེན་པའི་གླན་མ་ཞིག་ལ་མཛེས་མིན་མཛངས་མིན་གྱི་ཆ་རྐྱེན་དུ་བཟུང་བ་ནི་ཧ་ཅང་ནོར་འཛོལ་ཞིག་ཏུ་ཆག་ཡོད།

 

མིའི་རིགས་ཀྱི་ངོ་གདོང་གི་མཚོན་མདོག་ལའང་དབྱེ་བ་ཆེ་ཙམ་གསུམ་དུ་ཕྱེས་ན་དཀར་པོ་དང་སེར་པོ། ནག་པོ་གསུམ་ཡོད། ང་ཚོས་མཛེས་མའི་ངོ་གདོང་དཀར་གསལ་ཟླ་བ་མཛེས་ཆོས་སུ་བཟུང་བའི་རྐྱེན་གྱིས་མི་ནག་གི་ནག་རིལ་བུད་མེད་མཛེས་མ་དེ་དག་གདོག་ཉེས་མ་ཞིག་རེད་ཟེར་ན་ཨེ་འགྲིག་ན་ཧ་ཧ་ཧ་ཧ། དེར་བརྟེན་དེང་གི་དུས་སུ་བུད་མེད་ལའང་མཛེས་ཆོས་དང་མཛངས་ཆོས་ལྡན་མིན་ལ་ཆ་རྐྱེན་གྱིས་མཇལ་དགོས་པ་རེད། ཕྱིའི་དཔལ་ཡོན་དང་ནང་གི་ཤེས་རིག་དར་ཆེ་ས་ནུབ་ཕྱོགས་འཛམ་བུ་གླིང་དུ་ཕུལ་བྱུང་དང་བློ་གྲོས་ཅན་ཚོར་ང་ཚོས་ཅི་ཙམ་བསྐུལ་འོས་མིན་ཚད་ཀྱིས་གཞལ་ན་ད་ཚོད་གཞི་ནས་དེའི་རིན་ཐང་འཇལ་ཐུབ། སོ་སོའི་ཤེས་འཇོན་ལ་བརྟེན་ནས་རང་གཞན་གཉིས་ལ་ཕན་བདེའི་གྲུབ་འབྲས་ཅི་ཙམ་ཐོབ་མིན་གྱི་ཚད་གཞི་ནི་མཛེས་ཆོས་དང་མཛངས་ཆོས་སམ་ལེགས་ཆར་ངོས་འཛིན་གྱི་ཡོད་པ་འདི་ལ་ཕོ་མོའི་ཁྱད་པ་བརྩིས་མེད།

ཡུལ་ལུང་དུ་ཚང་མས་མཛེས་མར་ངོས་བཟུང་བའི་བུད་མེད་ཅིག་གིས་གཡོ་སྒྱུའི་ལས་ལ་བྱང་བས་འགྱོད་པ་སྐྱེ་འོས་པའི་ལས་ངན་མང་པོ་བསགས་པ་དང་། ཡང་ཚང་མས་རྒྱུན་དུ་མིག་ཞག་ཙམ་ཡང་གཡོ་མ་མྱོང་བའི་བུད་མེད་དཀྱུས་མ་ཞིག་གིས་མང་པོའི་ཁེ་ཕན་ཆེད་དུ་བདེ་དོན་སྒྲུབ་པ་ནི་ཚང་མའི་བསྟོད་འོས་ཀྱི་ཡུལ་དུའང་གྱུར་སྲིད་པ་རེད། དེང་དུས་བུད་མེད་ཚོར་མཛེས་ཆོས་བརྩི་སྲོལ་དེའང་ཕྱོགས་ཡོངས་ནས་བསྡོམས་ཚིག་རྒྱག་དགོས་པ་ལས། དཀར་གསལ་ཟླ་བ་ཙམ་གྱིས་མཛེས་ཆོས་འཛིན་པ་ནི་བུད་མེད་ཡོངས་ཀྱི་རང་ཆས་སུ་ཡོད་པའི་ཤེས་རབ་དང་བློ་གྲོས་ལ་དམའ་འབེབས་ཚབ་ཆེན་བྱས་པའི་ཧ་ཅང་རྗེས་ལུས་ཀྱི་བསམ་བློའི་ཀུན་སྤྱོད་ཅིག་ཡིན།

 

 

བུད་མེད་ཀྱི་མཛེས་ཆོས་དེའང་ཤེས་འཇོན་དང་བློ་གྲོས་གཉིས་དང་དམ་དུ་བསྒྲིལ་ནས་དཔྱོད་པ་ཡིན་ཚེ་མཇུག་འབྲས་དེའང་གང་མཚམས་ལེགས་ཉེས་ལ་ཉ་ག་འཇལ་ཐུབ་པ་ཡིན། ཕོ་མོ་སུ་རུང་ཡང་དེའི་དམིགས་ཡུལ་ཅི་ཞིག་བཟུང་ནས་སྐད་གྲགས་བྱུང་མིན་ལ་གཙོ་བོ་དཔྱོད་དགོས་པ་སྙམ། བཟང་པོ་ཚང་མ་གྲགས་ཅན་དུའང་ཡོང་ཐབས་མེད་པས་བུད་མེད་ཀྱི་མཛེས་ཆོས་རྟོག་དཔྱོད་སྐབས་ཁྱོད་ཀྱི་འཚོ་བའི་དངོས་ཀྱི་ཁོར་ཡུག་དང་རྒྱ་ཁྱོན་ཙམ་ཡིན་རུང་བཟང་མོའི་སྤྱོད་པ་དང་ཡ་རབས་ཀྱི་བུད་མེད་ཡོད་པ་དེ་ཚོར་ཁྱོན་ཡོངས་ནས་བསམ་བློ་གཏོང་ནས་ངོས་བཟུང་དགོས་པ་རེད། བུད་མེད་ཚོས་རང་ངོས་ནས་ཀྱང་འདི་ལྟ་བུའི་བསམ་བློའི་ཀུན་སྤྱོད་ཅིག་རྨང་གཞིའི་ཡིད་ལ་བཟུང་ནས་རང་གཞན་གྱི་བྱ་སྤྱོད་ལ་ལེགས་ཉེས་ཀྱི་དཔྱོད་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་པོར་ངས་མཐོང་སོང་།

 

 

༣། ཤེས་འཇོན་དགོས་ན་བརྩོན་འགྲུས་ལྷོད་མེད་དགོས།

 

བཟང་པོ་བྱེད་ན་་མང་པོས་བཤད་ཡམ་ལྟར་གྱི་ཉམས་ཆུང་ཙམ་གྱིས་ཕན་པ་མེད་ལ་གློ་བུར་བའི་འུར་གྱིས་གནམ་ལ་འཕུར་འགྲོ་བའི་གནས་སྟངས་དེ་ཚང་མར་ཡོང་མི་ཐུབ་པ་རེད། དེ་བས་རང་མི་རིགས་ཀྱི་ཡ་རབས་དང་བཟང་སྤྱོད་རྒྱུན་མཐུད་དགོས་ན་བུད་མེད་ཚོས་ངེས་པར་དུ་ནང་གི་བསམ་པའི་དཔལ་ཡོན་དང་ཕྱིའི་ཤེས་ཡོན་སྣ་ཚོགས་ལ་ལྷོད་གཡེང་མེད་པར་སྦྱོང་བརྩོན་དགོས། གང་ཡིན་ཟེར་ན། ཁྱབ་རྒྱ་ཆེ་བའི་བཟང་པོར་གཞོལ་དགོས་ན་ཐབས་ལམ་དང་ཤེས་འཇོན་ལ་ཧ་ཅང་རག་ལོས་ཀྱི་ཡོད། དེ་བས་ན་བཟང་པོར་བསྐུལ་འདེད་དང་རང་གཞན་སུ་ལའང་ཕན་ཐོག་པ་རེ་སྒྲུབ་དགོས་ན་ངེས་པར་དུ་ཤེས་ཡོན་དང་འཇོན་ཐང་ལ་བརྩོན་འགྲུས་བྱེད་དགོས།

 

ཤེས་ཡོན་ནི་བཟང་པོ་ལེགས་པར་སྒྲུབ་པར་ཐབས་དང་བློ་གྲོས་དེ་ཡིན་ལ། བཟང་པོ་དར་ཁྱབ་གཏོང་བའི་འཇོན་ཐང་དེའང་ཤེས་ཡོན་ནས་ཡོང་དགོས། སྤྱིར་ན་མིའི་གཤིས་སྤྱོད་དུ་རང་བཞིན་བཟང་པོ་ནི་ཡོངས་རྫོགས་ཀྱི་རྨང་གཞི་ལྟ་བུ་ཡིན་དུས་དེ་ཉམས་ཆགས་སོང་བའམ་བཟང་པོའི་བསམ་སྤྱོད་ཀྱི་སྤུས་ཚད་དེའི་མི་གཤིས་ཀྱི་སྤུས་ཚད་ལ་གཞོལ་ཆོག་སྙམ། དེ་ནས་བཟང་པོ་མཐོར་འདེགས་དགོས་ན་ཐབས་དང་ཤེས་རབ་ལ་རག་ལོས་ཡོད། ངས་ད་ལྟའི་དུས་སུ་ཡིན་ཡང་གློག་བརྙན་ཞིག་གི་ལེའུ་དུམ་མཚམས་ཤིག་ཡིད་ལ་འཆར་གྱིན་འདུག དེ་ནི་འཛམ་གླིང་ཐོག་གི་སྙན་གྲགས་ཅན་གྱི་མི་སྣ་ཞིག་གི་རྒྱབ་ཕྱོགས་སུ་ཁོའམ་མོ་ལ་ཁུ་སིམ་མེར་རོགས་ཕན་བརྒྱུད་མཐུད་བྱས་ཤིང་། མཇུག་འབྲས་སུ་སྙན་གྲགས་ཅན་གྱི་མི་སྣ་དེ་མང་པོས་གོང་བསྐུལ་འོས་པའི་དམིགས་དཔེ་ཞིག་ལ་ཆག་པ་དེ་རེད།

འོན་ཀྱང་མི་དམངས་ཡོངས་ཀྱིས་སྙན་གྲགས་ཅན་གྱི་མི་སྣའི་འོད་མདང་འཚེར་བའི་གཟི་བརྗིད་དེར་མགོ་འཐོམ་ནས་ཁོའམ་མོ་རྒྱལ་ཁ་དང་གཟི་བརྗིད་ལ་ཕྱོགས་ཐུབ་པར་བཟོ་མཁན་གཙོ་བོའམ་གཞོགས་འདེད་མཁན་དེའི་མིང་གི་ཟུར་སྣེ་ཙམ་ཡང་ཤེས་ཀྱི་མེད་པ་དེ་ནི་ངོ་མ་ཡ་ང་བའི་གནས་སྟངས་ཤིག་ངས་མཐོང་གི་ཡོད། མཇུག་ཏུ་ང་ཚོས་འོད་དུ་འཚེར་བའི་གྲགས་ཅན་དེའི་དོན་དངོས་གནས་སྟངས་ཡོངས་དངོས་ར་འཕྲོད་རྗེས་སེམས་བསམ་པའི་གཏིང་ནས་སྙན་གྲགས་ཅན་གྱི་གང་ཟག་དེར་རྒྱབ་སྐྱོར་དང་རོགས་འདེགས་གཡོ་བ་མེད་པར་གནང་མཁན་དེ་ལ་ཅི་ནས་ཀྱང་སེམས་ཐག་ཉེ་པོ་དང་གོང་བསྐུལ་བླ་ན་མེད་པ་ཞིག་ཡོང་ངེས། གོང་གསལ་གྱི་གནས་སྟངས་འདིས་བཟང་པོར་བསྐུལ་འདེད་དང་མང་པོའི་བདེ་དོན་ཕྱིར་སའི་གོ་ལ་འདིར་བཟང་པོ་བརྒྱུད་འཁྱོང་དགོས་ན་བསམ་པའི་དཔལ་ཡོན་ལ་བརྩོན་ཞིང་། དེའང་ཐབས་དང་ཤེས་རབ་ཀྱིས་འཇིག་རྟེན་འདི་མཛེས་པ་བྱེད་རྒྱུ་དེ་རེད།

 

 

ང་ཚོས་ཤར་ནུབ་ཀྱི་མི་སྣ་གྲགས་ཅན་མང་པོའི་དངོས་བྱུང་ལོ་རྒྱུས་ཀྱི་ཐོག་ནས་ཁོ་ཚོའི་བྱས་རྗེས་དག་མཐོང་ཡོད་པ་དང་། གཅིག་མཚུངས་ཀྱི་འཇིག་རྟེན་འདིར་གྲགས་པ་འབར་བའི་ནང་དུ་ལེགས་ཉེས་ཀྱིས་གྲགས་ཅན་མི་སྣ་འགའ་རེར་ང་ཚོས་རྟག་ཏུ་མཆི་ཞག་འཕེན་ཞིང་སྡུག་དམེ་བྱེད་ཅིང་། བཟང་པོ་དང་འགྲོ་བ་མིའི་རིགས་གཙོས་སེམས་ཅན་ཡོངས་ལ་བདེ་བ་དང་ཕན་པ་ཡོང་ཕྱིར་སྒེར་གྱི་ཡོངས་རྫོགས་བློས་གཏོང་གནང་ཞིང་ཁོང་ཚོའི་སྒེར་གྱི་གནས་སྟངས་ནི་ཧ་ཅང་ཡ་ང་ཞིང་སྙིང་རྗེ་བའི་ཚོད་དུ་ལྷུང་ཡང་ང་ཚོས་འཇིག་རྟེན་འདི་དོན་དམ་གྱིས་མཛེས་པ་བྱེད་མཁན་སོ་སོའི་ཕ་མ་ལས་ཀྱང་སྙིང་ཉེ་བའི་སེམས་བཟང་དང་བློ་གྲོས་ཀྱི་མི་སྣ་སྙན་གྲགས་ཅན་དེ་དག་གི་བཟང་པོའི་དྲིན་དྲན་ཞིང་། དེ་དག་གི་རྗེས་འཇུག་ཏུ་འགྱུར་བ་མེད་མཁན་ཞིག་བྱ་བསམ་པའང་ཡོང་གི་ཡོད།

 

 

གྲུབ་འབྲས་ནི་བརྩོན་འགྲུས་ཀྱི་སྤུས་ཀ་ལ་རག་ལོས་ཡོད་པ་རེད། འཇིག་རྟེན་འདིར་གང་ཟག་ཁ་ཅིག་གཞན་གྱི་རོགས་ཕན་ཁོ་ནར་བརྟེན་ནས་སོ་སོའི་མིང་གྲགས་ཆེན་པོ་བྱུང་མཁན་ཡོད་ལ། ལ་ལས་སོ་སོའི་བརྩོན་འགྲུས་ལ་གཙོ་བོ་བརྟེན་ནས་གཞན་གྱི་བཟང་པོའི་རོགས་ཕན་འོག་རྒྱལ་ཁ་ཐོབ་མཁན་ཡོད་པ་རེད། ང་ཚོས་ག་དུས་ཡིན་ཡང་གང་ཟག་ཅིག་གི་གྲུབ་འབྲས་ཐོན་པར་དབྱེ་ཞིབ་བྱེད་དུས་གང་ཟག་དེའི་སྒེར་ངོས་ནས་བློ་གྲོས་ཅི་ཙམ་སྤྱོད་མིན་དང་། བརྩོན་འགྲུས་ཅི་ཙམ་བྱས་མིན། དཀའ་སྡུག་ཅི་ཙམ་མྱོངས་མིན་བཅས་ལ་ངེས་པར་དུ་གདིང་འཇོག་བཞག་དགོས་སྙམ། དེ་ལས་ལྡོག་ཏེ་གང་ཟག་ལ་ལས་སྒེར་ལ་རོགས་ཕན་གནང་མཁན་གྱིས་ཡོངས་རྫོགས་འགྲིག་ཆག་བཟོས་རྗེས་སོ་སོ་གྲུབ་འབྲས་ཐོན་ཟིན་པའི་ཁྲི་ཐོག་ཆེན་པོ་ཞིག་ལ་འཛེགས་ཅིང་། ད་དུང་ཁོའམ་མོ་ལ་རོགས་ཕན་བྱེད་མཁན་གྱི་ནུས་ཤུགས་ལ་གདིང་འཇོག་ཙམ་གྱི་སྐད་ཆ་མེད་པ་ཁེངས་དྲེགས་ཆེན་པོས་མི་ཚོགས་ཀྱི་དབུས་སུ་ང་མིན་ན་སུ་ཡིན་བསམ་པའི་རྣམ་པ་ཞིག་བསྐྲུན་གང་ཐུབ་བྱེད་ཀྱི་རེད། ཕལ་པས་ལྟ་ས་ལྟོས་འཇོག་ནི་མིག་སྔར་གྱི་མཐོང་ཆོས་དེ་དག་ཡིན་ནའང་། བློ་གྲོས་ཅན་དང་གཟུར་བོ་ཚོས་མིག་སྔར་མཐོང་ཆོས་ཀྱི་རྒྱབ་ལྗོངས་ཡོངས་ལ་དབྱེ་ཞིབ་བྱས་ནས་གདིང་འཇོག་བྱེད་སྟངས་མི་འདྲ་བ་རེད།

 

 

དོན་དག་ག་རེ་ཡིན་ཡང་བརྩོན་འགྲུས་ལྷོད་མེད་ཀྱིས་བྱུང་བ་ཞིག་དགོས་ལ། ག་དུས་ཡིན་ཡང་གནམ་ནས་ཤ་བག་ལེབ་ཅིག་ཟགས་འོང་བར་སྒུག་སྡོད་ན་འགྲིག་ཐབས་མེད། དམིགས་རྒྱང་གཏིང་ཟབ་ཙམ་ལ་ཕྱོགས་པ་ནི་ཧུར་བརྩོན་གྱི་སྤུས་ཚད་ལ་རོགས་ཕན་ཡོང་ཐུབ་པ་ཞིག་རེད།

རང་རིགས་ཁ་བ་གངས་ཅན་གྱི་སྐྱེད་མ་རྣམས་ལ་དམིགས་དཔེ་འོས་ཤིང་འདི་མིན་སུ་བསམ་པའི་བུད་མེད་ཧ་ཅང་ཉུང་། དེའི་རྐྱེན་གྱིས་མིག་སྔར་འཛམ་གླིང་ཡུལ་གྲུ་གཞན་གྱི་འཇོན་ཐང་ཅན་གྱི་བུད་མེད་ཚོ་དང་བསྡུར་ན་དེང་རབས་ཀྱི་ལོ་རྒྱུས་ནང་ང་ཚོར་སྤོབས་པ་ཆེན་པོ་འོས་པ་ཞིག་ངོམས་ས་མི་འདུག ཡིན་ཡང་རང་རིགས་ཀྱི་ལམ་དང་ལུགས་སྲོལ་ལྟར་ལོ་རྒྱུས་ཐོག་བརྩོན་འགྲུས་ཅན་གྱི་ཕུལ་བྱུང་གི་སྐྱེད་མ་སྙན་གྲགས་ཅན་དཔེར་ན་ཤེས་ཡོན་གྱི་རྩལ་ཕུལ་དུ་བྱུང་བའི་མ་ཅིག་ལབ་སྒྲོན་དང་། ཆབ་སྲིད་དང་ཐབས་ཤེས་ལ་མཁས་པའི་འབྲོག་བཟའ་ཕྲི་མ་ལོད། ཤེས་འཇོན་དང་ལྷག་བསམ་གྱིས་ཕྱུག་པའི་བོད་ལུགས་གསོ་རིགས་མཁན་མོ་ལྟ་བུའི་སྨན་པ་གཡང་དགའ་ལྟ་བུ་ཡོད་པ་རེད།

 

 

རང་རིགས་ཀྱི་བུད་མེད་ལ་ལས་གྲུབ་འབྲས་མ་ཐོན་པ་དེ་ཁྱིམ་ཚང་གཡོག་བྱར་དུས་ཚོད་མང་པོ་གཏོང་དགོས་སྐོར་འཁང་ར་བྱེད་སྲིད་མོད། འདི་ནི་ཕྱོགས་གཅིག་ནས་དོན་དངོས་རེད། འོན་ཀྱང་གྲུབ་འབྲས་ཅི་འདྲ་ཡོང་མིན་ནི་གང་ཟག་སྒེར་གྱི་བརྩོན་འགྲུས་ཀྱི་སྤུས་ཚད་ལ་རག་ལུས་པ་ལས་ཁོར་ཡུག་ལ་ཁ་གཡར་ནས་བསྡད་ན་མི་འོས། གང་ཡིན་ཟེར་ན། འཛམ་གླིང་ཐོག་གི་བུད་མེད་སྙན་གྲགས་ཅན་མང་པོ་ཁྱིམ་གཞིིའི་རྨང་ཐབ་སྐྱོ་ཞིང་། ཁོར་ཡུག་ངན་ངོན་ཙམ་དང་། བུ་རྒྱུད་མང་བའི་ཨ་མ། དེ་བས་ཡ་མཚན་དགོས་པ་ནི་བུད་མེད་སྙན་གྲགས་ཅན་ལ་ལ་དབང་པོ་སྐྱོན་ཅན་ཡང་རེད། འོན་ཀྱང་ཁོང་མོ་ཚོས་ཁོར་ཡུག་གི་གནས་སྟངས་སྐྱ་མོ་དང་མཐུན་རྐྱེན་ཧ་ཅང་སྐྱོ་བའི་འོག་ནས་བརྩོན་འགྲུས་ཀྱི་རྟ་ཕོའི་དར་ཁ་མ་གློད་པས་མཐའ་མའི་མཐའ་མཇུག་ཏུ་གྲུབ་འབྲས་ཐོན་ཡོད་པ་རེད། ཁོང་མོ་ཚོས་འཛམ་གླིང་འདིའི་བུད་མེད་གཞན་མང་པོ་ལའང་དམིགས་དཔེ་བཟང་པོ་བཞག་ནས་འདུག

 

 

དེར་བརྟེན། གང་ཟག་སོ་སོའི་ཁྱད་ཆོས་དང་ནུས་པ་མི་འདྲ་བ་བདེན་ཡང་གཙོ་ཆེ་ཤོས་ནི་བརྩོན་འགྲུས་ཀྱི་ཁ་ཕོ་དེ་དུས་ནམ་ཡང་གློད་མི་རུང་། དེ་འདྲ་བྱས་ན་ཁྱོད་ལ་སྔ་ཕྱི་མ་གཏོགས་གྲུབ་འབྲས་ཐོན་ངེས་པར་ཡིད་ཆེས་ཡོད།

ཨོ་གླིང་རང་ཤག་ཏུ་ ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༧ ཉིན། 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།