ཨོ་གླིང་དུ་ལས་ཀྱི་ཐ་མལ་བའི་སྐོར།

images/stories/Gangkarsem/humility-helping.jpgཨོ་གླིང་དུ་ལས་ཀྱི་ཐ་མལ་བའི་སྐོར། 

ཨོ་རྒྱལ་ཁོངས་ཀྱི་ཡུལ་མི་ཡིན་ཚད་སྒེར་གྱི་འདོད་མོས་ཡོད་མེད་དང་ལས་ཡུན་རིང་ཐུང་ལ་མ་ལྟོས་པར་ཧ་ཅང་སེམས་འཁུར་མི་དགོས་པའི་ལས་གནས་རེ་རག་པ་དང་། གང་ས་ཅིའི་ཐད་ནས་འགྲིག་འཇག་འདྲ་ཡིན་བཟོ་འདུག འདིར་གཙོ་བོ་རིགས་མཐུན་གནས་སྤོ་བའི་གནས་སྟངས་དམིགས་བསལ་སཱིད་ཉི་གྲོང་ཁྱེར་དུ་མིག་སྔར་མཐོང་ཐོས་མྱོང་གསུམ་ནས་ལས་གནས་སྐོར་ཅུང་བཤད་འདོད་བྱུང་།

 དེ་སྔོན་བཤད་མྱོང་བ་ལྟར་རྒྱལ་ཁོངས་སུ་རིགས་མཐུན་ཚོ་ཆེད་ལས་ཀྱི་ཁྱབ་ཁོངས་སུ་ཧ་ཅང་ཚུད་དཀའ་ཞིང་། དེའང་ཨཱིན་ཡིག་གི་སྤུས་ཚད་མ་འདང་བ་གཙོས་ཆེད་ལས་གང་ཞིག་ཡིན་ཡང་ཨཱིན་སྐད་ཐོག་ནས་རྒྱལ་ཁོངས་ཀྱི་འགྲོ་ལུགས་བརྒྱུད་ཚད་ལྡན་ལག་འཁྱེར་དགོས་པ་དང་། རིགས་མཐུན་ནང་ཆེད་ལས་གང་ཞིག་ཡིན་ཡང་ཨཱིན་སྐད་ནས་སྤེལ་མི་ཐུབ་པའི་དཀའ་ངལ་ཡོད། དེའི་མཇུག་ཏུ་སློབ་གྲྭའི་རིམ་པ་ཁག་ཏུ་ཡོད་པའི་རྗེས་རབས་ཚོའི་གནས་སྟངས་ཕུད། སྒེར་ལ་དམིགས་བསལ་རྒྱུ་མཚན་གང་ཡང་བཤད་རྒྱུ་མེད་མོད། འོན་ཀྱང་སྐད་སྒྱུར་དང་རྒས་འཁོགས་ལ་གཡོག་ལས། ཕྲུ་གུ་གཉོར་སྐྱོང་། དབང་པོ་སྐྱོན་ཅན་ལ་ལྟ་སྐྱོང་གི་ལས་རིགས་ནི་ཅུང་ལེགས་གྲལ་དུ་ང་རང་གིས་མཐོང་སོང་། དེའི་མཇུག་ཏུ་གཙང་སྦྲ་འཕྲོད་བསྟེན་གྱི་ཞབས་ཞུའི་རིགས་ནི་མགྲོན་ཁང་སྤྱི་སྒེར་དང་ཆེ་ཆུང་། ལས་ཁུངས་གཞུང་སྒེར་སྡེ་ཚན་འདྲ་མིན་ནང་གཙང་སྦྲའི་ལས་གནས་བཅས་རེད། དེའི་ནང་ཁོར་ཡུག་ལ་གད་ཕྱེས་ཀྱི་གཙང་སྦྲ་དང་ཕྱི་བརྡར་དང་ཅ་དངོས་ལེགས་བསྒྲིགས། ཆས་གོས་འཁྲུས་རྗེས་ལེགས་བསྒྲིགས་དང་དབོར་འདྲེན་སོགས་ཡོད་པ་གོ་ཐོས་བྱུང་། དེ་མིན་བུད་མེད་མང་ཆེར་ཞབས་ཞུའི་ལས་རིགས་སྣ་ཚོགས་སུ་ཡོད་པ་གང་ཞིག་ལ་སྐད་ཡིག་ཤེས་ཚད་ཀྱི་གོ་རིམ་ལྟར་ལས་ཀ་ལའང་ཤུགས་ལས་ཆེ་ཆུང་གི་དབྱེ་བ་ཡོད་པའི་ནང་རྒས་འཁོགས་ལ་ཞབས་ཞུའི་རིགས་དང་སྨན་གཡོག་རིགས། སྐད་སྒྱུར་རིགས་བཅས་འདུག

 

 

གཤམ་ལ་མང་པོས་རྒྱུས་ཡོད་ཀྱི་ལས་ཀའམ་འདིར་འབྱོར་བའི་བོད་པ་མང་པོས་ཐོག་མའི་སྐབས་སུ་བྱས་མྱོང་བའི་ལས་ཀ་འགའ་བཤད་འདོད། འདིིའི་སྐོར་མ་བཤད་སྔོན་ལ་དེ་སྔོན་ཕ་ཡུལ་དུ་རིགས་མཐུན་མང་པོས་ལས་ཀ་ལ་གཙང་བཙོག་གམ་སྒེར་གྱི་མཐོང་སྣང་གཙོ་བོར་བཟུང་ནས་ལེགས་ཉེས་དང་ཤུགས་ལས་ཡིན་མིན་ལ་ཁྱད་པར་གསལ་པོ་དབྱེ་སྲོལ་ཞིག་ཡོད། ཕོར་པ་འཁྲུ་རྒྱུ་དང་རྐང་པ་འཁྲུ་རྒྱུ། ཟ་ཁང་དུ་ཤུགས་ལས་སྣ་ཚོགས་བྱེད་རྒྱུའི་རིགས་ལ་མང་པོས་སྡུག་ལས་ལ་མཐོང་སྣང་ཞིག་འཛིན་གྱི་འདུག འོན་ཀྱང་དོན་དངོས་ཐོག་ལས་ཀ་ལ་ཁྱོད་ཀྱིས་ཐུབ་མིན་དང་བྱང་ཆ་ཡོད་མེད་ཀྱི་དབྱེ་བ་ལས་ཡག་བཙོག་འབྱེད་སྲོལ་ནི་ལུགས་མཐུན་གྱི་ལྟ་བ་ཞིག་ལ་ངས་རྩ་བ་ནས་ངོས་འཛིན་བྱེད་མི་ཐུབ། མི་བདེན་ཟེར་ན། ཕ་ཡུལ་དུ་ཨ་མ་དང་མནའ་མས་ཕོ་དང་གཅིག་མཚུངས་ཀྱི་རི་ལས་ཚར་ནས་ཀྱང་ཁྱིམ་མི་ཡོངས་ལ་ཟས་དུས་གསུམ་ལ་རྒྱུན་གཏན་ལྟར་བཟོ་དགོས་ཀྱང་། གཞན་གྱིས་དེ་ཡིན་ཤག་བྱེད་པ་ལས་དེའི་དྲིན་དྲན་མི་ཤེས་པ་ལྟར་རོ། གང་ཡིན་ཟེར་ན། མི་སུམ་བཅུར་སྣང་བ་སུམ་བཅུའི་དཔེ་ལྟར་ལ་ལས་བསམ་བློ་གཏོང་ནས་རིག་པ་སྒྲིམ་དགོས་པའི་ལས་ལ་མི་དགའ་ཞིང་། དེ་བས་གཟུགས་ཕུང་གཡོ་འགུལ་མང་ཙམ་དགོས་པའི་ལས་ལ་དགའ་མོས་ཆེ་བའང་ཡོད། ཕྱིའི་ཁོར་ཡུག་ཏུ་ཤུགས་ལས་རིགས་ལ་གཞན་དང་གཅིག་མཚུངས་ཆེད་ལས་དང་། དེ་ལ་བྱང་ཞིང་མཁས་པའི་དབང་པོའང་ལོས་ཡོད་དགོས། འོན་ཀྱང་ཨཱོ་གླིང་སཱིད་ཉི་གྲོང་ཁྱེར་དུ་འབྱོར་བའི་བོད་པ་རིགས་མཐུན་ཚོས་ལས་གནས་འདི་ཚོར་མཐོང་ཆུང་བཞག་པ་དང་། དེའང་མང་ཆེར་སྐད་ཡིག་མི་འདང་བའམ། དེ་བས་མི་ཤེས་མཁན་ལ་མཚོན་ན་ཕོར་པ་འཁྲུ་རྒྱུ་དང་བློ་དང་རིག་པ་དེ་ཙམ་གཏོང་མི་དགོས་པའི་ཤུགས་ལས་རིགས་མི་བྱེད་རང་བྱེད་ཡིན་པ་གང་ཞིག་ལ།  འདིའང་ག་དུས་ཡིན་ཡང་ལས་ཆོག་ཆོག་གི་ལས་གནས་ཤིག་རེད་མི་འདུག འདིའང་ཡང་ན་སོ་སོས་འཚོལ་བའམ་ངོ་ཤེས་བརྒྱུད་དེ་རག་ཐབས་བྱེད་པ་ནི་འགྲོ་ལུགས་རྒྱུན་གཏན་ཞིག་ཆགས་འདུག འོན་ཀྱང་རྒྱལ་ཁོངས་ཀྱི་མགོ་སེར་མང་ཆེར་གྱིས་བྱེད་སྟངས་ལྟར་དྲ་ཐོག་ནས་ལས་ཀ་འཚོལ་སྟངས་ཡོད་ཀྱང་དེ་ལ་ངའང་ད་དུང་གོམ་ལོབ་དེ་ཙམ་སོང་མེད། ནང་ཁུལ་ཕན་ཚུན་དབར་ལས་ཀ་ངོ་སྤྲོད་བྱེད་སྟངས་ནང་གལ་ཏེ་ལས་གནས་དེར་འདོད་མོས་མེད་མཁན་གྱིས་ལས་གནས་ནས་ཕྱིར་མ་དོན་སྔོན་ལ་རིགས་མཐུན་གཞན་ནང་ཁུལ་ཕན་ཚུན་བརྒྱུད་སྤྲོད་བྱེད་སྲོལ་ཞིག་ཀྱང་ཆག་འདུག་པ་མཐོང་བས་དམིགས་ཡུལ་བཟང་ངན་དང་ཆེ་ཆུང་ལ་མ་ལྟོས་པར་འདི་ནི་ལུགས་བཟང་པོ་ཞིག་ལ་རིག་སོང་།

 

༡། ཕོར་པ་འཁྲུ་ས་ནི་ཟས་ཁང་ཆེ་འབྲིང་ཆུང་གསུམ་ཡིན་པ་སྨྲོས་ཅི་དགོས།

ཕོར་པ་འཁྲུ་བའི་དུས་ནི་ཉིན་གཅིག་གི་དུས་ཚོད་མང་ཆེར་དགོང་མོར་ཡིན་ཞིང་། ལས་མཁན་འདིའི་རིགས་ཀྱིས་ཆུ་ཚོད་གཉིས་ནས་ལྔའམ་དྲུག་སོགས་འཁྲུ་མཁན་དུས་ཡུན་རིང་ཐུང་སྣ་ཚོགས་མཐོང་སོང་། ཕོར་པ་འཁྲུ་བའི་གོ་རིམ་ནི་ཟས་ཁང་གི་མདུན་ཅོག་ནས་ཕྱིར་དབོར་ཡོང་བའི་ཕོར་པ་དང་སྡེར་མའི་ནང་གི་ཟས་ལྷག་སོགས་གཙང་མ་བཟོས་རྗེས་ཆུ་བཤལ་བཏང་། དེ་ནས་འཁྲུ་རྫས་དམིགས་བསལ་བའི་ནང་འཕྲུལ་ཆས་ནང་དུ་སྤྱི་བཏང་གི་འཁྲུས་རྫས་སྤྱོད་དེ་ཕོར་པ་དང་སྡེར་མ་སོགས་གཙང་མ་བཟོ་རྒྱུའི་གོ་རིམ་རེད། གལ་ཏེ་ཟས་ཁང་དུ་སྐུ་མགྲོན་མང་བའི་སྐབས་དེར་ཕོར་པ་འཁྲུ་མཁན་ཉུང་ན་རེ་གཉིས་ཡོད་པ་རྣམས་ལ་དཀའ་ལས་ཆེན་པོ་འཕྲད་རྒྱུ་ལོས་ཡིན། གལ་ཏེ་ཕྱི་སྐད་རྩ་བ་ནས་མི་ཤེས་མཁན་ནམ་རེ་གཉིས་ཙམ་གོ་ཐུབ་པ་རྣམས་གཟུགས་གཞིའི་གནས་སྟངས་བཟང་པོ་ཡོད་ན་ཕོར་པ་འཁྲུ་བ་འདི་ལས་གནས་སྡུག་ཆག་ཅིག་ལ་ངས་མཐོང་གི་མི་འདུག ངས་བསམ་པར་མི་ཡོངས་རྫོགས་ཉིན་གཅིག་ལ་ཟས་མི་ཟ་ནས་སྡོད་མི་ཐུབ། ཟས་ཚར་ན་ཁྱིམ་ནང་ལའང་ཕོར་པ་འཁྲུ་དགོས་པས་དེ་ནི་འཁྲུ་དགོས་པའི་ཕོར་པ་མང་ཉུང་གི་ཁྱད་པར་ཙམ་ལས་ལས་དེ་ལ་ལེགས་ཉེས་ཀྱི་དབྱེ་བ་ཞིག་ཕྱེ་སྲོལ་མེད་སྙམ།

 

དེའང་ཐོག་མར་སླེབས་པའི་གསར་འབྱོར་བ་རྣམས་མང་ཆེར་གྱིས་ཕོར་པ་འཁྲུས་པའི་ཉམས་མྱོང་ཞིག་བསགས་མྱོང་འདུག་ཅིང་། ལ་ལས་ཕོར་པ་ཁོ་ནར་འཁྲུས་ནས་ལོ་མང་སོང་བའི་རིགས་ཀྱང་འདུག ཕོར་པ་འཁྲུ་དུས་ཀྱང་དགོས་མཁོ་ཡོད་ན་ལག་ཤུབ་གྱོན་ནས་བྱེད་ཅིང་ཟས་ཁང་དུ་འགོ་ལས་ཡག་གྲལ་དང་འཁེལ་ན་ཁྱིམ་དུ་ཡོད་པ་ལྟར་ཇ་ཆུ་རྒྱུན་དུ་འཐུང་ཆོག་པ་གང་ཞིག ལས་མཚམས་བཞག་རྗེས་ཟས་ཐེངས་གཉིས་ཙམ་མཉམ་ཟ་ཆོག་པའང་རེད་འདུག

བཤད་མཚམས་འདིར་སླེབས་དུས་དེ་སྔོན་རྒན་རབས་ཤིག་གིས་ལོ་མང་ཕོར་པ་འཁྲུ་རྒྱུ་གཙོས་ཤུགས་ལས་བྱས་ཤིང་ད་ཆ་སྒེར་ཁང་གསུམ་ཙམ་གྱི་བདག་པོའང་གྱུར་འདུག་པའི་སྐོར་དྲན་བྱུང་། འདིར་གསར་འབྱོར་བའི་མིག་ནང་དུ་ཁོང་ཕྱུག་བདག་མ་ཆེ་མི་ཆུང་ཞིག་གི་གྲལ་དུ་ཚུད་ཡོད་པ་འདྲ། དེ་མིན་འདི་ལྟར་གཟུགས་གཞི་བཟང་བའི་རིགས་ཀྱིས་ཤུགས་ལས་འདི་ཁག་གཉིས་ཙམ་བྱེད་ཅིང་། ལག་དངུལ་བསགས་ཐུབ་པའི་གྲངས་ཀའང་ལུགས་མཐུན་གྱིས་གཞུང་ལ་དཔྱ་ཁྲལ་སྤྲོད་མཁན་དང་འདྲ་མཚུངས་ཡིན་པའང་ཐོས་རྒྱུ་འདུག དོན་དངོས་ཐོག་གཞུང་ལ་དཔྱ་དངུལ་འབུལ་བའི་སྐོར་ངས་དེ་སྔོན་གཞུང་ལས་ཁང་ལས་ཀ་ངོས་སྦྱོར་སྡེ་ཚན་གྱི་བུད་མེད་དབུ་འཁྲིད་ཅིག་ལ། གལ་ཏེ་ང་ཚོར་འདོད་མོས་དང་འཚམ་པའི་ལས་གནས་ཤིག་རག་གྱུར་ན་གཞུང་ལ་དཔྱ་དངུལ་འབུལ་རྒྱུའི་སྐོར་ཐེ་ཚོམ་དང་དྲི་བ་ཙམ་འདྲི་མི་དགོས་པར་དགའ་བཞིན་སྤྲོ་བཞིན་བྱེད་དགོས་པའི་ལས་ཤིག་རེད། ང་ཚོ་ལྟ་བུའི་སྐྱབས་བཅོལ་བ་ཡོངས་ལ་གཞུང་གིས་རོགས་དངུལ་ཉུང་ཙམ་རེ་གནང་བཞིན་པ་འདིའང་གཞུང་ལ་དཔྱ་དངུལ་འབུལ་མཁན་རྣམས་ཀྱིས་བསགས་བསྒྲུབས་ཞུས་པ་ཁོ་ན་དེ་ཡིན་པར་བསམ་ནའང་སོ་སོས་ཀྱང་གཅིག་མཚུངས་ལོས་བྱེད་བསམ་པ་ཞིག་ལས་དེ་ལ་དྲི་དོགས་དགོས་དོན་མི་འདུག་སོགས་བཤད་པ་ཡིན། ཡིན་ཡང་གསར་འབྱོར་ཚོས་ཞོར་ལས་ཚུལ་དུ་ལག་དངུལ་ཏོག་ཙམ་མ་བསག་ན་རོགས་དངུལ་ཁོ་ནར་བརྟེན་དགོས་ན་མདང་ངེས་མེད་པ་དེ་ནི་ངའི་ཉམས་མྱོང་ཡང་ཡིན།

 

༢། རྐང་པ་འཁྲུ་བའི་ལས་གནས་ཤིག་ལ་རྒྱུས་ལོན་བྱས་པ་ལྟར་ན་

རྐང་པ་འཁྲུ་སའི་སྡེ་ཚན་ཆུང་ངུ་ཞིག་ལ་མཚོན་ན་རྐང་པ་འཁྲུས་རྗེས་སད་མོ་གཙང་མ་བཟོ་བ།དུས་མཚུངས་སུ་རྐང་ལག་གཉིས་ལ་སྣུམ་བྱུག་ནས་འཕུར་བ་སྦྲགས་སད་མོའི་ཕྱོགས་ཡོངས་ནས་གཙང་མ་བཟོས་རྗེས་སད་མོར་མཚོན་རྩི་སྣ་ཚོགས་བྱུག་པ་བཅས་རེད་འདུག ལས་གནས་འདིའི་སྐུ་མགྲོན་མང་ཆེར་བུད་མེད་ཡིན་པ་དང་། དེ་དག་གི་རྐང་ལག་ལའང་འཕུར་དགོས་མིན་གྱི་རིགས་ཁག་ཅིག་འདུག སྤྱིར་ན་དེ་སྔོན་ངས་རྒྱ་ཡིག་གི་དེབ་རྒན་ཁག་ཅིག་ནང་ཤར་གླིང་གི་མི་དཔེར་ན་རྒྱ་མི་ཚོ་ཉི་ཧོང་དང་ཧཱང་ཁོང་ལྟ་བུར་ཡུལ་གྱར་སོང་དུས་ཐོག་མའི་དུས་ལའང་རྐང་པ་འཁྲུ་བའི་ལས་གནས་འདི་ནི་དཀའ་ལས་ཆེ་ཤོས་དང་དམའ་རིམ་མི་ཚོའི་ལས་ངན་ཞིག་ལ་མཐོང་ཆུང་བྱེད་ས་ཡིན་པའི་སྐོར་་བྲིས་པ་དྲན་གྱི་འདུག རྐང་པ་འཁྲུ་རོགས་བྱེད་མཁན་ལས་ཐོག་མ་བ་ཞིག་ལ་མཚོན་ན་ཟབ་སྦྱོང་གི་གོ་རིམ་ཉུང་མཐའ་ཡང་ཉིན་ཉི་ཤུར་དགོས་ཀྱི་ཡོད་འདུག་པ་ལས་ལས་བྱེད་རྒན་པ་ལྟར་རྐང་ལག་གི་སད་མོ་གཙང་མ་བཟོ་བ་དང་མཚོན་རྩི་བྱུག་ཆོག་གི་མི་འདུག

དེ་མིན་སད་མོར་སྔོན་ནས་བྱུག་པའི་མཚོན་རྩིའི་མཁྲེགས་པོར་གྱུར་ཟིན་པའི་རིགས་འཁྲུལ་ཆས་ཆུང་ངུ་ཞིག་གིས་ལས་སྟབས་བདེའི་ངང་ནས་གཙང་མ་བཟོ་ཐུབ་ཀྱི་འདུག་ཀྱང་ཆེད་ལས་སྦྱོང་མྱོང་མཁན་གྱིས་ལས་ཀ་དེ་བྱེད་པ་ལས་ཐོག་མར་སྦྱོང་མཁན་ཞིག་གིས་དེ་འདྲ་བྱེད་ན་གཞན་གྱི་སད་མོ་བཏུབས་ཅིང་ཁྲག་དོན་བའི་ཉེན་ཁ་དེ་ནི་ཆུང་ཆུང་རེད་མི་འདུག རྐང་ལག་གཙང་མ་བཟོས་རྗེས་འཕུར་སྐབས་སུ་སྐུ་མགྲོན་མང་པོ་མཐོང་སྣང་ལ་ལུས་སེམས་གཉིས་ཀ་ལྷོད་ལ་བབ་ཅིང་བྲེལ་འཚུབ་ཀྱིས་འདུར་རྒྱུགས་དགོས་པའི་གནས་འདི་འདྲའི་ནང་རྐང་ལག་འཁྲུ་སར་འབྱོར་བ་འདི་དག་ནི་ཧ་ཅང་ཞི་འཇམ་ངང་གནས་ཤིང་བདེ་སྣང་ཞིག་སྟེར་གྱི་འདུག དེའང་རྒྱུན་དུ་ང་ཚོས་གཟུགས་པོ་འཁྲུས་ལ་རོལ་རྗེས་སམ་ཞབས་བྲོ་འཁྲུག་གཞས་ཤིག་འཁྲབ་ཟིན་རྗེས་གཟུགས་པོར་དངུལ་ནག་ཤོར་རྗེས་ལུས་སེམས་གཉིས་ཀྱི་ངལ་བ་སོས་སྟངས་དང་གཅིག་མཚུངས་ལྟར་རེད་འདུག ངས་འདིར་རྐང་པ་འཁྲུ་བའི་ལས་འདི་ངོ་སྤྲོད་དགོས་དོན་ཡང་ང་ཚོའི་རིགས་མཐུན་ཚོས་རྒྱུན་དུ་འདི་ཧ་ཅང་མི་བཙང་བའི་ལས་ཀ་ཅིག་ལ་བརྩི་སྲོལ་འདུག་པས་འདིར་དམིགས་བསལ་བྲིས་ཡོད།

 

༣། ཟས་ཁང་དུ་མ་བྱན་ཆེན་མོར་ལ་རོགས་པ་བྱེད་མཁན་དང་

ཚོང་ཁང་དུ་ཅ་དངོས་ལྕི་ཚད་སྣ་ཚོགས་ཡར་མར་འདེགས་མཁན་ནམ་དབོར་འདྲེན་གྱི་ལས་ཀ་འདིའང་རིགས་མཐུན་ཁག་ཅིག་གིས་ཞོར་ལས་བྱེད་པ་མཐོང་སོང་། འདི་ཤུགས་ལས་གྲལ་དུ་རྟོགས་ཀྱང་སྐད་རྩ་བ་ནས་མི་ཤེས་མཁན་ཞིག་ཡིན་ན་ཁྱོན་ནས་བྱེད་ཐབས་བྲལ། ཟས་དང་ཚོང་ཆེ་ཆུང་དུ་དངུལ་ལེན་མཁན་རིགས་དང་ཟ་ཁང་སྣ་ཚོགས་སུ་ཞབས་ཞུའི་ལས་མཁན་བོད་མོའི་རིགས་དང་། དེའི་ནང་གཞོན་ནུ་མའི་གྲལ་མིན་འགྲོ་བསམ་པ་འདྲ་བྱུང་།

གང་ཡིན་ཟེར་ན། བུ་མོ་ལོ་ཆུང་ཡིན་མཁན་ཕྱི་སྐད་ཅུང་ཡག་པོ་ཡོད་མཁན་ལ་མཚོན་ན་འདི་ནི་ཤུགས་ལས་མིན་པ་སྟབས་བདེའི་ལས་ཀ་ཞིག་ལ་བརྩི་སྲོལ་འདུག འོན་ཀྱང་ཅ་དངོས་ཅུང་ལྕི་ཚད་ལྡན་པ་རྣམས་དབོར་འདྲེན་ནམ་བཀྱག་མཁན། ཚོང་རའི་ནང་དུ་འཕྲུལ་ཆས་ཐོག་ནས་ཉོ་མཁན་གྱི་དངུལ་ལེན་མཁན་བཅས་ནི་ཕུག་རྒྱང་རིང་བའི་ལས་གནས་ཤིག་ལ་ཚང་མས་མཐོང་གི་མི་འདུག་ལ། འདིའང་ཞོར་ལས་ཚུལ་གྱིས་ལག་དངུལ་ཏོག་ཙམ་རག་ཐབས་དམིགས་ཡུལ་གཙོ་བོ་བཟུང་མཁན་རེད་འདུག འདི་བྱེད་མཁན་ཚོས་ལས་ཀ་གཞན་དང་གཅིག་མཚུངས་ཉིན་རེེར་ཆུ་ཚོད་མི་འདྲ་བ་ལས་མཁན་འདུག་པས་དཀའ་ལས་ཆེ་ཆུང་ཡང་དེ་མཚུངས་ལོས་ཡིན།

 

༤། བག་ལེབ་བསྲེག་ས་ལ་དཀའ་ལས་ཧ་ཅང་ཆེ་ཚུལ་གོ་ཐོས་བྱུང་ཡང་དེར་རྒྱུས་ལོན་དེ་ཙམ་མ་བྱུང་།

ཡིན་ཡང་ལས་དེར་རྒྱུས་ཡོད་བུད་མེད་རྒན་གྲལ་ཞིག་གིས་བཤད་པ་ལྟར་ན་ལས་ཀ་འདི་ངེས་པར་དུ་ཞོགས་སྔ་ལང་དང་མཚན་ཕྱི་ཉལ་དུས་སུ་བྱེད་དགོས་པ་ལས། ལུགས་མཐུན་གྱི་ཉིན་ལ་རེད་མི་འདུག དེའང་གཙོ་བོ་མཚན་ལས་བྱེད་པ་ནི་ཕྱི་ཉིན་ཞོགས་པར་བག་ལེབ་རྣམས་མགྲོན་པོར་བཙོང་ཆོག་ཆོག་དགོས་པ་དང་། མཚན་མོར་ལས་སྣོན་རྒྱག་པ་དེའང་དམིགས་ཡུལ་གཅིག་མཚུངས་ལོས་ཡིན། ཡིན་ཡང་ལས་ཀ་འདི་ནི་ཤུགས་ལས་གཙོས་རྒྱུན་མཐུད་ཀྱིས་ཆུ་ཚོད་གཉིས་གསུམ་ལས་མང་བ་དགོས་པ་ཡིན་ན་གཟུགས་པོས་གཅོག་མིན་གང་ལྟར་དཀའ་ལས་ཅན་གྱི་བྱ་བ་ཞིག་རེད་ཟེར་གྱི་འདུག གནས་སྟངས་འདི་འདྲར་བརྟེན། མང་ཆེར་གྱིས་བག་ལེབ་བསྲེག་སར་འགྲོ་དུས་ཆུ་ཚོད་མང་པོར་ལས་ཀ་མི་བྱེད་པར་མང་ན་ཆུ་ཚོད་གསུམ་བཞི་ཙམ་ནས་མཚམས་བཞག་རྗེས་བྱེད་མཁན་གཞན་ཞིག་གིས་བརྗེ་པོའི་ཚུལ་དུ་མུ་མཐུད་དགོས་པ་ཡིན་བཟོ་འདུག ང་ཚོས་གསར་འབྱོར་ཚོས་ལས་ཀ་གང་བྱས་ཀྱང་ཐོག་མར་ནུས་ཤུགས་ཡོད་རྒུས་ལས་བྱེད་པ་ལས་དེ་ལ་གཡོ་ཟོལ་གྱི་བསམ་བློ་མེད་པས་དེ་ནས་དངོས་སུ་ལས་ཡོང་དུས་དཀའ་ངལ་ཆེ་བ་འཕྲད་ཀྱི་ཡོད་པ་རེད། དེ་མིན་ལས་འདིའི་རིགས་ལ་གོམས་ལོབ་སོང་བ་ཞིག་གིས་དེ་འདྲ་ནུས་ཤུགས་ཡོད་རྒུ་མི་བཏོན་ལ་གནས་སྟངས་ལ་དཔག་ནས་ལྕི་ཡང་གི་བསམ་བློ་གཏོང་ནས་བྱས་ན་གཟུགས་པོར་རྡེབས་རྡུང་ཧ་ཅང་མི་ཕོག་ཅིང་། རྒྱུན་མཐུད་ཀྱིས་ལས་ཐུབ་པའི་ཐབས་ཤེས་ཡག་པོ་ཞིག་རེད་འདུག་གོ ཚང་མས་སོ་སོའི་གཟུགས་པོའི་ནུས་པར་གཞིགས་ཏེ་ལས་བྱེད་པ་ནི་ལུགས་མཐུན་དང་ལས་གནས་བརྒྱུན་མཐུད་པའི་བྱ་བ་ཞིག་རེད།

 

སྤྱིར་ན་ད་དུང་གཞན་སྤུན་ཟླ་ཚོགས་ཤིག་སོས་དལ་གྱིས་ལས་ཀ་རེེར་ལས་རྗེས་འཚོ་བ་བསྐྱེལ་ནས་སྡོད་མཁན་དང་། ཧ་ཅང་ཧུར་བརྩོན་ཅན་གྱིས་ལས་ཀ་གཉིས་ཙམ་ལས་ནས་དངུལ་ལོ་མང་པོ་བསགས་ནས་འཕྲུལ་ཆ་གསོན་པོ་ཞིག་གི་ཚུལ་དུ་དངུལ་བསགས་སྒྲུབ་ཀྱིས་སོ་སོའི་མི་ཚེའི་དམིགས་ཡུལ་འགྲུབ་ཐབས་བྱེད་མཁན་སོགས་སྣ་ཚོགས་རེད། འོན་ཀྱང་ངས་དེ་དག་གི་གནས་སྟངས་མིན་པར་གོང་གསལ་དམིགས་བསལ་གྱི་ལས་ཀ་བཞི་ནི་མང་པོས་མཐོང་ཆུང་ལྟ་སའི་ལས་གནས་ཡིན་ཤག་བྱེད་ས་ཡིན་པས་ཟུར་ཙམ་འབྲི་སྙིང་འདོད་སོང་། འོན་ཀྱང་ལས་གནས་ལ་ཡག་བཙོག་མེད་ཀྱང་ལས་ཡུལ་གྱི་ཁོར་ཡུག་དང་ལས་རོགས། དཔོན་པོ་དང་སྦྱིན་བདག་ལ་ལེགས་ཉེས་ཀྱི་ཁྱད་པར་ཞིག་ངེས་པར་ཡོད་པ་རེད།

 

 

འདིར་ཡུལ་མིར་ཆགས་ཟིན་ཞིང་ལོ་མང་སོང་བའི་ཨ་ཕོ་ཞིག་གིས་ང་ལ་ཁོང་གི་ཉམས་མྱོང་འདི་འདྲ་ཞིག་བཤད་བྱུང་། ཁོང་གིས་ང་ཕོར་པ་འཁྲུ་མཁན་ཞིག་ཡིན། གཞུང་གི་ཟས་ཁང་འབྲིང་ཙམ་ཞིག་ཏུ་གཙང་མ་བཟོ་མཁན་ནམ་ཕོར་པའང་འཁྲུ་མཁན་ཞིག་ཡིན་ན་ཆོག ང་རང་ད་ལྟའི་ལས་གནས་འདིར་དཔེ་དགའ་པོ་ཡོད། གང་ཡིན་ཟེར་ན། ངའི་ལས་རོགས་ཚང་མ་ངོ་ཤེས་རྙིང་པ་དང་རྒྱུས་ཡོད་ཤ་སྟག་ཡིན། དཔོན་པོ་མགོ་སེར་རེད་ལ་མི་དྲང་མོ་འདྲ་རེད། དེ་སྔོན་ལས་གནས་འདི་ལས་ཡག་ཙམ་དེ་འདྲའང་རག་ས་རེད་དེ་དེར་སོང་མེད། གཅོ་བོ་སོ་སོ་ལས་གནས་འདིར་ལས་རོགས་ཚང་མར་གོམས་འདྲིས་ཚར་བས་ལས་ཀ་བརྗེ་འདོད་མེད་ཅེས་གསུངས་བྱུང་།

དེ་མིན་ཉམས་མྱོང་ཅན་གཞན་ཞིག་གིས་ཀྱང་གནས་སྟངས་གོང་དང་མི་འདྲ་བ་ཞིག་གསུངས་པ་ནི། ངས་དེ་སྔོན་ལས་ཀ་བྱས་པའི་ནང་ཆེད་ལས་ལྟ་བུའི་རིགས་ཤིག་བྱས་མྱོོང་བ་ནི་ཁང་པའི་སྒོ་དང་སྒེའུ་ཁུང་གི་དབྱིབས་དང་བཟོ་ལྟ། ཆེ་ཆུང་སྣ་ཚོགས་དང་བཀྱང་རྐུམ་གྱི་ནུས་པ་སྣ་ཚོགས་བཟོ་བར་བྱང་ཆུབ་པ་གྱུར་བ་དེ་ཡིན། ལས་གནས་དེའི་དཔོན་པོས་ཁོང་གིས་ལས་ཀ་དེ་ཡག་པོ་འཁྱོང་བར་ཤེས་སྟབས་ང་གཞན་ལ་མ་འགྲོ་འདིར་མུ་མཐུད་སྡོད་ན་ཁོས་དངུལ་ཕོགས་སྤར་ཆོག་ཟེར་བྱུང་། འོན་ཀྱང་ང་རང་ལས་ཀ་འདི་ལ་འདོད་མོས་དེ་ཙམ་མེད་སྟབས་དེ་རྗེས་ལས་གནས་བརྗེས་པ་ཡིན། ད་རྗེས་མར་བོད་རང་བཙན་ཐོབ་སོང་ན་ངས་ཁང་པའི་སྒོ་དང་སྒེའུ་ཁུང་གང་འདྲ་ཞིག་བཟོས་ཤོག་ཟེར་ནའང་བུ་ངས་ཟས་བཞག་གི་རེད་ཅེས་ཀུ་རེ་དང་སྦྲགས་གསུངས་སོང་།

 

སྤྱིར་ན་ང་ཚོའི་རིགས་འགས་ལས་གནས་ལ་མཐོ་དམན་གྱི་ལོག་ལྟ་འཛིན་པ་ལས། སྒེར་ངོས་ནས་ལས་གནས་དེར་དགའ་སྣང་ངམ་དོ་དབྱིངས་ཆེ་ཆུང་། དེ་མིན་ཁོར་ཡུག་དེའི་ལས་རོགས་དང་དཔོན་པོའི་བྱེད་ལས་ལ་དཔྱོད་སྲོལ་ཞིག་རྩ་བ་ནས་ཆག་མི་འདུག

གྲོགས་པ་ཀ་པས་ང་ལ་རྗེས་མར་ང་ཚོའི་ངོ་ཤེས་ཚོར་ལས་གནས་ཅི་འདྲ་ཞིག་བྱེད་ཀྱང་ཤར་གླིང་གི་མི་དཔེར་ན་རྒྱ་མི་དང་རྒྱ་གར་བ། ཝེ་ཐེ་ནན་ལྟ་བུའི་སྦྱིན་བདག་ཡིན་སར་ལས་ཀ་རྩ་བ་ནས་མི་བྱེད་ན་དགའ་ཟེར་དགོས། དེ་བས་མགོ་སེར་སར་ལས་ཀ་ཅིག་རག་ན་དེ་ཚོས་ཁྱོད་ལ་ལས་གནས་དང་འབྲེལ་སྐད་ཆ་མཐོ་དམན་འདྲ་བཤད་སྲིད་ཀྱང་ཁྱོད་ཀྱི་མི་གཞིར་དམིགས་ནས་མཐོང་ཆུང་མི་བྱེད་ཟེར།

གྲོགས་པོ་ཁ་པས་གོང་ལས་ལྡོག་སྟེ་མགོ་སེར་ཚོས་གཙོ་བོ་ང་ཚོས་ཨཱིན་སྐད་མི་ཤེས་པའི་ཐད་ནས་མཐོང་ཆུང་བྱེད་ཀྱི་རེད། ཁོ་ཚོས་ང་ཚོ་ལའང་དེ་སྔོན་ད་བར་སོ་སོའི་སྐད་དང་ཡི་གེ་བྱང་ཆ་ལྡན་པ་ཤེས་པ་མ་ཟད། སོ་སོའི་འགྲོ་ལུགས་དང་ཟ་སྟངས་མི་འདྲ་བ་ཡོད་པར་སྣང་ཆུང་གཏོང་བ་ལས་ཨཱིན་སྐད་མི་ཤེས་པ་ཙམ་ལ་མཐོང་ཆུང་བྱེད་ནའང་མཐོང་ཆུང་མ་རེད་ཟེར་ས་མི་འགྲོ་ཟེར།

གྲོགས་པོ་ག་པས། གལ་ཏེ་ལས་ཀ་རག་ཐབས་དགོས་ན་ངེས་པར་དུ་ཨཱོ་གླིང་གཞུང་གི་ཁྲིམས་ལྟར་དཔྱ་དངུལ་འབུལ་འབབ་བསྡུ་བའི་ལས་ཀ་ཆ་ཚང་ཞིག་རག་ཐབས་དགོས། དེ་མིན་ཁྲིམས་མཐུན་གྱི་གཏན་འབེབས་ལྟར་ན་ཆུ་ཚོད་གཅིག་ལ་ཨཱོ་སྒོར་བཅོ་ལྔ་ལས་ཉུང་བའི་ལས་རིགས་ལྐོགས་ནས་བྱེད་མཁན་ཚོར་སྦྱིན་བདག་གིས་དངུལ་སྒོར་འདི་ལས་ཉུང་བ་སྟེར་ནས་ནག་ལས་བྱེད་མཁན་ཚོ་དོན་དངོས་ཐོག་སྦྱིན་བདག་གམ་ཚོང་བདག་གཏིང་གནག་ཅན་ཚོར་ཁེ་བཟང་སྤྲོད་པ་དང་གཅིག་མཚུངས་རེད། གང་ཡིན་ཟེར་ན། ཁོ་ཚོས་གང་ཐུབ་ཀྱིས་གོང་གསལ་ཁྲིམས་མཐུན་གྱི་སྒོར་མ་ལས་ལྡབ་ལ་ཉེ་བར་ཉུང་ཙམ་སྤྲོད་དེ་དེའི་ཕྱེད་ཀ་ཁོ་ཚོའི་ཁུག་མར་བླུགས་འགྲོ་གི་རེད་ཅེས་ཟེར།

 

ལས་གནས་ནས་མཐོང་ཆུང་བྱས་ཚུལ་ཁག་གསུམ་ཙམ་མཐོང་ཐོས་མྱོང་གསུམ་ནས་བྱས་ཀྱང་གཙོ་བོ་རྒྱ་མི་རིགས་ཟས་ཁང་གི་སྦྱིན་བདག་ནས་ཕོར་པ་འཁྲུ་མཁན་ལས་ཐོག་མ་བར་འཕྲུལ་ཆས་ཀྱི་འདུ་ཤེས་ལས་མི་འཛིན་ཞིང་མཐོང་ཆུང་ཁོ་ནར་བྱས་རྐྱེན་སྦྱིན་བདག་དབར་ཁ་རྩོད་ཅུང་ཙམ་རེ་ཤོར་ཚུལ། རྒྱ་གར་བའི་སྦྱིན་བདག་དབར་ལའང་དམའ་འབེབས་ཀྱི་མྱོང་བྱང་འོག་ཁོང་ཁྲོས་ནས་དེ་མུར་ལས་གནས་གཡུགས་བཞག་པ། ལས་ཀ་དཀའ་ལས་ཆེ་རྐྱེན་བརྒྱུན་མཐུད་མ་ཐུབ་པ་སོགས་ཀྱི་དངོས་སྒྲུང་འགའ་རེའང་ཐོས་པས་འདིར་བྲིས་མེད།

 

 

ང་རང་སྒེར་གྱིས་ལས་གནས་འདི་དག་སྐོར་བསམ་ཚུལ་ནི་གལ་ཏེ་འཇིག་རྟེན་འདིར་འཚོ་ཡུན་རིང་བཟང་པོའི་མི་ཞིག་དང་ཐུག་ན་སེམས་གཏིང་གི་སྤྲོ་བ་སྦ་གསང་མི་ཐུབ་མཁན་ཞིག་ཡིན་པས་གཙོ་བོ་སོ་སོའི་དོ་དབྱིངས་ལ་གཞིགས་ནས་སྤྲོ་སྣང་གི་མི་ཚེ་ཞིག་བསྐྱེལ་ན་དེ་གས་འགྲིག་བསམ་ནས་ཡོད།

སྤྱིར་ན་ཤར་གླིང་གི་མི་གཏེ་ཀོབ་དེ་དག་དང་ནུབ་གླིང་གི་མགོ་སེར་རིགས། མི་ནག་དང་སེར་པོ་གང་གི་རིགས་ཡིན་རུང་མིའི་རིགས་ནས་ཕ་རོལ་པོར་གཅིག་མཚུངས་ཀྱི་འདྲ་མཉམ་ལྟ་བའམ་མཐོང་སྣང་སྦྱིན་ཞིང་། འདིའི་ཆེད་དུ་གནས་ལུགས་ཀྱི་བདེན་པ་བརྡར་བ། དྲང་བདེན་གྱི་སྤུངས་པ་གཤིབས་ནས་འགྲོ་མཁན་བྱུང་ན། མི་སུ་འདྲ་ཞིག་ཡིན་ཡང་དེའི་འཁོར་དུ་འདུས་ཤིང་། བཟང་པོའི་ཆེད་དུས་ལས་འདོད་པ། ལེགས་ཆའི་བཅུད་ཀྱིས་འཇིག་རྟེན་མཛེས་པ་བྱེད་པ་དེའི་བློས་གཏོང་མི་ཐུབ་པ་ལས་ཕྱིའི་དངོས་པོ་ཅི་ཙམ་བསགས་སྒྲུབ་བྱེད་ཅིང་། མི་ངན་ལ་རྒྱུ་ནོར་ཇི་ཙམ་མང་ཡང་སྒེར་གྱི་མི་གཤིས་ཀྱི་ལ་རྒྱ་དང་རྒྱུ་འབྲས་ལས་འགལ་བ། བཟང་པོའི་ཆེ་མཐོང་དང་ལ་རྒྱ། སྒེར་ཚུགས་ལ་ཅི་མི་སྙམ་ཞིང་། དེ་བས་ཡ་ང་བ་ཞིག་ལ་མཚམས་རེར་ངས་མཐོང་ཡོང་གི་འདུག

 

ངས་ང་ཚོའི་ཁོར་ཡུག་ཏུའང་རིགས་མཐུན་འགའ་རེ་སོ་སོ་རྒྱུ་ནོར་གྱི་བྲན་དུ་འཚོ་འདོད་ལ། གཞན་ལའང་དེ་ལྟར་འཚོ་རུ་བཅུག་མཁན། དམིགས་ཡུལ་ཆེན་པོ་དང་བཟང་པོ་མེད་པར་རྒྱུ་ནོར་དཔལ་འབྱོར་ཁོ་ནའི་ཆེད་དུ་འཚོ་བར་བསྐུལ་འདེད་བྱེད་མཁན་སོགས་སྣ་ཚོགས་ཤིག་མཐོང་ཡོང་གི་འདུག གལ་ཏེ་མི་ཞིག་ཡིན་པའི་ངོས་ནས་སོ་སོའི་ཕུག་བསམ་དང་རེ་བ་བརླགས་ཉིན་ནས་བཟུང་། ཁོའི་མ་འོངས་པའི་མདུན་ལམ་ཡང་བྲན་གཤིས་ཀྱི་སེམས་ཁམས་དེ་དང་མཉམ་དུ་སྐྱུར་མེར་བའི་མུན་ནག་ལ་ཕྱོགས་ཚར་བ་དང་གཉིས་སུ་མེད་པའི་གནས་སྟངས་གསོན་པོ་ཞིག་རེད་ཨང་ཡང་ཡང་བསམ་གྱི་འདུག་གོ

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༨ ཉིན་གྱི་མཚན་མོར་ཨཱོ་གླིང་རང་ཤག་ཏུ་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།