སེམས་གསོ།

images/stories/45/000/Resized/pink-heart-love-art.jpgསེམས་གསོ།
མདུན་ཅོག་ཐོག་འཕྲོས་འོང་པའི་འོད་ཐིག
སེར་ལམ་མེར་མངོན་ཡང༌།
འོད་དེའི་དྲོད་དབུགས་ཡལ་ཟིན།
འདི་ལ་ཁའི་ཉི་མ་རེད།

མིག་གི་རྒྱ་མོས་མཐོང་ཐུབ་པའི།
ལྷབ་ལྷུབ་ཏུ་གཡོ་བཞིན།
དར་ལྕེ་ཡོམ་ཡོམ་དུ་འདར་བའི་རླུང་རྟ།
སུ་ཞིག་གིས་བཙན་གྱིས།
ཡུལ་གྱར་གྱི་ཁང་ཐོག་འདིར་བཙུགས།
སྟོན་ཉིའི་དྲོད་འཇམ་བརླགས་ཤུལ་དུ།
ལྕང་ལོ་སེར་པོ།
གྲང་ངར་ཤུངས་ཀྱིས་ལྡང་བས།
གང་ས་གང་ལ་འཐོར་ནས་ཡོད།

 

མ་ཎིའི་ཕྲེང་བ་ལག་ནས་བྲལ་ཟིན་པའི།
ཁང་ཐོག་ཕར་གིའི་བགྲེས་པོ།
སྐབས་འདིར་དུས་ཡུན་ལྷིང་འཇགས་ཀྱིས་གནས་ཀྱང༌།
མཚམས་རེར།
བགྲས་པོས་ཁོ་པའི་ཚ་བོ་ཆུང་ཆུང་ལ།
འཇིགས་སུ་རུང་བའི་ཚོགས་གཏམ་གྱི་སྒྲ་དེ།
སུན་སྣང་ཆེན་པོས་བཙིར་འདུག

 

བཟོད་མ་ཐུབ་པའི་ལུས་སེམས་ཀྱི་ངལ་བས།
ལོ་ཟླ་རིང་མོའི་ཚེ་སྲོག་བཅོམ་འདོད་དང་མཚུངས།
བུ་ཆུང་གི་ལྕགས་རྟ་ཟད་པོ་དེའང༌།
ཉིན་གཅིག་ལ་ལྷོད་དུ་མ་འཇོག

 

ཉི་འོད་མེད་པའི་ཉི་རར།
བུ་ཆུང་གིས་ལྕགས་རྟ་བཞོན་བའི་སྒྲ་དང་བགྲེས་པོའི་སྐབས་འགར།
ཡ་མ་ཟུང་གི་སྐད་འབྱིན་སྟངས།
དེ་མིན་དར་གཞོན་མ་དེ།
ཕྱི་གླིང་བའི་བྲན་དུ་ཚུལ་གྱིས།
ལས་ཀ་གྲོལ་རྗེས་ཀྱང་ཕྱིར་བྲེལ་འཚུབ་ཀྱི་སོང་ཤུལ།
ཁོར་ཡུག་ཏུ་ཡོད་པའི་ཡོངས་རྫོགས།
སྐྱ་ཐིང་ངེར་ལས་མི་འདུག

 

གྲང་ངར་རིམ་གྱིས་ཆེ་རུ་འགྲོ་བའི་དུས།
སེམས་ངལ་ཡང་གཅིག་མཚུངས་ཀྱིས།
ལུས་སེམས་བཙིར་སར་འབྱོར་བྱུང༌།
ཁྲག་དང་མཆིས་མས་གྲུབ་པའི།
མི་རིགས་འདིའི་ལོ་རྒྱུས་རལ་པོ།
སེམས་དང་བསམ་པའི་བར་གྱི།
ཕ་མ་སྤུན་ཟླའི་བྲལ་གདུང༌།
རང་དབང་ལ་རེ་སྨོན་ཆེའང༌།
ང་ཚོ་ནི་གནམ་འཕངས་གཅོད་མ་མྱོང༌།
ང་ཚོ་ནི་འཛམ་གླིང་འདིའི་ཐོག་གི
སྤྲང་པོ་ཁྱུ་ཚོགས།
ང་ཚོ་ལ་རྟེན་གཞིའི་ཁྱིམ་ཞིག་མེད།

 

ང་ཚོ་ནི་བཙན་བྱོལ་ཡུལ་གྱི་ནང༌།
འཁྱམ་པོ་ཁྱུ་ཚོགས།
དུས་ནམ་ཞིག་ལ།
ཁྱིམ་དྲོད་མོ་ནས་བྲལ་ནས་བཟུང༌།
སེམས་གཏིང་དུ།
བདེ་བ་ངོ་མ་མྱོང་མ་མྱོང༌།
ཕ་ས་མ་གཞིས་བོར་ནས་བཟུང༌།
བླ་སྲོག་ལ།
ཁེར་རྐྱང་གི་སྡོམ་རྒྱ་བཏགས་ཡོད།
རིགས་མཐུན་མང་པོའི།
ལུས་སེམས་གཉིས་ཀ་དེ་སྔོན་ནས་སྨྱོ་ཟིན།
ཤུལ་ལུས་ཀྱི་མི་ཚོགས་ཀྱང༌།
ལ་ལ་བན་རོ་ལྟར་འཚོ་ཞིང༌།
ལ་ལ་ཕྱི་མི་ལ་འགྱུར་ཟིན།
བར་མཚམས་ཀྱི་རྐང་བགྲོད་པ་དེ་ཚོའང༌།
རྟ་བདུན་དབང་པོའི་དྲོད་ཐིག་ཁོ་ནར་བརྟེན་ནས།
མུ་མཐུད་གསོན་ནས་ཡོད།

 

གཞན་གྱི་མིག་བརྡ་རེ་དང༌།
བྱམས་བརྩེའི་འཛུམ་ཆུང་རེ།
ད་དུང་སེམས་དུང་དུང་གི
སྙིང་གཏམ་ཚིག་གསུམ་དང༌།
མཛའ་བརྩེའི་ལག་འཇུ་རེ།
འདི་དག་ཚང་མ་བར་གནས་ཚོ།
མུ་མཐུད་གསོན་ཐུབ་པའི།
མངོན་མེད་ཀྱི་ནུས་ཤུགས་ཤིག་ཡིན་སྲིད།

 

མདོར་ན།
མཚོན་ཁྲ་ཅན་གྱི་མདུན་ལམ་དུ།
གངས་ཅན་པ་ཚོས།
སེམས་ཀྱི་ལྷག་བསམ་དང༌།
སྙིང་གི་རུས་པ་ཁོ་ནར་བརྟེན་ནས།
འཚོ་བཞིན་ཡོད།
ང་ཚོ་ནང་པ་ཡིན།
སེམས་ཀྱི་འདུ་ཤེས་ལ་རེ་ཆེ་བའི་ནང་པ།
བསམ་བློའི་ཀུན་སྤྱོད་ལ་གཙིགས་ཆེ་བའི་ནང་པ།
དོན་དམ་གྱི་བདེ་སྐྱིད་ལ་རེ་བའི་ནང་པ།
འགྲོ་དྲུག་གི་བདེ་བར་སྨོན་པའི་ནང་པ།
དེའི་ཕྱིར།
ང་ཚོའི་མདུན་ལམ།
རེ་སྟོང་སྨག་གིས་སྦགས་ཚར་ཡང༌།
ཉམས་ཆུང་ཐག་པས་བཅིངས་ཟིན་ཡང༌།
ནུས་མེད་ཧམ་ཆེན་གྱིས་བཙིར་ཟིན་ཡང༌།
ང་ཚོས་ཅི་ནས་ཀྱང༌།
རེ་བའི་འོད་སྣང་ལ་ཕྱོགས་ཤིང༌།
སྤོབས་པའི་མཛེས་རིས་བཀོད་དགོས།

 

ང་ཚོས་ཅི་ནས་ཀྱང༌།
དཀའ་ཚེགས་ཀྱི་ཕྲང་ལམ་བརྒལ་ཞིང༌།
རྒྱུས་མེད་ཀྱི་ཡུལ་ཕྱོགས་གང་ས་ནས།
སྤོབས་པའི་མགོ་བོ་གནམ་ལ་འགྱེ་དགོས།
སྙིང་སྟོབས་ཀྱི་གོ་ཆ་ལུས་ལ་གྱོན་དགོས།
རྒྱལ་ཁའི་སྤང་ཁར་དམ་དུ་བཟུང་ནས།
རེ་བའི་སྨོན་ལམ་འགྲུབ་ཐབས་བྱ་དགོས།

 

༢༠༡༦།༥།༣༡ཉིན་ཨོ་གླིང་ཡུལ་གྱི་གནས་ཚང་ཁྱིམ་དུ་བྲིས།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།