གསོན་པོར་འཚོ་དགོས་དོན་གང་ཡིན་ནམ།

images/stories/Love_Tsering.gif

གསོན་པོར་འཚོ་དགོས་དོན་གང་ཡིན་ནམ།

སྔོན་གླེང་།

མཚན་ཉིད་རིག་པའི་གཏིང་ཟབ་ཀྱི་ཁྱབ་ཁོངས་སུ་མཁས་པ་ཚང་མས་ཚེ་སྲོག་གསོན་པོར་འཚོ་དགོས་དོན་གྱི་རྩ་བའི་གནད་དོན་སྐོར་ཞིབ་འཇུག་བྱ་སྲིད། དེའང་གསོན་པོར་གནས་མཁན་རེ་རེ་ཡིས་ངེས་པར་དུ་སོ་སོའི་ཚེ་སྲོག་འདི་ཐོག་མར་གང་ནང་བྱུང་། མ་འོངས་པར་ག་བར་འགྲོ གསོན་པོར་འཚོ་དགོས་དོན་ཅི་ཡིན་ཞེས་པའི་དྲི་བ་དག་ལ་ཁ་ཕྱོགས་དགོས་པའི་གནས་ཚུལ་ཞིག་རེད།



འོན་ཀྱང་དེང་རབས་ཅན་གྱི་མི་ཚོས་ཕྱིའི་དངོས་པོའི་ལོངས་སྤྱོད་ལ་འབད་འབུངས་དང་སྒྱིད་ལུག་གི་བསམ་བློ་དེའི་རྐྱེན་གྱིས་དྲི་བ་འདིར་བསམ་བློ་གཏོང་མཁན་ཉུང་བར་བརྟེན། དེ་ནས་བྱུང་བའི་མཇུག་འབྲས་ནི་མི་མང་པོས་ཚེ་སྲོག་གི་དོན་སྙིང་ལ་རྨོངས་པའི་རྐྱེན་གྱིས་བསམ་བློ་གུ་དོགས་ཅིང་སེམས་ཁམས་ལ་སུན་སྣང་སྐྱེ་བ། ལ་ལར་རྒྱུ་ནོར་ལོངས་སྤྱོད་ཧ་ཅང་ཕྱུག་པོ་ཡིན་ཡང་དེ་དག་ནི་དོན་མེད་རྣམ་གཡེང་ཚུལ་དུ་མངོན་པ་ལས་དེ་དག་གིས་སོ་སོའི་ཚེ་སྲོག་ལ་རྟོག་དཔྱོད་དང་འཚོ་བའི་དགའ་སྣང་དེ་རྩ་བ་ནས་ཚོར་ཐབས་བྲལ་ཡོད་པ་རེད།

 

ངའི་ཉེ་འཁོར་གྱི་དཔེ་མཚོན་གཉིས་ཀྱིས་གནས་ཚུལ་འདིར་འགྲེལ་བརྗོད་གསལ་པོ་བྱེད་ཐུབ།

དཔེ་མཚོན་དང་པོ་ནི་བུད་མེད་གཅིག་གི་སྐོར་ཡིན། མིག་སྔར་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་ཀུན་སྤྱོད་སྡུག་ཏུ་འགྲོ་བཞིན་པའི་རྐྱེན་གྱིས་མི་རྣམས་ལ་སྒེར་གྱིས་འཁྱེར་དགོས་པའི་རྨང་གཞིའི་འོས་འགན་གྱི་སེམས་ཁམས་ཧ་ཅང་ཉམས་དྲག་པའི་སྐྱོན་གྱིས་བཟའ་ཚང་དབར་རྟེན་ལྷིང་མེད་པ། བཟའ་ཚོ་ཁ་ཐོར་འགྲོ་བའི་གྲངས་ཀ་དེ་སྔོན་དང་བསྡུར་ཚད་མཐོ་རུ་སོང་བའི་གནས་སྟངས་འདི་བྱུང་བ་ཡིན།

 

ངས་ངོ་ཤེས་པའི་ནང་ཆང་ས་རྒྱག་མ་ཐག་པའི་ལོ་གཞོན་དེ་ཚོ་དུས་ཡུན་ནང་བཟའ་ཐོར་འགྲོ་མཁན་ཡོད། བུ་མོ་དེ་དག་མང་ཆེར་ནི་མཛེས་སྡུག་ལྡན་ཞིང་འཇོན་ཐང་དང་ལྡན་པ། ལང་ཚོ་དར་བའི་སྒང་ཡིན། འོན་ཀྱང་དེ་ཚོ་བཟའ་ཚང་གི་ཁོར་ཡུག་དེ་ནས་ཁ་བྲལ་རྗེས་ངོ་ཡི་མདངས་བརླགས་སོང་བ་ལྟར་རེད། དེ་བས་ཡིད་སྐྱོ་དགོས་པ་ནི་རྩ་བའི་ཆ་ནས་ལོ་ཚད་འདིའི་རིགས་ཀྱི་བུ་མོ་ཚོ་ནི་ནུས་ཤུགས་དང་ལྡན་པའི་སྒོ་ནས་སོ་སོའི་མི་ཚེའི་རྨི་ལམ་མངོན་འགྱུར་ཡོང་ཐབས་དགོས་པའི་དུས་སྐབས་ཀྱང་རེད། འོན་ཀྱང་བུ་མོ་འདི་དག་ནི་བཟའ་ཐོར་སོང་བའི་རྐྱེན་གྱིས་མི་ཚེ་དོན་མེད་ལ་ཁ་ཕྱོགས་པ་རེད།

 

དེའི་ཐད་མངོན་མཚན་ཆེ་སྟངས་ནི་དེ་དག་ཉོབས་སྣང་དང་སུན་སྣང་ལ་ཞེད་སྣང་སྐྱེ་བཞིན་པ་དེ་རེད། འདི་དག་ལ་རྟག་ཏུ་ཐ་མག་དང་ཆང་རག འདུ་འཛོམས་བཅས་ཀྱིས་སོ་སོའི་དུས་ཚོད་ཆོད་ཐབས་དགོས་པ་ཡིན། དེའང་གལ་ཏེ་འདི་དག་སྐྱེས་པ་དང་བརྩེ་དུང་། བཟའ་ཚང་དང་ཁ་བྲལ་ན་དོན་སྙིང་དང་བྲལ་ཞིང་འཚོ་ཐབས་མེད་པ་ལྟ་བུར་ཆག་གི་ཡོད་པ་དེ་རེད། མི་ཚང་མ་རང་དབང་དང་ཁེར་རྐྱང་གི་ངོ་བོའི་ཐོག་ནས་གནས་ཡོད། གལ་ཏེ་བུད་མེད་ཀྱིས་རྩ་བའི་ཆ་ནས་སོ་སོའི་མི་ཚེའི་དོན་སྙིང་དེ་སྐྱེས་པ་དང་བཟའ་ཚང་ནས་ཡོང་དགོས་པར་ངོས་འཛིན་བྱེད་ན་བུད་མེད་དེ་བློ་ཕམ་དགོས་པའི་ཡུལ་ཞིག་རེད།

 

དཔེ་མཚོན་གཞན་ནི་སྐྱེས་པའི་ཕྱོགས་ནས་རེད། ངའི་ཉེ་འཁོར་དུ་གྲོགས་པོ་ཞིག་ཡོད། ཁོ་ནི་ལྟོ་གོས་མདང་ངེས་ཡོད་ཅིང་སྤྱི་བཏང་བའི་ལས་གནས་ཤིག་ཀྱང་ཡོད་མཁན་ཞིག་རེད། གཞན་མང་ཆེར་དང་འདྲ་བ་ཁོ་ནི་སྤྱི་བཏང་དང་ཕལ་པའི་འཚོ་བ་བསྐྱེལ་ནས་སྡོད་མཁན་ཡང་རེད། འོན་ཀྱང་ཁོ་དང་འགྲོག་འབྲེལ་བརྒྱུད་ཁོ་ནི་རྒྱུ་ནོར་ལོངས་སྤྱོད་ཀྱི་འཚོ་བར་འགན་སྲུང་ཡོད་ཀྱང་ངས་ཁོའི་བསམ་བློའི་འཚོ་བ་ནི་དབུལ་ཕོངས་ཡིན་པ་ཚོར་བྱུང་། གང་ཡིན་ཟེར་ན། ངས་ཁོའི་ཁ་ནས་རྒྱུན་དུ་ཆོ་མི་འདུག་དང་ཡིད་སུན་གྱི་འདུག་་་་་་ཅེས་པའི་འཁང་ར་ཡིས་ཁེངས་པའི་ཚིག་བརྗོད་དེ་ཚོ་གོ་བཞིན་ཡོད།

 

གལ་ཏེ་ལས་བྲེལ་དང་འཚབ་འཚུབ་ཧ་ཅང་ཆེན་པོ་འབྱུང་ན་ཁོ་རང་སུན་གྱི་ཡོད་ལ། ཁོ་པས་གནས་ཚུལ་ཆུང་ཚགས་སྣ་ཚོགས་ལ་སོ་སོའི་དུས་ཚོད་མང་པོ་བཏང་གི་ཡོད་པ་རེད། གལ་ཏེ་ཧ་ཅང་ལྷོད་དལ་ཆེ་དྲག་པའི་དུས་ཡིན་ཡང་ཁོ་རང་སུན་སྣང་སྐྱེ་བཞིན་ཡོད་ལ། ཅི་བྱ་གཏོལ་བྲལ་གྱིས་སོ་སོའི་དུས་ཚོད་ཇི་ལྟར་ཆོད་ཐབས་དགོས་མིན་ཤེས་ཀྱི་མེད་པ་རེད།

ཁོ་ནི་མང་པོ་དང་འདྲ་བ་ཆང་རག་འཐུང་ཞིང་མང་པོ་དང་མཉམ་དུ་འདུ་འཛོམས་བྱེད་པ། ཡུལ་སྐོར་ལ་འགྲོ་ཞིང་ལུས་སྦྱོང་བྱེད་པ། དྲ་རྒྱར་མྱུལ་ཞིང་གར་ཁང་དུ་གླུ་གཞས་ལེན་པ་བཅས་ཐབས་ལམ་སྣ་མང་བསྐྱེད་པའི་སྒོ་ནས་སོ་སོ་ཡག་པོ་ཟེར་བའི་གནས་སྟངས་ཤིག་ཡོང་ཐབས་བྱེད། མཐར་ཁོས་སོ་སོའི་ཟང་ཟིང་དང་འར་འུར་གྱི་གནས་སྟངས་དེ་དག་མཇུག་བསྒྲིལ་ཤུལ་དུ་ལྷག་ཡོད་པ་ནི་ད་དུང་ཡང་སུན་སྣང་དེ་ཡིན་པ་ཚོར་ཤེས་ཡོད།

 

སོ་སོས་དོན་སྙིང་ལྡན་ཡོད་པར་ངོས་འཛིན་བྱས་པའི་གནས་ཚུལ་མང་པོ་བྱས་རྗེས་ད་དུང་ཡང་སོ་སོའི་མི་ཚེ་ནི་དེ་ཙམ་གྱིས་དོན་སྙིང་ལྡན་པ་ཞིག་མིན་པ་དང་། སྔར་བཞིན་ཚེ་སྲོག་གི་རྩ་བའི་བདེན་པ་དེ་མཐོང་བའི་དགའ་སྣང་ཞིག་ཚོར་ཐུབ་ཀྱི་མེད་པ་རེད།

 

གོང་གི་དཔེ་མཚོན་གྱི་མི་སྣ་ཕོ་མོ་གཉིས་ལ་གནས་ཚུལ་འཕྲད་སྟངས་མི་འདྲ་བ་ཡིན་ཡང་ཁོ་གཉིས་ཀས་ཚེ་སྲོག་གི་དགའ་སྣང་གི་རྩ་བ་དེ་ཚོར་མི་ཐུབ་པའི་གནས་སྟངས་དེ་ནི་གཅིག་མཚུངས་རེད། ཁོ་ཚོས་སོ་སོ་གསོན་པོར་འཚོ་དགོས་དོན་གང་ཡིན་མིན་དེ་མི་ཤེས་ལ། སོ་སོ་གསོན་པོར་གནས་པའི་རྩ་བའི་རིན་ཐང་དེའང་ཤེས་ཀྱི་མེད་པ་རེད། རྨོངས་པ་འདི་ནི་ལ་ལ་བསམ་བློ་གཏོང་འདོད་མེད་པའི་རྐྱེན་གྱིས་བྱུང་བ་ཡིན་ཞིང་། འགའ་རེ་ནི་དེའི་སྐོར་བསམ་བློ་བཏང་ཡང་དེར་ལན་འདེབས་མ་བྱུང་བས་ཡིན། ཁེར་རྐྱང་གི་ཚེ་སྲོག་རེ་རེ་ལ་མཚོན་ན། སོ་སོ་གསོན་པོར་གནས་དགོས་པའི་དོན་སྙིང་ཤེས་རྟོགས་བྱུང་ན། ཚེ་སྲོག་གི་རྩ་བའི་འབྱུང་ཁུངས་ནས་བྱུང་བའི་སྤྲོ་སྣང་དེ་ནི་དོན་དག་གཞན་གང་གིས་ཀྱང་ཚབ་མཚོན་བྱེད་ཐབས་མེད་པ་ཞིག་རེད།

 

སྤྲོ་སྣང་དེ་ནུས་ཤུགས་ལ་སྤྲུལ་ཏེ་མི་རྣམས་གསོན་པོར་གནས་པའི་སྐབས་སུ་དམིགས་ཡུལ་དང་རེ་བ་ལྡན་པ། དཀའ་ཚེགས་ལ་འཇིགས་ཞུམ་བྲལ་བ། གསལ་གསལ་ཐིང་ཐིང་ངང་ནས་འཚོ་བར་བསྐུལ་ཞིང་། འདི་ནི་མ་ཤེས་པའི་རྨོངས་པ་སེལ་སྟངས་ཤིག་སྟེ། ང་ཚོ་ཅིའི་ཕྱིར་གསོན་དགོས་ཤིང་། ཇི་ལྟར་འཚོ་དགོས་པ་ཤེས་ཀྱི་ཡོད་པ་དེ་ཡིན། ཚེ་སྲོག་ཅིག་ལ་མཚོན་ན་སྤྲོ་སྣང་འདི་ལས་ཆེ་བ་ཞིག་གང་དུ་ཡོད་དམ།

 

དེའང་སྤྱི་ཚོགས་སུ་མི་ཚོགས་ཅིག་ཡོད། ཁོ་ཚོས་བདེན་པ་དང་བྱམས་བརྩེ། བཟོད་པ་བཅས་ཀྱིས་སོ་སོས་ཤེས་རྟོགས་ཐུབ་པའི་གནས་སྟངས་སམ་ཁོར་ཡུག་ཅིག་ཏུ་འབྱོར་ཡོད་པ་རེད། དེ་དག་གིས་རྒྱུན་དུ་གཞན་ཕན་ལ་བསམ་བློ་གཏོང་ཞིང་། བྱ་ངན་དོར་ཞིང་བྱ་བཟང་སྒྲུབ་ཀྱི་ཡོད།

ཁོ་ཚོ་གང་དུ་གནས་ཀྱང་མི་བཟང་པོ་ཞིག་ཡིན། ཁོ་ཚོས་དཀའ་ཚེགས་ཐུབ་ཅིང་གྱོང་རྒུད་འཁྱེར་ཐུབ་ལ། ཁོ་ཚོ་ཉིན་ལྟར་སྔ་ལང་དང་ཕྱི་ཉལ་གྱིས་འཚོ་ཞིང་ཉམས་སུ་ལེན་པ། ཁོ་ཚོ་ནི་མིའི་ཚེ་སྲོག་སྐྱོབས་ཐབས་ཕྱིར་བྲེལ་འཚུབ་ཆེན་པོ་རེད།

 

ཁོ་ཚོ་གཞན་གྱི་མཐོང་ཆུང་དང་ཁྱད་བསད་སོགས་འདྲ་མཉམ་མིན་པའི་ལོག་ལྟ་དང་གཉའ་གནོན་ཙམ་གྱིས་ཡིད་མུག་གི་མེད་ཅིང་། དེ་ལས་ལྡོག་སྟེ་ཁོ་ཚོ་དཀའ་ཚེགས་ཀྱི་ནང་ནས་སོ་སོའི་སྲ་བརྟན་དང་གུ་ཡངས་མཚོན་གྱི་ཡོད་པ་རེད། ཁོ་ཚོའི་མི་ཚེ་ནི་མཛེས་སྡུག་ལྡན་པ་ཞིག་རེད། ཁོ་ཚོའི་སེམས་ཁམས་ནི་སྤྲོ་སྣང་གིས་ཁེངས་ཡོད་པ་དེ་ཡིན།

 

གསོན་པོར་འཚོ་དགོས་དོན་གང་ཡིན་ནམ་ཞེས་པའི་དྲི་བ་འདི་ནི་ངས་ཀྱང་ལོ་མང་རིང་སོ་སོར་འདྲི་བཞིན་པའི་དོན་དག་ཅིག་ཡིན། གསོན་པོར་འཚོ་དགོས་པའི་རྩ་བའི་གནས་དོན་མི་ཤེས་པའི་སྐབས་སུ་ང་རང་གིས་སོ་སོ་འཇིག་རྟེན་འདིར་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་དུ་གསོན་ཡོད་པར་ངོས་འཛིན་བྱས་ཡོད། དེར་བརྟེན་ངས་གླན་རྟགས་དང་བཅས་མིང་དང་ཁེ་ཕན། བརྩེ་ཚོར་ལྡན་པའི་འཚོ་བ་ཞིག་ལྡན་པའི་ཆེད་དུ་ཕན་ཚུན་དབར་གཡོ་སྒྱུ་འཁྲབ་ཅིང་གསོན་ཡོད་པར་ངོས་འཛིན་བྱེད་པ་མ་ཟད། ད་དུང་དེ་ནི་དཀོན་མཆོག་གིས་འགྲོ་བ་མིའི་གསོན་ཐབས་ཀྱི་ཁྲིམས་ཀྱི་ལམ་སྲོལ་ཞིག་ལ་ངོས་འཛིན་ཡང་བྱས་མྱོང་།

 

འདི་ཡིན་བསམ་པ་ཞིག་ངོས་འཛིན་བྱས་པའི་འགྲིག་ཆག་གི་འཐབ་འཛིང་ནང་སོ་སོའི་ལུས་སེམས་གཉིས་ལ་ཧ་ཅང་དཀའ་ཚེགས་ཆེན་པོའང་བཟོས་མྱོང་། མཐར་མཇུག་འབྲས་སུ་མིང་དང་ཁེ་ཕན། བརྩེ་ཚོར་དང་བདེ་སྐྱིད་ཀྱི་འཚོ་བ་ཞེས་འབོད་པ་དེ་ནི་དུས་ཡུན་སྐར་ཆའི་ནང་དུ་མངོན་ཙམ་བྱས་པ་ལྟ་བུ་ཙམ་ལས་དེ་ནི་སྲ་བརྟན་འགྱུར་མེད་ཀྱིས་ཐོབ་ཐུབ་པ་ཞིག་མིན་པ་ཤེས་ཡོད།

དེ་ནས་གཞི་ནས་གལ་ཏེ་འགྲོ་བ་མིའི་མི་ཚེ་གཅིག་ནང་འདི་དག་གི་ཆེད་དུའམ་མཐོང་སྣང་ལ་དངོས་ཡོད་དང་འཚམ་ཞིང་དོན་དངོས་ཐོག་རབ་རུབ་ཏུ་གནས་པའམ་སྣང་བའི་འཇིག་རྟེན་པའི་གན་སྟངས་དེའི་ཆེད་དུ་འཚོ་དགོས་ན་དེ་ནི་དངོས་གནས་ཧ་ཅང་སྐྱོ་དགོས་པ་ཞིག་ཡིན།

 

ད་དུང་དེས་ག་ལ་ཚད། འབད་བརྩོན་བྱས་ན་ཐོབ་ཐུབ་ཅིང་སླར་ཡང་བོར་བརླགས་སོང་བའི་གོ་རིམ་དེའི་ནང་ང་རང་དངོས་གནས་བདེ་སྐྱིད་ལྡན་པ་ཞིག་ཡིན་བསམ་པ་མ་བྱུང་བ་དེ་རེད།

 

དེ་ནས་ངས་མི་རྣམས་གསོན་པོར་གནས་པ་དེ་དོན་དངོས་ཐོག་འཇིག་རྟེན་འདི་ནས་བདེ་སྐྱིད་ཅིག་ཡོང་བའི་ཆེད་དུ་མིན་པ་ཤེས་རྟོགས་བྱུང་བ་དང་། འགྲོ་བ་མིའི་རིགས་ཀྱི་དམིགས་ཡུལ་དེ་ནི་ཐོག་མའི་དུས་ཀྱི་བདེན་པ་དེར་ཕྱིར་ལོག་རྒྱུ་དེ་ཡིན་པ་ཤེས་རྗེས་དུས་དེ་ནས་བཟུང་ང་རང་གིས་གློ་བུར་དུ་གསོན་པོར་འཚོ་དགོས་པའི་དོན་སྙིང་དེ་རྟོགས་སོང་། དེ་ནས་བཟུང་ངས་གཞི་ནས་ཚེ་སྲོག་གི་སྤྲོ་སྣང་གནས་ཡུལ་དེའང་ཚོར་ཐུབ་པ་བྱུང་།

 

 

( འདི་བསྒྱུར་རྩོམ་ཡིན། རྒྱ་ཡིག་གི་མ་ཡིག་དེ་དྲ་ཐོག་ནས་མ་རྙེད་སྟབས་དྲ་འབྲེལ་བྱེད་ཐབས་མ་བྱུང་ལགས། )

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།