སྤྱི་འཐུས་ལོ་ལྔའི་རིང་གི་ལས་བསྡོམས་སྙན་སྒྲོན་མདོར་བསྡུས།

images/stories/ADs-VOT/jpg.jpgསྔོན་གླེང་།

གུས་མོ་གངས་ལྷ་མོ་ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༡༩ ཉིན་བཙན་བྱོལ་དུ་འབྱོར་ནས་ལོ་བདུན་ལྷག་སོང་བའི་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༠ ཉིན། ཡུལ་གྱར་གྱི་ཁམས་རིགས་མི་མང་ ༥༡༣༡  གིས་འོས་འཕེན་ནས་གུས་མོ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོབ་ཀྱིས་དམ་བཅའ་ཞུས་ཏེ་རང་རིགས་རྣམས་ལ་ཞབས་འདེགས་ཞུ་བའི་སྒོ་བསྐལ་བཟང་པོ་ཐོབ། དེའང་ཐོག་མའི་དམ་བཅའ་ཕུལ་སྐབས་ཀྱི་བརྗོད་ཚིག་ཇི་བཞིན་ལས་ཡུན་རིང་སྒེར་ངོས་ནས་ལྷག་བསམ་གཡོ་ཟོལ་མེད་པར་སྤྱི་དོན་འཁུར་ལེན་གང་ནུས་ཞུས་ཡོད་སྙམ་པ་བཞིན་ལས་དོན་གཙོ་ཁག་གཤམ་གསལ་ལྟར་ཡིན།

 སྤྱི་འཐུས་ལས་ཡུན་ལོ་ལྔའི་རིང་སྤྱིར་ན་ལོ་རེར་ཕྱི་ཟླ་ ༣ པ་དང་ ༩ པ་སོ་སོར་ཚོགས་དུས་རེ་དང་། ལོ་མཇུག་སྟེ་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ཉིན་སྐབས་བཅོ་ལྔ་པའི་གྲོགས་ཚོགས་ཚོགས་དུས་ ༡༡ པའམ་མཐའ་མའི་ཚོགས་དུས་དགོས་མཁོ་དང་བསྟུན་པའི་འཕར་མ་དེ་མཇུག་བསྒྲིལ་ཞིང་ལོ་ལྔའི་སྤྱི་འཐུས་ཀྱི་ལས་ཡུན་རིང་ཚོགས་དུས་གཅིག་ཀྱང་ཆད་ལུས་མེད་པར་ལས་བཅར་ཞུས་ཐུབ་པ་བྱུང་ནས་ཚོགས་ཐོག་ཏུ་སྒེར་གྱི་གྲོས་ཆོད་གྲོས་འཆར་དང་ཐུགས་སྣང་གཞན་བསྐུལ། དེ་མིན་གྲོས་ཚོགས་སུ་གཞུ་སྒེར་གྱི་གྲོས་ཆོད་ཀྱི་འབྲེལ་ཡོད་བརྗོད་གཞི་ལ་རང་བློས་ཅི་ཅོག་གིས་བསམ་འཆར་དང་བགྲོ་གླེང་གསལ་པོ་བརྗོད་རྒྱུར་འབད་བརྩོན་ཞུས། དེའི་རིང་སྒེར་ངོས་ནས་གྲོས་ཚོགས་སུ་གྲོས་ཆོད་གྲོས་འཆར་དང་། ཐུགས་སྣང་གཞན་བསྐུལ་བཅས་ཁག་གསུམ་ཙམ་སྤྱི་འཐུས་གྲོས་ཚོགས་སུ་མང་མོས་སམ་སྤྱི་མོས་ཀྱིས་ལས་རིམ་དུ་ཚུད་དེ་འཛིན་སྐྱོང་ནས་ལག་བསྟར་དགོས་པ་ཆག་ཡོད།

 

ལེའུ་དང་པོ། གྲོས་ཚོགས་སུ་གྲོས་ཆོད་གྲོས་འཆར་ཇི་བཞག

བོད་མི་རིགས་འདི་ལོ་རྒྱུས་ཐོག་རང་བཙན་གྱི་གོ་བབ་ལྡན་པའི་རྒྱལ་ཁབ་རང་བཙན་གཙང་མ་ཞིག་ཡིན་པར་རྒྱལ་སྤྱིའི་ཐོག་ནས་འདིར་ཁུངས་བསྐྱེལ་ར་སྤྲོད་དགོས་སྐོར་གྱི་གྲོས་ཆོད་མ་ཡིག་འདི་ལྟར།

༡། གྲོས་ཚོགས་ཚོགས་ཐེངས་༢པ།

ཡིག་ཆ་ཨང་༥༤པ།

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་འདིར་རྒྱབ་སྐྱོར་གནང་མཁན།སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས།

མཉམ་འབྲེལ་རྒྱལ་ཚོགས་དང་།རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས།ཨ་རིའི་གྲོས་ཚོགས་དང་ཡུ་རོབ་གྲོས་ཚོགས།འཇི་ནི་ཝར་ཚོགས་པའི་བོད་རྒྱའི་བགྲོ་གླེང་ཚོགས་འདུའི་སྙན་ཐོ་དང་།གཟུར་གནས་ལོ་རྒྱུས་ཉམས་ཞིབ་པ་སོགས་ནས་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་གོང་གི་བོད་རང་བཙན་གྱི་ལོ་རྒྱུས་གནས་བབ་ལ་དྲང་བདེན་གྱི་ངོས་བཞེས་གནང་ཡོད་ནའང་།རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བཤད་ཀྱི་བྱེད་ཐབས་སྣ་དགུ་བརྩམས་དང་རྩོམ་བཞིན་ཡོད་པ་འདིས།དབུ་མའི་ལམ་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་འགྲོ་བཞིན་པར་དགོས་མེད་འགོག་རྐྱེན་དང་།རྒྱལ་སྤྱིའི་ཁྱོན་དུ་བོད་དོན་འཐབ་རྩོད་ཀྱི་བདེན་དོན་ཇི་བཞིན་མི་ཤེས་མཁན་རྣམས་མུན་འཐོམ་མགོ་རྨོངས་ཆགས་ཉེན་ཆེ་བར་བརྟེན།སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་ཅིག་འཇོག་དགོས་གལ་འགངས་ཆེ་བར་མཐོང་།

 

གྲོས་ཆོད།

འཛིན་སྐྱོང་བཀའ་ཤག་ནས་གཤམ་འོག་ལ་འགན་བསྐུར་ཏེ།རྒྱ་དམར་གྱིས་བཙན་འཛུལ་མ་བྱས་གོང་བོད་རང་བཙན་ཡིན་པའི་ཁྲིམས་མཐུན་ནུས་ལྡན་གྱི་དཔང་རྟགས་ཡོངས་ཕྱོགས་བསྡུས་ཀྱིས།དེབ་དང་བརྙན་རིས།བརྙན་འཕྲིན་སོགས་ཀྱི་ལམ་ནས་འཛམ་གླིང་སྐད་ཡིག་ཆེ་ཁག་ཏུ་དྲིལ་བསྒྲགས་དང་།དེ་མཚུངས་སུ་བོད་མིའི་སྒྲིག་འཛུགས་འདི་ཉིད་གཞིས་བྱེས་བོད་མི་ཡོངས་ཀྱིས་ངོས་འཛིན་གཅིག་གྱུར་ཡོད་པའི་གཞུང་ས་དགའ་ལྡན་ཕོ་བྲང་གི་རྒྱུད་འཛིན་གྱི་སྒྲིག་འཛུགས་ཤིག་ཡིན་པའི་ངོ་སྤྲོད་དྲིལ་བསྒྲགས་རྒྱ་ཆེར་བྱེད་དགོས་པ་དང་སྦྲགས།དེ་དོན་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ངོས་ལེན་ཡོང་ཐབས་བྱེད་དགོས་པའི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༡ཟླ་༩ཚེས་༢༣ལ།།

 

༢། གྲོས་ཚོགས་ཚོགས་དུས་ ༦ པ།

ཡིག་ཆ་ཨང་ ༡༤ པ།

ཐུགས་སྣང་གཞན་བསྐུལ།

གཞེན་བསྐུལ་ཞུ་ཡུལ། དཔལ་ལྡན་སྲིད་སྐྱོང་མཆོག

སྤྱི་འཐུས་སྒེར་གྱི་ཐུགས་སྣང་གཞན་བསྐུལ་འདིར་རྒྱབ་སྐྱོར་གནང་མཁན།སྤྱི་འཐུས་ག་བཟི་ཚེ་རིང་པོ་ལགས།

དེང་སྤྱི་ཚོགས་གང་སར་རི་མོ་དང་ཚོན་མདོག་སྣ་ཚོགས་ཅན་གྱི་ནོར་འཛོལ་ཤུགས་ཆེན་སོང་བའི་གངས་སེང་རྒྱལ་དར་མང་པོ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་འགངས་ཆེན་མཛད་སྒོ་སྣ་ཚོགས་སུ་བེད་སྤྱོད་གཏོང་བཞིན་པར་བརྟེན།དེའང་གསར་ལམ་གང་སར་ཁྱབ་བརྡལ་འགྲོ་བཞིན་ཤུགས་རྐྱེན་ངན་པ་ཐེབས་པ་འདི་སྐྱོན་ཆེན་པོ་མཐོང་བར་བརྟེན་བོད་ཀྱི་རྒྱལ་དར་གྱི་རི་མོ་འགྲེལ་བཤད་ནང་གསལ་ལྟར་ཚད་ལྡན་དགོས་པ་དང།གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་སུ་རུང་གི་མཛད་སྒོ་ཆེ་ཆུང་སྣ་ཚོགས་སུ་རི་མོ་དང་ཚོན་མདོག་དྭངས་གསལ་གྱི་ཚད་ལྡན་རྒྱལ་དར་གཅིག་གྱུར་བེད་སྤྱོད་ཆེད་འཛིན་སྐྱོང་བཀའ་ཤག་གིས་ལམ་སྟོན་ཞལ་གསལ་ཞིག་ཡོངས་ཁྱབ་ཏུ་གནང་དགོས་པའི་ཐུགས་སྣང་གཞེན་བསྐུལ་དུ།

 

ཚོགས་ཐོག་ནས་འགྲེལ་བརྗོད་འདི་ལྟར། (དེ་དང་དུས་མཚུངས་སུ་དཔལ་ལྡན་ཚོགས་གཙོ་མཆོགདེའི་འགྲེལ་བཤད་འགའ་ཞུ་ཆོག་པ་ཞུ། ཚང་མས་མཁྱེན་གསལ་ལྟར་རྒྱལ་དར་གྱི་འགྲེལ་བཤད་ཀྱི་བྱུང་རིམ་དེ་ཚང་མས་མཁྱེན་གསལ་རེད་བསམ་གྱི་འདུགགོང་དུ་ཉི་མའི་འོད་ཀྱི་འོག་ལ་གངས་སེང་ཁ་སྤྲོད། ནོར་བུ་མེ་འབར། མཐའ་སྐོར་གྱི་ཚོན་རིས་ཚང་མ་ང་ཚོས་ཤེས་དགོས་པ་ཞིག་རེད་ཀྱང་།བཀའ་སྤྱི་གཉིས་ཀྱིས་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ནོར་བ་རྒྱུན་འབྱམས་ཀྱི་རྒྱལ་དར་རྒྱུན་སྤྱོད་བྱེད་པ་འདི།དངོས་གནས་ཟུར་ཟ་རང་རེད་འདུག རྒྱལ་དར་གྱི་ཚོན་རིས་ནོར། འགྲོ་སྟངས་ནོར། མང་པོ་ཞིག་ནོར་བཞིན་འདུགགཅིག་གྱུར་བཟོ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན། དེ་ལ་དཔེ་མཚོན་ཞིག་ཞུ་ཆོག་པ་གནང་རོགས།གང་ཡིན་ཟེར་ན་བོད་ཀྱི་རྒྱལ་གཅེས་དཔའ་བོ་རྡོ་གཅོད་དཀོན་མཆོག་བསྟན་དར་ལགས་ཀྱིས་བརྩམས་པའི་ཁྲག་གི་མིག་ཆུ་ཟེར་བའི་དེབ་དེ་༢༠༠༢ ལོར་དཔར་བསྐྲུན་བྱས་འདུག དེབ་ནང་ཁོང་རང་གསར་དུ་འབྱོར་སྐབས་ཀྱི་གནས་ཚུལ་ཞིག་གསུངས་འདུགདེ་ནི་འདི་ལྟར་ཏེ་ངའི་མཐོང་ཚུལ་ལ་མཛད་སྒོའི་དུས་ཆེན་ཞིག་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གྱི་མཐའ་སྐོར་ལ་ཚོན་མདོག་དམར་པོས་བསྐོར་བ་ཞིག་མཐོང་རྒྱུ་འདུག  བོད་ཀྱི་རྒྱལ་དར་གྱི་མཐར་སེར་པོ་ཡིན་པ་དེ་སངས་རྒྱས་ཀྱི་བསྟན་པ་ཕྱོགས་ཀུན་ཏུ་མུ་མཐའ་མེད་པ་དར་བའི་རྟགས་ཡིན་པ་འགྲེལ་བརྗོད་ནང་གསལ་བས།དེའི་མཐའ་དམར་པོས་བསྐོར་བ་དེ་ནི་དམར་པོའི་རིང་ལུགས་ཕྱོགས་ཀུན་ཏུ་མུ་མཐའ་མེད་པ་དར་བའི་རྟགས་ལྟ་བུ་ཆགས་འགྲོ་བཞིན་འདུག་ཅེས་བྲིས་འདུགདོ་སྣང་ཡོད་མཁན་ཚོས་དེ་ལ་ཧང་སངས་ཀྱི་ཡོད། ང་ཚོ་ལ་མཚོན་དོན་གལ་ཆེན་གཉིས་ནི་རྒྱལ་དར་དང་ཁ་བཏགས་གཉིས་རེད།ད་ལྟའི་ཆར་དཔེ་མཚོན་འདི་ན་ཡོད་པས། ཚོགས་གཙོའི་བཀའ་འཁྲོལ་ཡོད་པའི་ཐོག་ནས་མིག་སྟོན་བྱེད་ཆོག་པ་ཞུ།འདིར་པར་རིས་མི་འདྲ་བ་ཉི་ཤུ་རྩ་གསུམ་ཙམ་ཡོད་པ་ཚང་མ་གལ་ཆེ་དོན་ཆེན་གྱི་མཛད་སྒོ་སོགས་ཀྱི་སྐབས་སུ་ནོར་འཛོལ་རྒྱུན་འབྱམས་སུ་སོང་བའི་རྒྱལ་དར་གྱི་པར་ཤ་སྟག་རེད།

སྒེར་ངོས་ནས་སྟག་སེང་ཁ་སྤྲོད་ལྟ་བུའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་གཉིས་ལ་དངོས་གནས་གུས་བརྩི་ཡོད།ཚད་མཐོན་པོའི་གུས་བརྩི་ཡོད། ཡིན་ནའང་མཛད་སྒོ་གལ་ཆེན་འགངས་ཆེན་འདིར། ཁོང་གཉིས་ཀྱི་རྒྱབ་ཕྱོགས་སུ་ཟུར་ཟ་ཆེན་པོ་ཞིག་སྟེ་རྒྱལ་དར་ནོར་འཛོལ་ཅན་ཞིག་བསྒྲེངས་ནས་ཡོད་པ་རེད།དེ་དག་དེང་སང་སྲང་ལམ་ཁག་ཏུ་འགྲོ་ཡི་ཡོད་རེད། དམངས་ཡོངས་ཀྱིས་དེ་ཚོ་ནོར་འཛོལ་རྒྱུན་འབྱམས་ཅན་གྱི་རྒྱལ་དར་ཡིན་པ་ཤེས་ཀྱི་ཡོད་ཚོད་མ་རེད།སྤྱིར་ང་ཚོའི་རྒྱལ་དར་ལ་ཚོན་རིས་མང་པོ་སོགས་ཡོད་སྟབས་ནོར་འཁྲུལ་འབྱུང་སྲིད་ཀྱང་དོ་སྣང་ཅན་གྱིས་བལྟས་པ་ཡིན་ན།ཧ་ལས་དགོས་པའི་ནོར་འཁྲུལ་རྒྱུན་འབྱམས་ཤིག་ཡིན་པ་དེ་མཐོང་ཐུབ་པ་ཞིག་རེད།  དེར་བརྟེན་རྒྱལ་དར་གྱི་ཚོན་མདོག་དང་རི་མོ་གཉིས་དེ་བཀའ་ཤག་གིས་ངེས་པར་དུ་གཅིག་གྱུར་བཟོ་དགོས་ཀྱི་འདུག

དུས་མཚུངས་སུ་ཁ་བཏགས་ཀྱི་སྐོར་ལ་ཡང་། དཔལ་ལྡན་ཚོགས་གཙོ་མཆོག་ནས།ཐུགས་སྣང་གཞེན་བསྐུལ་དེ་རྒྱལ་དར་གྱི་སྐོར་ལ་ཡིན་དུས་རྒྱལ་དར་རང་གི་ཐོག་ལ་བཞག་པ་ཡིན་ན་ཁ་བཏགས་ཀྱི་སྐོར་དེ་གཞུང་འབྲེལ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་མ་རེད། པར་དེ་དག་གྲོས་ཚོགས་ཀྱི་གསོལ་ཅོག་སྟེང་ལ་ཕུལ་རོགས་ཞུ། ) ཁ་བཏགས་ཀྱི་འགྲེལ་བཤད་དེ་ཁ་བཏགས་ཀྱི་གླེང་བ་ཞེས་པའི་ནང། བློ་བཟང་དོན་ལྡན། དབང་འདུད་ཚེ་རིང་།སངས་རྒྱས་བསྟན་དར་བཅས་ཀྱིས་བརྩམས་པའི་དེབ་ནང་གསལ་པོ་འདུག དཔལ་ལྡན་ཚོགས་གཙོ་མཆོག དར་ཚོན་སྣ་ལྔ་ཟེར་ན་ཚོན་མདོག་མི་འདྲ་བ་ཡོད།དེང་སང་བོད་ནང་ནས་ཁ་བཏགས་ཚོན་ཁྲ་ཅན་སྣ་ཚོགས། དཀར་སེར་དམར་ལྗང་སོགས་སྣ་ཚོགས་བརྒྱན་པ་དེ་ཚོ་ངའི་ཕ་ཡུལ་ཡིན་ན་དེ་ནི་སྐེད་རག་ལྟ་བུ་ཞིག་རེད།ཁ་སང་སྤྱི་འཐུས་ཞིག་གིས་གསུངས་སོང་། བོད་ཀྱི་ཆོས་དང་རིག་གཞུང་། སྲོལ་རྒྱུན་གྱི་ལུགས་བཟང་པོ་ཡོད་པ་དེ་དག་ང་ཚོ་དགྲ་ཕྱོགས་ཀྱིས་གཏོར་མི་ཐུབ་པའི་གལ་གནད་ཅིག་རེད་ཟེར་ནས་གསུངས་སོང་།ཁ་བཏགས་རྫུན་མ་དེ་ཚོ་རྒྱ་ནག་སྐམ་ས་ཆེན་པོ་ནས་བཏོན་ནས་ད་ལྟ་འཛམ་བུ་གླིང་ནང་ལ་ཁྱབ་བསྡད་འདུགབཀའ་ཤག་གི་ཚོགས་ཁང་ནང་དུའང་གད་སྙིགས་བསྒྱུར་ཚར་བའི་ཁ་བཏགས་དེ་ཚོ་བེད་སྤྱོད་བྱས་པ་དེ་འདྲ་འདུགདེ་སྔོན་ང་ཚོའི་སྤྱི་འཐུས་གྲོས་ཚོགས་ཀྱི་ནང་ལ་མཐོང་འཇོག་དགོས་པའི་དཔལ་འབར་བསྐོར་བསྐྱོད་སྒང་ལ་ཡང་གད་སྙིགས་ཅན་གྱི་ཁ་བཏགས་སྒྲོན་ནས་བཞག་ཡོད་པ་རེད།

དེའང་བོད་ཀྱི་ཆོས་དང་རིག་གཞུང་སྲོལ་རྒྱུན་གྱི་ལུགས་བཟང་ལ་ཐད་ཀར་རྒོལ་བའི་གནས་སྟངས་ཤིག་ལ་ངོས་འཛིན་གྱི་ཡོད།མཐའ་མཇུག་དེར་ཨ་རིར་གནས་བཞུགས་གྲོགས་པོ་གཅོད་པ་ཐར་ལགས་ཀྱིས་ཡུན་རིང་དེའི་སྐོར་དོ་སྣང་ཆེན་པོས་ནོར་བ་རྒྱུན་འབྱམས་ཀྱི་རྒྱལ་དར་དང་ཁ་བཏགས་ཀྱི་པར་རིས་འདི་དག་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དེ་ཚོ་ཡོ་བསྲང་དགོས་པའི་བསྐུལ་མ་གནང་འདུག ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

༣། གྲོས་ཚོོགས་ཚོགས་དུས་ ༩ པ།

ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་གཡུ་སྒྲོན་ལགས།

ཐུགས་སྣང་གཞེན་བསྐུལ་ཞུ་ཡུལ།དཔལ་ལྡན་ནང་སྲིད་བཀའ་བློན་མཆོག

བཀའ་ཤག་སྐབས་བཅུ་གསུམ་པས་བུད་མེད་དང་འབྲེལ་བའི་སྲིད་ཇུས་བརྒྱད་ཅན་ཞིག་གཏན་འབེབས་གནང་བ་འདི་ལོ་རྒྱུས་ཐོག་བོད་ཀྱི་བུད་མེད་དང་འབྲེལ་བའི་སྲིད་ཇུས་ཐོག་མ་དེ་ཡིན།དེའང་སྲིད་ཇུས་བརྒྱད་ཅན་འདི་བུད་མེད་དང་འབྲེལ་བའི་ལས་དོན་ཐད་སྤྱི་འཁོག་ཅིག་ལ་ངོས་འཛིན་པའི་ཐོགཞིབ་ཕྲའི་ལས་དོན་ཐད་རང་གཞུང་ནང་སྲིད་ཁྱབ་ཁོངས་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་བྱེད་སྒོ་ཁག་འཐུས་སྒོ་ཇེ་ཚང་དུ་གཏོང་ཕྱིར་ལས་གཞི་འདིར་སྒྲོམ་གཞི་དང་ཕུགས་རྒྱང་རིང་བའི་ལས་འཆར་ཞིག་དང་ཆ་རྐྱེན་འོག་མིག་སྔར་བུད་མེད་ཀྱི་ནུས་ཤུགས་སྤེལ་མཁན་གྱི་ཆེད་དམིགས་ལས་བྱེད་ཅིག་ཡིན་དགོས།

ལས་དོན་བྱེད་ཕྱོགས་སྐོར་ལོ་རེར་ཐེངས་གཉིས་ཙམ་ས་གནས་ཁག་ཏུ་ཕྱོགས་བསྐྱོད་ཀྱིས་འབྲེལ་ཡོད་སྡེ་ཚན་ཡོངས་སུ་འཛིན་སྐྱོང་གི་སྲིད་ཇུས་ཁག་ཚུད།སྲིད་ཇུས་བརྒྱད་ཅན་གྱི་དགོངས་དོན་ལག་བསྟར་ཚུལ་མཐུན་ཇི་ལྟར་སྤེལ་མིན་རྟོག་དཔྱོད།གཞན་དུས་ཐོག་ཟབ་སྦྱོང་བཅས་སྤྲད་པའི་བྱུང་འབྲས་སུ་དགེ་སྐྱོན་གྱི་ཆ་ཇི་ཡོད།དཔེར་ན་སྒྲིག་འཛུགས་ནས་ཕོ་མོ་གཉེན་སྒྲིག་གི་ཆང་ས་དཔང་ཡིག་ལ་སྔོན་འགྲོའི་ངོ་སྤྲོད་ཡིག་ཆ་སྤྲོད་དགོས་མིན།བཟའ་འཐོར་སྐབས་ཕོ་མོ་གཉིས་ནས་འགན་ཇི་ལྟར་འཁྱེར་དགོས་མིན།བཟའ་འཁོན་སྐབས་འདུམ་འགྲིག་གི་ལས་དོན་བྱེད་ཕྱོགས་སོགས་རྒྱལ་སྤྱིའི་འབྲེལ་ཡོད་ཁྲིམས་གཙོ་གྱུར་ཡུལ་ཁྲིམས་ཀྱི་ནང་དོན་ལྟར་མ་འོངས་པར་བོད་ཀྱི་བུད་མེད་སྐོར་རང་རེའི་བཅའ་ཁྲིམས་ནས་སྟངས་འཛིན་ཚུལ་མཐུན་ཞིག་ཇི་ལྟར་དགོས་མིན་བཅས་ཐད་དུས་ཚོད་གཏན་འབེབས་ཀྱིས་ལས་དོན་སྤེལ་གལ།བུད་མེད་དང་འབྲེལ་བའི་སྲིད་ཇུས་དང་ཁྲིམས་ཀྱི་ནང་དོན་གཞན་ཁ་གསབ་ག་རེ་དགོས་མིན་བཅས་ལ་ཆེད་འཛུགས་ལས་བྱེད་འདིས་རྟོག་དཔྱད་དང་ཉམས་ཞིབ་ཀྱིས་སྙན་ཐོ་དུས་ཐོག་སྤེལ་དགོས་པ་བཅས་ཀྱི་ཐུགས་སྣང་གཞེན་བསྐུལ་དུ།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས།

ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན།སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས།

ལེའུ་གཉིས་པ། སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་རྒྱ་གར་དཔོན་རིགས་ལ་ཞུ་གཏུག་ལས་འགུལ།

དུས་ཀྱི་འཕོ་འགྱུར་དང་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་བྱང་ཕྱོགས་དང་བྱང་ཤར། ལྷོ་ཕྱོགས་བཅས་ཚོགས་ཆུང་ཁག་གསུམ་བགོས་ཏེ་གནས་ཡུལ་རྒྱལ་ཁབ་ཏུ་བོད་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་ཞུ་གཏུག་ལས་འགུལ་དུ་ཟླ་གཅིག་རིང་དང་། ༢༠༡༣ ཟླ་དང་པོ་ནས་འགོ་འཛུགས་ཀྱིས་དུས་ཡུན་ཟླ་བ་གཅིག་གི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ། རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་རྒྱུའི་གསལ་བསྒྲགས་གནང་བ་བཞིན། ཟླ་འདིའི་ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱང་ཕྱོགས་སྐུ་ཚབ་ཚོགས་ཆུང་དུ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས།  སྤྱི་འཐུས་རྨོ་རུ་བསྟན་པ་ལགས་དང་ཡེ་ཤེས་སྒྲོལ་མ་ལགས། ཐུབ་བསྟན་ལུང་རིགས་དང་གངས་ལྷ་མོ་བཅས་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཁག་གི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་དངོས་སུ་འགོ་འཛུགས་གནང་ཡོད།

གཤམ་གསལ་ནི་ཐེངས་འདིའི་བྱང་ཕྱོགས་ཞུ་གཏུག་ལས་འགུལ་ཚོགས་ཆུང་ནས་ལས་བསྡོམས་ཀྱི་སྙན་ཐོ་གོང་འབུལ་ཞུས་པའི་ནང་དོན་ཞིབ་ཕྲ་ཁག་འགོད་དགོས་ཀྱང་མ་ཡིག་མ་རྙེད་ནས་ཆད་ལུས་ཤོར་ཡོད་ཀྱང་། དེའི་སྐོར་གཞུང་སྒེར་གསར་ལམ་ཁག་ཏུ་འཁོད་ཅིང་། ངེད་ཚོགས་ཆུང་གི་ལས་དོན་ཕྱོགས་བསྡོམས་མ་ཡིག་ཀྱང་སྤྱི་འཐུས་ལྷན་ཚོགས་སུ་འབུལ་ལམ་ཞུས་ཡོད་པ་རེད།

ལེའུ་གསུམ་པ།

གཞུང་དམངས་ཛ་དྲག་ལས་འགུལ་ཐེངས་གཉིས་པར་མགོ་མཇུག་བར་གསུམ་དུ་མཉམ་བཞུགས་ཞུས།

འདི་སྐོར་གསར་ལམ་ཁག་ཏུ་བཀོད་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་འཚོགས་རྒྱུའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་ཆེན་མོའི་ནང་དབུ་འཛུགས་རྗེས་ཚོགས་ཆུང་ཁག་གི་གྲུབ་དོན་བཞིན་གཞུང་དམངས་གཉིས་ནས་བོད་གཞིས་སུ་ཛ་དྲག་གནས་སྟངས་ལ་དཔག་པའི་གཞུང་དམངས་ལས་འགུལ་ཆེན་པོ་ཞིག་རྒྱ་གར་གྱི་རྒྱལ་ས་ལྡིར་ལིར་གཞི་རྒྱ་ཆེན་པོ་ཐེངས་ཤིག་སྤེལ་བར་བཞུགས། 

ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ པའི་ཚེས་ ༢ བར་རྒྱ་གར་རྒྱལ་ས་ལྡི་ལིར་སྤེལ།

ལེའུ་བཞི་པ།

རྒྱ་གར་གྱི་དཔོན་རིགས་ལ་སྙན་འབུལ་དང་འབྲེལ་གསོལ་སྟོན་དུ་གདན་ཞུའི་ཆེད་བཅར།

དེ་མིན་གཞན་ཡང་གནས་ཡུལ་གྲོས་ཚོགས་གོང་འོག་དང་གནད་ཡོད་ཀྱི་མི་སྣ་ཁག་གི་དབུ་འཁྲིད་དམ་སྤྱི་འཐུས་རྣམས་པ་ཚོར་ཚོགས་ཆུང་ཁག་བགོས་ཀྱིས་ཟུར་བཅར་དང་འབྲེལ་ལས་འགུལ་དུ་ཉིན་ཞག ༡༡ རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཉམ་བཞུགས་ཞུས།

ལེའུ་ལྔ་པ།

ལོ་ལྔའིརིང་སྔ་སྲོལ་ལྟར་ཆ་བགོས་ལྟར་རྒྱུན་ལས་སུ་ཕྱི་ལོ་ ༢༠༡༤ ལོ་གཅིག་ཧྲིལ་པོར་ལས་འཁུར་ཞུས།

རྒྱུན་ལས་ནས་ལས་བགོས་ལྟར་རྒྱུན་འབྲེལ་སྡེ་ཚན་དུ་ལས་འཁུར་ཞུས། དེའི་རིང་སྤྱི་འཐུས་རྒྱུན་ལས་རྒྱུན་འབྲེལ་སྡེ་ཚན་དུ་ལས་བཅར་སྐབས་རྒྱུལ་སྲོལ་ལྟར་གཟའ་འཁོར་རེར་རྒྱུན་ལས་ལྷན་འཛོམས་ཐེངས་གཉིས་ཙམ་ཚང་འཛོམས་སྐབས་སུ་རང་གི་བསམ་འཆར་ཇི་ཡོད་གང་ཐུབ་ཞུས། དེ་མིན་དུས་འདིའི་རིང་ལ་འཛིན་སྐྱོང་ཁྱབ་ཁོངས་ཁག་གི་ས་གནས་ཁག་གི་ཁ་བྱང་དང་འབྲེལ་མཐུད་མིང་བྱང་སྟབས་བདེ་ལྟ་བདེའི་རེའུ་མིག་ཅིག་བསྒྲིག་ཐུབ་པ་བྱས་ཡོད། དེའང་དཔལ་འབྱོར་རྒྱུན་འབྲེལ་སྡེ་ཚན་དང་གུས་མོ་མཉམ་འབྲེལ་གྱིས་རྒྱུན་ལས་སུ་མིང་བྱང་མཁོ་སྤྲོད་བྱུང་བ་ཁག་གཙོ་བཟུང་ཞུས། དེ་བཞིན་བདུན་རེར་རྒྱུན་ལས་ལྷན་འཛོམས་ཐེངས་གཉིས་རེར་མཉམ་བཞུགས་གཅིག་མཚུངས་དང་། སྒེར་གྱི་བསམ་ཚུལ་མཉམ་སྤུངས་གང་ནུས་ཞུས་པ་ལས་ཉིན་གཅིག་ཀྱང་དགོངས་ཞུ་མ་ཞུས་པར་བཅར་ཡོད།

ལེའུ་དྲུག་པ།

ཚོགས་ཆུང་ཁག་ཏུ་མཉམ་བཞུགས་ཇི་ཞུས་སྐོར།

སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དགོངས་དོན་ལྟར་བཙུགས་པའི་སྐབས་བཅོ་ལྔ་པའི་ལས་ཡུན་རིང་ཁྱོན་བསྡོམས་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ལྔ་པ་དང་དྲུག་པ། བདུན་པ་བཅས་སྐབས་གསུམ་ཚུགས་པའི་ནང་གུས་མོ་མང་ཚོགས་རྩིས་ཕྲ་ཚོགས་ཆུང་སྐབས་ལྔ་པར་བཞུགས་འདོད་ཆེའང་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་དུས་དང་འཁེལ་སྟབས་རྒྱུན་ལས་གཞན་གྱིས་གུས་མོར་བསམ་འཆར་བཏོན་བར་བརྒྱུད་སྐབས་ལྔ་པའི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་དུས་ཡུན་ཟླ་བ་མ་ཟིམ་ཙམ་ནས་མཇུག་བསྒྲིལས་དགོས་བྱུང་ཡང་། དེ་མིན་སྐབས་དྲུག་པ་དང་། བདུན་པ་གཉིས་སུ་ཆ་ཚང་མཉམ་བཞུགས་ཀྱིས་ལས་འཁུར་ནང་མཇུག་བསྒྲིལ་རབ་བར་དུ་ལས་བཅར་ཐུབ་པ་བྱུང།

དེ་མིན་གཅིག་མཚུངས་ཀྱིས་སྤྱི་ལྷན་ནས་བཙུགས་པའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་སྐབས་གཅིག་ཏུ་མཉམ་བཞུགས་ཀྱིས་ཚོགས་ཆུང་དུ་ཚོགས་མི་རྣམས་ཀྱིས་སྤྱི་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་གཙོ་བོ་ཁག་ཅིག་གྲུབ།

ལེའུ་བདུན་པ། སྤྱི་འཐུས་ས་བགོས་ལས་དོན་དུ་སྡེ་ར་ལྡུན་ཁྱབ་ཁོངས་ཁག་བཅུ་གསུམ་ཙམ་ལ་ལྟ་བསྐོར་བཅར་བའི་སྐོར།

སྤྱི་འཐུས་གངས་ལྷ་མོ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ།

༢༠༡༤།༥།༥།ཉིན་རྡ་ས་ནས་རྡེ་ར་རྡུན་བདེ་སྐྱིད་གླིང་ཕྱོགས་སུ་ཐོན་རྒྱུ།

༢༠༡༤།༥།༦།ཉིན་ཞོགས་པར་བདེ་སྐྱིད་གླིང་དུ་འབྱོར་རྒྱུ།

༢༠༡༤།༥།༧།ཉིན་བདེ་སྐྱིད་དོན་ལྡན་གླིང་དང་རཱ་ཇི་པུར་དུ་ལས་དོན་སྤེལ་རྒྱུ།

༢༠༡༤།༥།༨།ཉིན་ཚེ་རིང་དོན་ལྡན་གླིང་དུ་ཐོན་རྒྱུ།

༢༠༡༤།༥།༩།ཉིན་ཚེ་རིང་དོན་ལྡན་གླིང་དུ་ལས་དོན་སྤེལ་རྒྱུ།

༢༠༡༤།༥།༡༠།ཉིན་མ་སུ་རིར་ཐོན་རྒྱུ།

༢༠༡༤།༥།༡༡།ཉིན་མ་སུ་རིར་ལས་དོན་སྤེལ་རྒྱུ།

༢༠༡༤།༥།༡༢།ཉིན་གླིང་ཚང་ལ་ཐོན་རྒྱུ།

༢༠༡༤།༥།༡༣།ཉིན་གླིང་ཚང་དུ་འབྱོར་ནས་ལས་དོན་སྤེལ་རྒྱུ།

༢༠༡༤།༥།༡༤།ཉིན་ཧ་རི་རྡུ་ཝར་ཕྱོགས་སུ་ཐོན་རྒྱུ།

༢༠༡༤།༥།༡༥།ཉིན་ཧ་རི་རྡུ་ཝར་དང་ན་ནི་ཊལ་གཉིས་སུ་ལས་དོན་སྤེལ་རྒྱུ།

༢༠༡༤།༥།༡༦།ཉིན་སཱ་རན་སྤུར་ཐོན་རྒྱུ།

༢༠༡༤།༥།༡༦།ཉིན་སཱ་རན་སྤུར་འབྱོར་ནས་ལས་དོན་སྤེལ་རྒྱུ།

༢༠༡༤།༥།༡༧།ཉིན་མེ་འཁོར་དུ་ཝ་ར་ན་སིར་ཐོན་རྒྱུ།

༢༠༡༤།༥།༢༠།ཉིན་ཝ་ར་ན་སིར་སློབ་གྲྭ་དང་ས་གནས་སུ་ལས་དོན་སྤེལ་རྒྱུ།

༢༠༡༤།༥།༢༢།ཉིན་ཕྱིར་རྡ་སར་འབྱོར་རྒྱུ་བཅས་ཀྱི་ལས་རིམ་རགས་བསྡུས་སུ།

སྤྱི་འཐུས་གངས་ལྷ་མོ་དང་སྤྱི་འཐུས་རྒྱ་རིགས་ཐར་གཉིས་ཀྱི་ས་བགོས་ཁག་སྟེ།སཱ་རན་སྤུར་དང་།མ་སུ་རི།ར་ཇི་པུར།བདེ་སྐྱིད་གླིང་།ཚེ་རིང་དོན་ལྡན་གླིང་།རྡེ་ར་རྡུན།ཀལ་མན་ཊོན།གླིང་ཚང་།རི་ཤི་ཀེ་ཤ།ཧ་རི་རྡུ་ཝར།ན་ནི་ཊལ།ཝ་ར་ན་སི།གྷོ་རག་པུར་བཅས་ཡིན།  དེའི་ནང་རི་ཤི་ཀེ་ཤར་དང་གྷོ་ར་པུར་གཉིས་ལ་དབྱར་དུས་སུ་བོད་མི་བསྡད་མཁན་མེད་པར་བརྟེན།ས་ཁུལ་འདི་གཉིས་སུ་འགྲོ་འཆར་མེད།དེ་མིན་ས་གནས་སུ་འབྲེལ་མཐུད་བརྒྱུད་གོང་གསལ་ཟླ་ཚེས་རགས་བསྡུས་ལས་འགྱུར་བ་འགྲོ་སྲིད་ཅིང་།སྤྱི་འཐུས་རྒྱ་རིགས་ཐར་ལགས་གཞུང་དོན་ཕྱིར་འགྲོ་ཐབས་མེད་ཅིང་།ད་ཐེངས་སྤྱི་འཐུས་གངས་ལྷ་མོ་གཅིག་པུར་ཕྱོགས་བསྐྱོད་འགྲོ་རྒྱུ་བཅས།

འབྲེལ་མཐུད་ཁ་པར་ཨང་།སྤྱི་འཐུས་གངས་ལྷ་མོ།༩༨༨༢༧༢༢༧༢༥

རོགས་པའི་ཁ་པར་ཨང་།༩༨༨༢༩༥༢༢༨༠

ལེའུ་འདིའི་སྤྱི་ལྷན་གྱིས་ལས་བགོས་མཇུག་བསྒྲིལ་རྗེས་ལས་དོན་སྐོར་སྙན་ཐོ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གུས་མོ་སྤྱི་འཐུས་གངས་ལྷ་མོ་དང་རྒྱ་རིགས་ཐར་ལགས་ངེད་གཉིས་ས་བགོས་ཕྱོགས་སྐྱོད་དྷེ་ར་དྷུན་ཁྱབ་ཁོངས་ཁག་དགུ་དང་ཝ་ར་ན་སི་བཅས་སུ་འཚམས་གཟིགས་འགྲོ་དགོས་པའི་བཀའ་བཀོད་ལྟར་ཡང་། སྤྱི་འཐུས་རྒྱ་རིགས་ཐར་ལགས་སྤྱི་ལྷན་གལ་ཆེའི་གཞུང་དོན་གྱིས་ད་ཐེངས་མཉམ་སྐྱོད་མ་ཐུབ་པ་དང་། ངོས་གཅིག་པུ་སྐྱོད་རིང་ཝ་ར་ན་སིའི་སློབ་མའི་རྒྱུགས་སྤྲོད་དང་སྟབས་འཁེལ་བས་ཝ་ན་ས་གནས་ནས་སྤྱི་ལྷན་དུ་ཡིག་ཐོག་སྙན་ཞུ་ཕུལ་བ་ལྟར་རྗེས་སུ་བཅར་མཐུས་སྐོར་ཚེས་ ༡༡ ཉིན་ཚོགས་དྲུང་མཆོག་ནས་ཞལ་པར་འབྱོར་བ་ལྟར་བྱ་རྒྱུ་ཞུས་ཤིང་། དེ་མིན་དྷེ་ར་དྷུན་ཕྱོགས་སུ་ས་བགོས་ཁག་དགུ་ཚང་མར་ཆེད་བཅར་ཞུས་པའི་སྙན་ཐོ་གཤམ་གསལ།

གཅིག བདེ་སྐྱིད་གླིང་།

སྤྱི་འཐུས་ས་བགོས་གཏན་འབེབས་ལྟར་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༥ དགུང་མོ་རྡ་ས་ནས་ཐོན་ཏེ་ཚེས་ ༦ ཞོགས་པ་ཆུ་ཚོད་ ༧།༢༠ ཙམ་ལ་དྷེ་ར་དྷུན་བདེ་སྐྱིད་གླིང་གཞིས་ཆགས་སུ་འབྱོར། ས་གནས་འགོ་འཛིན་འཕྲིན་ལས་འཇིགས་མེད་ལགས་ནས་མཐུན་སྦྱོར་འོག་ས་འཐུས་དང་རང་བདེན་ཚོགས་ཆུང་། དེ་བཞིན་ལས་བྱེད་རྣམ་པ་ཚང་འཛོམས་སྔ་དྲོའི་ཆུ་ཚོད་ ༡༠ པར་བདེ་སྐྱིད་གླིང་ཚོགས་ཁང་དུ་མི་མང་སུམ་བརྒྱ་མ་ཟིན་ཙམ་ལ་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་ཚོགས་ཐེངས་དྲུག་པའི་ཐོག་ཐག་གཅོད་བྱུང་བའི་གྲོས་དོན་ཁག་གི་ནང་དོན་ལྟར།

༡) ༸རྒྱལ་བའི་མཛད་འཕྲིན་ཐོག་གཙོ་བོ་ནང་པ་ཡིན་པའི་ཆ་ནས་བླ་སློབ་དབར་དད་པ་དམ་ཚིག་གཡོ་བ་མེད་པ་དང་། བཅོས་མ་ཡིན་པ་དགོས་གལ། ༢)གྲོས་ཚོགས་ཐེངས་དྲུག་པའི་ཐོག་བསྐྱར་བཅོས་ཟིན་པའི་ཁག་ནང་རྗེས་དྲན་གྲོས་ཆོད་གཉིས། མྱ་ངན་གུས་འདུད་ཀྱི་གྲོས་འཆར་གཉིས། ཨ་རིའི་སཱན་ཧྥ་རན་སི་ལ་དོལ་རྒྱལ་རྗེས་འབྲང་པས་བྱ་སྤྱོད་སྐོར་འཛིན་སྐྱོང་ནས་ཞིབ་འཇུག་དགོས་པའི་གྲོས་ཆོད། གྲོས་ཆོད་ཅིག་ལ་བསྒྱུར་བཅོས། སྒྲིག་འཛུགས་ཀྱིས་འཛིན་སྐྱོང་སྒྲིག་དོན་དྲུག་པའི་ནང་གསེས་བཞི་པའི་ནང་གསལ་ལྟར་ཁྱབ་ཁོངས་སྡེ་ཚན་གྱི་ཟུར་འཛར་མཚན་ཐོ་ཞེ་དྲུག་འཁོད་ཐོ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཚོགས་ཀྱི་གནས་བབ་ཇི་ཆགས་འབྲེལ་ལམ་དམ་ཟབ་ཇི་དགེའི་ཞིབ་འཇུག་ཚོགས་ཆུང་ཟུར་བཙུགས་ཀྱི་དུས་ཚོད་འཕར་འགྱང་གི་གཞུང་འབྲེལ་གྲོས་ཆོད།

སྒྲིག་གཞི་ཁག་བསྐྱར་བཅོས་ནང་བཅའ་ཁྲིམས་བསྐྱར་བཅོས། སྤྱི་ལྷན་ཚོགས་འདུའི་འགྲོ་ལུགས་དང་སྒྲིག་གཞི་བསྐྱར་བཅོས། དཔྱ་དངུལ་བསྡུ་དངུལ་སྐོར་ཁྲིམས་ཡིག་བསྐྱར་བཅོས། ཆེས་མཐོའི་ཁྲིམས་ཞིབ་པ་དང་གཞན་གཉིས། བཀའ་བློན་རྣམས་དང་། དབུས་འོས་བསྡུའི་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ། རྩིས་ཞིབ་སྤྱི་ཁྱབ་པ་བཅས་ཀྱི་ཕོགས་དང་ཟུར་ཕོགས་སྐོར། གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་སྒྲིག་གཞིར་བསྐྱར་བཅོས། གཏོང་ལེན་ཁྲིམས་ཡིག་གཉིས། རྩིས་ལོ་ ༢༠༡༣ ནས་ ༢༠༡༤ ཡོང་འཆར་ལ་སྦེང་ལོར་དང་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྨན་ཁང་ཁག ཕྱོགས་བསྡོམས་ཡོང་འཆར་བཅས་ལ་བསྐྱར་བཅོས་བྱུང་སྐོར།

གཞན་ཡང་བཀའ་སྤྱི་གཉིས་ཀྱི་མཛད་གཙོ་དང་སྲི་ཞུ་བ་རྣམས་༸རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས་པ་བརྒྱུད། སྤྱི་འཐུས་ཚོགས་གཙོ་མཆོག་དང་སྲིད་སྐྱོང་མཆོག་གཉིས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་ཕེབས་གསལ་ནང་གི་ལུང་འདྲེན་ནང་གཙོ་བོ་ཁག་སྟེ་ཚོགས་གཙོ་མཆོག་གིས་༼དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ནས་བོད་མི་ཚོར་གཞིས་བྱེས་མཉམ་འཛོམས་ཡོང་བའི་དུས་ཚོད་ཅིག་ཏན་ཏན་ཡོང་གི་རེད། ཅེས་དང་། གཞན་ཡང་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་དགོང་གྲངས་དེ་འདང་ངེས་ཤིས་པ་ཡོང་གི་རེད།

 

བརྟན་བཞུགས་དགོས་ཡག་ཡོད་མ་རེད། འཛིན་སྐྱོང་དང་སྤྱི་འཐུས་ལས་བྱེད་ཚོའི་ངོས་ནས་འབད་པ་ལྷོད་མེད་བྱ་རྒྱུ་གལ་ཆེ་༽སོགས་བཀའ་སློབ་ཕེབས་པ་དང་། སྲིད་སྐྱོང་མཆོག་གིས་ཀྱང་༼མཇལ་ཁ་སྔོན་ནས་༸རྒྱལ་བ་རིན་པོ་ཆེ་གངས་སྐྱིད་ལ་ཕེབས་འཆར་ཡོད་སྐོར་འདུག་པ་དང་། སྐབས་བབ་ཀྱི་མཇལ་བཅར་དེའང་ཕྱི་གསལ་ནང་གསལ་དང་བགྲོ་གླེང་གི་ངོས་ནས་ཡིན་ᫍཞེས་ཐུགས་མཉེས་པོ་དང་བག་ལྷོད་ལྷོད་ཐོག་སྲིད་ཞུ་བ་ཚོ་རྩ་ཆེན་པོར་དགོངས་ནས་བཀའ་སློབ་གནང་སོང་། དབུ་མའི་ལམ་དང་དགོང་གྲངས་གནས་བབ་དེ་ཞར་དང་ཞོར་ལ་གསུངས་པ་ལས་ཆེད་མངགས་གསུང་རྒྱུ་མིན་ལུགས། བོད་གཞིས་བྱེས་གཉིས་ཀྱི་མི་མང་རྣམས་ཐུགས་འཕྲལ་མི་དགོས་གསུངས།༽པ་སོགས་འགྲེལ་བརྗོད་ཞུས།

དེ་མིན་དོལ་རྒྱལ་སྐོར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་གསལ་བཤད་གྲ་རྒྱས་པོ་ཡོད་པའི་ཡིག་ཆ་ཁག་དྲ་ལམ་ཁག་ཏུ་ཡིག་ངག་གཉིས་ནས་སྤེལ་ཟིན་པ་མ་ཟད། ཡིག་ཐོག་མཉམ་འཁྱེར་དགོས་མཁོ་ཅན་ལ་ཕུལ་རྒྱུ་བཅས་ཀྱི་ནང་དོན་ཁག་མི་མང་ལ་འགྲེལ་བརྗོད་ཞུས།

གཞན་བོད་ནང་ད་བར་རང་ལུས་མེར་སྲེག་གཙོས་ཛ་དྲག་གནས་སྟངས་དང་མང་གཙོའི་ལམ་ལུགས་ཐོག་གོ་རྟོགས་སྤེལ་ཕྱོགས་བཅས་ལ་ཆུ་ཚོད་གཉིས་ལྷག་མི་རིགས་ཀྱི་ལ་རྒྱ་འཛིན་ཕྱོགས་དང་འབད་བརྩོན་གྱི་སེམས་ཤུགས་དགོས་སྐོར་སོགས་འགྲེལ་བརྗོད་བྱས་མཐར་འཇམ་དབྱངས་རྒྱ་མཚོ་ལགས་དང་། བསོད་ནམས་དགའ་བ། ཕུན་ཚོགས་རྡོ་རྗེ། བཀྲ་ཤིས་དོན་འགྲུབ། ཚེ་རིང་དོན་འགྲུབ་བཅས་དྲུག་གིས་དྲི་བ་མི་འདྲ་བ་ཁག་ཉི་ཤུ་ཙམ་བྱུང་བར་ལན་འདེབས་ཞུས། དེའི་ནང་ནས་ཚེ་རིང་དོན་འགྲུབ་ལགས་ཀྱིས་དགུན་ཚོང་མི་འབོར་མཉམ་འདུས་ས་ཆའི་ཐོག་ཧི་མ་ལའི་ཡུལ་མི་མིག་དམར་ཟེར་བ་ཞིག་གིས་བོད་མིའི་ཁྲོམ་ས་ཟིན་པའི་ཐོག་དཀའ་ཁག་བཟོས་ལུགས་གསུང་པར་སྤྱིའི་ཆ་ནས་རང་རེ་མི་རིགས་གཅིག་པའི་ཧི་མ་ལའི་མི་མང་དབར་མཐུན་ལམ་གང་ཟབ་དགོས་གལ་གྱི་འགྲེལ་བརྗོད་བརྒྱུད་ཁོང་གིས་གང་གསུངས་པ་དེ་དག་བཀའ་སྤྱི་གཉིས་ཀྱིས་སླད་ཕྱིན་དེའི་ཐོག་འབྲེལ་ཆགས་མི་རིགས་ཀྱི་མཛད་གཙོའི་དབར་ཐག་གཅོད་ཡག་པོ་ཡོང་བའི་རེ་འདུན་འབྲེལ་ཡོད་འཛིན་སྐྱོང་སྡེ་ཚན་ལ་ལན་འདེབས་འབུལ་རྒྱུའི་ཁས་ལན་ཞུས།

ཕྱི་དྲོ་ཆུ་ཚོད་ ༢ ནས ༧ བར་ས་གནས་འགོ་འཛིན་གྱིས་སྣེ་ཤན་འོག་ས་གནས་ཁྲིམས་ཞིབ་ཁང་དང་ས་གནས་རྩིས་ཞིབ་ཁང་དུ་ལྟ་བསྐོར། འབྲི་གུང་བྱང་ཆུབ་ཆོས་གླིང་མ་དགོན་དང་བཙུན་དགོན་བསམ་གཏན་གླིང་གཉིས་སུ་མཇལ་བཅར་ཞུས།

གཉིས།  ཚེ་རིང་དོན་ལྡན་གླིང་།

ཟླ་ ༥ ཚེས་ ༧ ཉིན། ཞོགས་པ་ཆུ་ཚོད་ ༡༠ ནས་ ༡༢། ༣༠ བར་ཚེ་རིང་དོན་ལྡན་གླིང་གཞིས་ཆགས་ཚོགས་ཁང་དུ་སྤྱི་མི་དྲུག་དང་མི་མང་བརྒྱ་ཙམ་འདུ་འཛོམས་ཐོག་གོང་ལྟར་ཞུ་སྒོ་ཁག་གྲུབ་རྗེས། བདེ་སྡུག་ཞུ་མཁན་དགེ་རྒན་པདྨ་སྒྲོལ་དཀར་ལགས་ནས་ས་གནས་མི་མང་འཐུང་ཆུའི་དཀའ་ངལ་སྐོར་གསུངས་པར་ས་གནས་འགོ་འཛིན་འཕྲིན་ལས་འཇིགས་མེད་ལགས་ནས་འགྲེལ་བཤད་གནང་དོན། ༡)རྒྱ་གར་ནས་ཆུ་མཛོད་རྒྱག་རྒྱུའི་ལས་དོན་གྲུབ་མཚམས་བོད་མིའི་སྡོད་གནས་སུ་ཆུ་གཏོང་རྒྱུ་མོས་མཐུན་ཡོད་པ། ༢)སྔོན་སྲིད་སྐྱོང་མཆོག་ཕེབས་དུས་གནས་སྟངས་རྒྱུས་ལོན་བྱས་པ། ༣)ས་འོག་འཐུང་ཆུ་འདོན་ཐབས་སུ་ལས་གཞི་འགྲོ་མུས་དང་དབུས་འཕྲོད་བསྟན་ལྷན་ཁང་དུ་སྙན་ཞུ་ཕུལ་ཟིན་ལུགས་བཅས་ལན་འདེབས་གནང་། གཞན་བཀྲ་ཤིས་མཚོ་མོས་སེམས་ཚོར་ཆེན་པོས་སྒེར་གྱི་སྡོད་ཁང་ཉོ་མ་ཐུབ་པའི་དཀའ་ངལ་སྐོར་གསུང་པར་ས་གནས་འགོ་འཛིན་མཆོག་གིས་ཁང་པ་ནང་ཚོང་མི་ཆོག་པའི་སྒྲིག་གཞི་ཡོད་སྐོར་ལན་འདེབས་དང་། ངོས་ནས་ཀྱང་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་ཆེད་ཚོགས་འདུ་གྲོལ་རྗེས་ས་གནས་འགོ་འཛིན་མཆོག་དང་སྤྱི་མི་བཅས་བཀྲ་ཤིས་མཚོ་མོའི་ཁྱིམ་དུ་ཆེད་བཅར་ལམ་སྟོན་གང་ནུས་ཐོག བཀྲ་ཤིས་མཚོ་མོ་རང་ངོས་ནས་གོང་རིམ་ས་གནས་བརྒྱུད་དེ་འབྲེལ་ཡོད་ནང་སྲིད་དུ་ཡིག་ཐོག་སྙན་ཞུ་ཕུལ་དགོས་པའི་ལམ་སྟོན་ཞུས།

གསུམ། ར་ཇི་སྤུར།

ཉིན་དགུང་ཆུ་ཚོད་༢ པའི་ཐོག་ར་ཇི་སྤུར་བུད་མེད་མཉམ་ལས་བཟོ་གྲྭའི་ནང་ལྟ་སྐོར་སྐབས་ལས་བྱེད་རྒན་གྲས་མིག་དམར་ལགས་ནས་སྡོད་ཁང་དབུས་ཀྱི་ཆར་ཆུ་དང་བཙོག་ཆུ་ཡུར་འགྲོའི་སྐོར་དཀའ་ངལ་གསུང་ཞིང་། བུད་མེད་མཉམ་ལས་ཀྱི་བཟོ་གྲྭ་ཁག་ཡོངས་སུ་ལྟ་བསྐོར་ཟིན་མཚམས་གུང་ཟས་སྐབས་སུ་མཉམ་ལས་མིག་དམར་གྱིས་སྤྱིར་ན་མཉམ་ལས་འགོ་འཛིན་བཅས་ནས་འདིའི་སྐོར་དཀའ་སེལ་གནང་མུས་ཡིན་ཡང་། དེ་བཞིན་ར་ཇི་སྤུར་བུད་མེད་མཉམ་ལས་ས་གནས་ཀྱི་བཙོག་ཆུ་ཡུར་བུའི་དཀའ་སེལ་ཡོང་རེའི་སྐོར་དབུས་འཕྲོད་བསྟེན་དུ་གོང་གསལ་རེ་འདུན་དེ་ལྟར་ཞུ་རྒྱུ་བྱས།

བུད་མེད་མཉམ་ལས་ལྟ་སྐོར་གྲུབ་མཚམས་དེ་མུར་ར་སྤུར་སློབ་གྲྭའི་ཚོགས་ཁང་ཆེན་མོར་སྤྱི་ཟུར་ཚེ་རིང་སྒྲོལ་མ་མཆོག་གཙོས་པའི་དགེ་སློབ་མི་གྲངས་༣༠༠ ཡས་མས་ཙམ་མཉམ་འདུས་སར་སློབ་གྲྭའི་དབུ་འཛིན་མཆོག་དང་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་དང་གསལ་བཤད་གྲུབ་མཚམས་གོང་མཚུངས་ནང་དོན་ལྟར་གཏམ་བཤད་ཕུད། མ་འོངས་ཤེས་ལྡན་མི་སྣ་གསོ་སྐྱོང་ཇི་ལྟར་དགོས་སྐོར་དང་བོད་རིགས་ནང་ཁུལ་མཐུན་སྒྲིལ་དང་ལ་རྒྱ་བརྩི་སྲུང་བྱ་དགོས་སྐོར་ཚུད་པའི་གནད་དོན་ཁག་ཆུ་ཚོད་ ༢ ཡས་མས་ཙམ་གཏམ་བརྗོད་བྱས་པ་དང་། དེ་རྗེས་སློབ་དགེ་ཚེ་དབང་རྡོ་རྗེ་ལགས་དང་། བཀྲ་ཤིས། སློབ་མ་བསྟན་འཛིན་དོན་འགྲུབ་བཅས་ཀྱིས་དྲི་བ་དང་བསམ་ཚུལ་བསྡོམས་ ༩ ཙམ་ལ་ལན་འདེབས་དང་འགྲེལ་བརྗོད་ཞུས།

བཞི། དོན་འགྲུབ་གླིང་།

ཟླ་ ༥ ཚེས་ ༨ ཉིན། ཞོགས་པ་ཆུ་ཚོད་ ༡༡ ཙམ་དོན་འགྲུབ་གླིང་གཞིས་སྒར་གྱི་ཚོགས་ཁང་དུ་གཞི་འགོ་མཆོག་དང་ལྷན་དུ་འབྱོར་བར་སྤྱི་མི་བློ་བཟང་བཀྲ་ཤིས་ལགས་གཙོས་སྣེ་ལེན་འོག་སློབ་ཕྲུག་དང་མི་མང་ ༢༠༠ ལྷག་འདུ་འཛོམས་སར་ཆུ་ཚོད་ ༢ ལྷག་གོང་གསལ་ནང་དོན་ཁག་གཏམ་བཤད་ཞུས་ཤིང་། དེ་རྗེས་དྲི་བ་འདོན་མཁན་ཟུང་དྲུང་འཇིགས་མེད་ཚུལ་ཁྲིམས་ལགས་ནས་སྐད་དང་རིག་གཞུང་གཙོ་བཟུང་བསམ་ཚུལ་དང་དྲི་བ་བཅས་ལ་ལན་འདེབས་ཞུས་རྗེས་འགན་འཛིན་བློ་བཟང་བཀྲ་ཤིས་ལགས་དང་ལྷན་ས་གནས་བོད་གཞིས་དོན་འགྲུབ་གླིང་གི་ཤིང་ནགས་ཟུར་ནས་ལྕགས་རི་བསྐོར་དགོས་པའི་གལ་གནད་ཆེ་བའི་ས་གནས་དེར་ལྟ་སྐོར་སོང་བ་དང་། དེའི་སྐོར་དེ་སྔོན་སྲིད་སྐྱོང་མཆོག་ཕེབས་སྐབས་ཀྱང་ངག་ཐོག་ནས་གནས་སྟངས་སྙན་སེང་ཞིབ་གསལ་ཞུས་ཟིན་གསུངས་པ་ལྟར་ད་ཐེངས་ངོས་ནས་དེ་བཞིན་ཀྱང་གཅིག་མཚུངས་ཀྱིས་གོང་ཞུས་མཇུག་སྣོན་གྱི་རེ་འདུན་ལྟར་ཞུ་རྒྱུ་བྱས་ཤིང་། ཁོང་རྣམས་པས་ཀྱང་འདིའི་སྐོར་ཡིག་ཐོག་ནས་འབུལ་རྒྱུ་ཡིན་སྐོར་གསུངས་བྱུང་།

དེ་ནས་ལྟ་སྐོར་གྲུབ་མཚམས་ས་གནས་སུ་ཡོད་པའི་དགེ་ལུགས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་། རྙིང་མ་སྨིན་གྲོལ་གླིང་། བཀའ་རྒྱུད་བདེ་ཆེན་ཆོས་འཁོར་གླིང་བཅས་ལ་ཆོས་མཇལ་ཞུས་པ་དང་སྦྲགས། བདེ་ཆེན་ཆོས་འཁོར་གླིང་ལས་སྣེ་སྐུ་ཞབས་བཀྲ་ཤིས་རྒྱ་མཚོ་ལགས་ནས་དགོན་བདག་༸སྐྱབས་རྗེ་སྒ་བ་རིན་པོ་ཆེ་བསྟན་འཛིན་ལྷུན་འགྲུབ་རྒྱ་མཚོ་མཆོག་དགུང་ལོ་དྲུག་ཙམ་ལ་བོད་ནས་ཕེབས་དུས་སྣེ་ལེན་ཁང་མ་བརྒྱུད་པའི་ཐད་ཀར་མ་དགོན་དུ་ཕེབས་བསུ་ཞུས་སྟབས། ད་སྐབས་བོད་མིའི་དཔྱ་ཁྲལ་ལག་དེབ་བཟོ་ཐབས་དཀའ་ཁག་འབྱུང་མུས་ད་བར་ལུས་སོང་བ་དེར་དཀའ་སེལ་ཡོང་ཕྱིར་དེ་སྔོན་དཔལ་འབྱོར་སྡེ་ཚན་དུ་ཞུ་སྙན་ཕུལ་རྗེས་བདེ་སྲུང་དུ་འབྲེལ་བ་དགོས་སྐོར་དེ་ལུགས་མ་བྱུང་བ་ད་བར་ལུས་སོང་འདུག་པར་ད་ཐེངས་གནས་ཚུལ་འདིའི་ཐོག་བདེ་སྲུང་དང་ཆོས་རིག་ལས་ཁུངས་གཉིས་སུ་ཡིག་ཆ་མཉམ་འཁྱེར་དགོས་ཅེས་ཞུས་པར་གནང་བྱུང་བས་ཡིག་ཆ་བདེ་སྲུང་དུ་ཕུལ་རྒྱུ་དང་། འབྲེལ་ཡོད་ལས་ཁུངས་ནས་བཀའ་དྲི་ཞུས་ཏེ་དཀའ་སེལ་ཡོང་ཐབས་ཞུ་རྒྱུ་བྱས། ས་གནས་དེར་ཡོད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒན་གསོ་ཁང་དུའང་ཆེད་བཅར་ལས་བྱེད་བློ་བཟང་ལགས་དང་ཐུག་འཕྲད་ཞུས་པ་དང་། རྒན་རྒོན་རྣམས་ལ་འཚམ་འདྲི་དང་སྦྲགས་ཏེ་སྔ་དྲོའི་ལས་དོན་གྲུབ་པར་བྱས།

ལྔ། གླིང་ཚང་།

ཕྱི་དྲོའི་ཆུ་ཚོད་ ༤ ནས་ ༦ བར་ཆུ་ཚོད་གཉིས་ལྷག་གླིང་ཚང་གཞིས་ཆགས་སུ་སྤྱི་ཟུར་ཚེ་རིང་རྡོ་རྗེ་མཆོག་དང་དྲུང་ཆེ་བསྟན་པ་དར་རྒྱས་ལགས་གཙོས་མི་མང་ ༡༠༠ ལྷག་ལ་གོང་བཞིན་གཏམ་བརྗོད་གྲུབ་རྗེས་སྐུ་ཞབས་བཟང་པོ་ལགས་དང་། རྒན་རབས་ཨོ་རྒྱན་འགྱུར་མེད་རྣམ་གཉིས་ཀྱི་དྲི་བ་དང་བསམ་ཚུལ་ཁག་ ༥ ལ་ལན་འདེབས་དང་སྤྱི་ཟུར་ཚེ་རྡོ་མཆོག་གིས། ༡)དབུ་མའི་ལམ་གྱི་ནང་དོན་ཐོག་སྔ་ཕྱིར་འགྱུར་བ་བྱུང་མིན། ༢)བོད་རྒྱ་འབྲེལ་མོལ་མུ་མཐུད་མ་ཐུབ་པའི་དཀའ་ངལ་ག་རེ་འཕྲད་མིན། ༣)དེང་སྐབས་ཐབས་ཤེས་གང་ཡོད་ཀྱིས་རྒྱ་གར་ཡུལ་མིའི་ལག་ཁྱེར་བཟོ་ན་དགེ་སྐྱོན་གང་ཡོད་བཅས་གསུངས་པ་ལ་ལན་འདེབས་ཞུས་པ་དང་། གཞན་ད་ལྟའི་ཆར་བཀའ་ཤག་གིས་འདིའི་སྐོར་དགེ་སྐྱོན་གསལ་བརྗོད་ཀྱིས་མི་མང་ལ་ལན་གསལ་པོ་ཞིག་བཟོ་དགོས་པ་ལས་མི་མང་ངོས་ནས་གོ་རྟོགས་མ་ཐུབ་པའི་རྐྱེན་གྱིས་འཁྲུག་གཞི་ཆེན་པོ་ཡོང་རྒྱུ་དང་། རྒྱ་གར་གྱི་ཡུལ་མི་བཟོས་ཏེ་འོས་འདེམས་དགོས་མིན་སྐོར་གོང་རིམ་བཀའ་ཤག་ལ་ངེས་པར་དུ་དགེ་སྐྱོན་གྱི་བཀའ་གསལ་ཕེབས་དགོས་པ་ལས། དགའ་བསུ་དང་དགག་བྱ་མེད་པ་ལྟ་བུའི་གསལ་ལ་མི་གསལ་འདིའི་སྐོར་མ་འོངས་སྐྱོན་ཆ་ཡོང་ངེས་སྐོར་བཀའ་ཤག་ལ་ཞུ་སྙན་ཕུལ་བའི་རེ་འདུན་ལྟར་ཕུལ་རྒྱུ་ཞུས། 

དེ་མིན་སྐུ་ཞབས་བཟང་པོ་ལགས་ནས་རབ་བྱུང་ཚོས་ཆོས་གཉེར་སྐོར་བཀའ་ཤག་ནས་ཆོས་སྦྱོང་ཕུལ་བྱུང་བ་རྣམས་ལ་གཟེངས་བསྟོད་ཀྱི་བྱ་དགའ་སྤྲད་དེ་ནང་ཆོས་སྦྱོང་བའི་སྤྲོ་བ་བསྲིང་དགོས་རེ་འདུན་དེ་བཀའ་ཤག་ཏུ་ཕུལ་རྒྱུ་ཞུས། གོང་གསལ་དྲི་བ་འདོན་མཁན་དང་སྤྱི་ཟུར་གླིང་ཚང་ཚེ་རྡོ་མཆོག་དང་ཕྱག་རོགས་བསྟན་པ་དར་རྒྱས་གཉིས་ནས་གསུང་གསལ་ལ་ཕྱི་ལོ་༢༠༡༣ ལོའི་ཟླ་ ༧ པར་དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་འདིར་ཕེབས་སྐབས་ས་གནས་ཀྱི་ཆུ་སྦུག་བརྗེ་བསྒྱུར་སྐོར་སྙན་ཞུ་ཕུལ་ཟིན་ཡང་ད་བར་ཐག་གཅོད་བྱུང་མིན་སྐོར་དང་། ས་གནས་སུ་སྨན་ཞབས་མེད་པའི་དཀའ་ངལ་ཆེན་པོ་ཡོད་སྐོར་གླིང་ཚང་གི་གནད་དོན་འདི་གཉིས་སྔོན་ནས་གོང་རིམ་ལ་སྙན་ཞུ་ཐེངས་ཁ་ཤས་ཕུལ་ཟིན་པ་འདིར་གང་མགྱོགས་དཀའ་སེལ་ཡོང་བའི་རེ་འདུན་སླར་ཡང་གནང་བར་དེ་ལུགས་གོང་ཞུ་ཡོང་རྒྱུ་ཞུས།

དྲུག མ་སུ་རི།

ཟླ་༥ ཚེས་ ༩ ཉིན་ཞོགས་པ་ཆུ་ཚོད་༩།༣༠ ཐོག་དྷེ་ར་དྷུན་ནས་མ་སུ་རིར་སློབ་གྲྭར་ཐོན་ནས་ཆུ་ཚོད་ ༡༠།༤༠ ཐོག་མ་སུ་རི་གཏན་སློབ་ཏུ་འབྱོར། གཏན་སློབ་ཀྱི་འགན་འཛིན་ལས་རོགས་རྒན་དགེ་འདུན་རིན་ཆེན་ལགས་གཙོས་སློབ་དགེ་རྣམས་ཀྱི་སྣེ་ཁྲིད་འོག་དྷེ་ར་དྷུན་ས་གནས་འགོ་འཛིན་མཉམ་དུ་ཐོག་མར་སློབ་མ་ཚོས་ཚན་རིག་འགྲེམ་སྟོན་ལ་ལྟ་སྐོར་སོང་བ་དང་། ཆུ་ཚོད་༡༡།༣༠ ཙམ་ལྟ་སྐོར་གྲུབ། ཆུ་ཚོད་ ༢ ནས་༣།༣༠ ཙམ་མ་སུ་རི་ཞབས་གཡར་བོད་རིགས་སློབ་སྤྱི་རྒན་དངོས་སྒྲུབ་ནོར་བུས་སྣེ་ཤེན་འོག་ཏུ་ᩖᩖ CTA བོད་རིགས་གཏན་སློབ་ཏུ་ལྟ་སྐོར་སྐབས་ཁོང་གིས་ད་ལྟའི་ཆར་འཐུང་ཆུའི་དཀའ་ངལ་སྐོར་གསུང་དོན་ལ་རྒྱ་གར་གྱི་ཆུ་མཛོད་ནས་གཏན་སློབ་ཏུ་ཐད་ཀར་ཆུ་འདྲེན་དགོས་ན་འགྲོ་སོང་སོགས་སྒོར་འབུམ་བདུན་ཅུ་ལྷག་དགོས་པར་ཕྱེད་ཀ་རྒྱ་གར་གཞུང་ནས་གཏོང་འཐུས་ཀྱང་། ཕྱེད་ཀ་སློབ་གྲྭའི་ངོས་ནས་ཐབས་འཚོལ་དགོས་ལུགས་གསུངས་པའི་སྐོར། གཏན་སློབ་ཀྱི་དབུ་འཁྲིད་རྒྱ་གར་བུད་མེད་མཆོག་ནས་སྤྱིར་ན་དེ་སྔོན་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་འབྱོར་སྐབས་སློབ་གྲྭ་སྤྱིའི་གནས་སྟངས་ཞུས་ཟིན་པའི་སྐོར་བཅས་གསུངས་པར་ཆུ་མཛོད་ནས་ཆུ་འདྲེན་སྐོར་ཤེས་རིག་དང་འཕྲོད་བསྟན་གཉིས་སུ་གནད་དོན་འདིའི་སྐོར་སྙན་སེང་ཞུ་རྒྱུ་དང་འཆར་འགོད་ཡིག་ཐོག་ནས་ཀྱང་འབུལ་ན་བཟང་ལུགས་ཞུས་ཅིང་ངོས་ནས་ཀྱང་གོང་ཞུ་བྱ་རྒྱུར་བྱས།

དེ་རྗེས་ཆུ་ཚོད་༣ ནས་༥།༣༠ བར་མ་སུ་རི་གཏན་སློབ་ཚོགས་ཁང་དུ་དགེ་སློབ་དང་། མི་མང་བསྡོམས་ཆིག་སྟོང་ཡས་མས་ཙམ་འདུས་འཛོམས་བྱུང་བར་གཏམ་བཤད་དྲིལ་བསྒྲགས་དང་། མི་རིགས་ཀྱི་ལ་རྒྱ་བརྩི་སྲུང་། རང་མི་རིགས་ཀྱི་ཤེས་ཡོན་ལྷོད་མེད་འབད་བརྩོན་དགོས་སྐོར། ཆབ་སྲིད་གོ་རྟོགས་སྤེལ་ཕྱོགས་གཏམ་བརྗོད་ཆུ་ཚོད་གཉིས་ཙམ་ཟིན་རྗེས་དགེ་རྒན་བསོད་ནམས་ཚེ་རིང་ལགས་དང་། སློབ་མ་ཉི་མ་རྒྱ་མཚན། པདྨ་རྣམ་རྒྱལ་རྒྱ་མཚོ། ངག་དབང་སྒྲོལ་མ་བཞིས་དྲི་བ་དང་བསམ་ཚུལ་བདུན་ཙམ་བཏོན་པར་དྲིས་ལན་བསྡོམས་ཆུ་ཚོད་ཕྱེད་ལྷག་ཙམ་ཞུས།

ཟླ་ ༥ ཚེས་༡༠ ཞོགས་པ་ཆུ་ཚོད་༡༡ ནས་༡༢ ཡས་མས་བར་མ་སུ་རིའི་སློབ་གྲྭའི་དྲུང་ཆེ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་མཇལ་འཕྲད་གནས་སྟངས་རྒྱུས་ལོན་དང་སོ་སོའི་སྐབས་བབ་ཀྱི་ལས་དོན་ཁག་སྙན་ཞུ་ཕུལ་བའི་གོ་སྐབས་བཟང་པོ་ཐོབ་རྗེས་ཕྱི་དྲོའི་ཆུ་ཚོད་ ༢ ཙམ་ཕྱིར་དྷེ་ར་དྷུན་ལ་འཁོར།

བདུན། ན་ནི་ཏལ།

ཟླ་ ༥ ཚེས་ ༡༡  ཞོགས་པའི་ཆུ་ཚོད་ ༥ ཐོག་དྷེ་རུ་དྷུན་ནས་ན་ནི་ཏལ་ས་གནས་སུ་ཐོན་པར་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ས་གནས་སུ་འབྱོར་བར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྒན་དོན་འགྲུབ་ལགས་དང་འཐུས་མི་ཚེ་རིང་སྟོབས་རྒྱལ་རྣམ་གཉིས་ནས་སྣེ་ལེན་གནང་། ཉིན་རྒྱབ་ཁྲོམ་སར་ལྟ་སྐོར་ཟིན་མཚམས་དགུང་མོར་ན་ནི་ཏལ་གྱི་དཀའ་ངལ་སྐོར་ཉན་ཞིབ་བྱས་པར། ཁོང་གཉིས་ནས་ས་གནས་ཀྱི་གནས་སྟངས་ངོ་སྤྲོད་ཕུད། ༡)འདིར་ཚོང་དུད་ ༡༣ གྱི་ཁྲོམ་ས་སྤྱིའི་དཀའ་ངལ་དང་། དེའི་ནང་ནས་དུད་ཚང་དྲུག་ལ་དཀའ་ངལ་ཆེན་པོ་འཕྲད་པའི་སྐོར་དེ་སྔོན་ནང་སྲིད་ལ་ཞུ་སྙན་ཕུལ་ཟིན་ལུགས་དང་། དྷེ་ར་དྷུན་ས་གནས་འགོ་འཛིན་འཇིགས་མེད་ལགས་ཐེངས་མང་གནད་དོན་དེའི་སྐོར་ས་གནས་འདིའི་རྒྱ་གར་འབྲེལ་ཡོད་ཁག་གསུམ་ཙམ་ལ་ཆེད་བཅར་ཞུས་ཀྱང་ད་དུང་ཡང་དཀའ་ངལ་རང་སོར་གནས་ཡོད་སྐོར། ༢)ན་ནི་ཏལ་གཞིས་ཆགས་ཀྱི་ཐོབ་སྐལ་མེད་པའི་དུད་ཚང་ ༡༤ སྡོད་ཁང་གི་དཀའ་ངལ་གཉིས་སྔར་བཞིན་གོང་ཞུ་ཡོང་བའི་རེ་འདུན་ལྟར་ཞུ་རྒྱུ་བྱས། ༣)ཧི་མ་ལའི་རི་རྒྱུད་བོད་པའི་བཟའ་ཟླ་ཞིག་གི་རང་དབང་དཔྱ་དེབ་ཞུས་པའི་སྐོར་ད་བར་སྤྱི་ལྷན་ནས་ཕྱི་མི་བོད་ཀྱི་ཡུལ་མི་དང་གཉེན་སྒྲིག་སྐོར་དམིགས་བསལ་ཁྲིམས་སྒྲིག་མེད་པར་བརྟེན་དཀའ་ངལ་སྔར་བཞིན་ཡིན་སྟབས་དེ་ལུགས་སྤྱི་ལྷན་དུ་གོང་ཞུ་ཡོང་བའི་རེ་འདུན་ལྟར་ཞུ་རྒྱུ་བྱས།

ཟླ་ ༥ ཚེས་ ༡༢ སྔ་དྲོ་ཆུ་ཚོད་༩།༣༠ ཐོག་ན་ནི་ཏལ་ས་གནས་ཚོགས་ཁང་དུ་མི་མང་ ༡༠༠ སྐོར་ཙམ་ལ་གཏམ་བཤད་སྤེལ་རྗེས་བླང་དོར་རིན་པོ་ཆེ་བསྟན་འཛིན་འཕྲིན་ལས་མཆོག་དང་། ས་འཐུས་ཚེ་རིང་སྟོབས་རྒྱལ། ཚོང་ལས་མཉམ་འབྲེལ་གྱི་འགན་འཛིན་པདྨ་སྲི་ཐར། ཆོས་ལྡན། བསྟན་འཛིན་ཚུལ་ཁྲིམས། ཡེ་ཤེས་ཐུབ་བསྟན་བཅས་ཀྱི་དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདབས་གསལ་བཤད་ཞུས། གཙོ་བོ་ད་ཆ་ས་གནས་སུ་སློབ་གྲྭ་སྒོ་བརྒྱབ་ནས་བཟུང་ད་བར་བོད་ཡིག་སློབ་དགེ་མེད་པའི་རྐྱེན་གྱིས་ད་ཆ་བོད་ཕྲུག་ ༢༨ རྒྱ་གར་སློབ་གྲྭར་མི་འགྲོ་མཐུ་མེད་ཀྱི་གནས་ཚུལ་དང་། གཞན་ཡང་རྒྱ་གར་ཡུལ་མིའི་ལག་ཁྱེར་བཟོ་དགོས་མིན་སྐོར་བཀའ་སྤྱི་གཉིས་ནས་ལམ་སྟོན་གསལ་མིན་གྱི་གནས་སྟངས་སོགས་གནང་བྱུང་བར་བཀའ་ཤག་གི་བཀའ་ཡིག་ལྟར་ལན་འདེབས་ཞུས་ཤིང་། དྷེ་ར་དྷུན་འགོ་འཛིན་སྐུ་ངོ་འཇིགས་མེད་ལགས་ནས་ཀྱང་དེའི་སྐོར་འགྲེལ་བརྗོད་ཟབ་ནན་གནང་། དེ་བཞིན་ད་ལྟའི་ཆར་ས་གནས་སཾ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་དེ་སྒོ་རྒྱབ་ཟིན་པར་བརྟེན། འདིར་དང་བླངས་ཀྱི་བོད་དགེ་གསུམ་ནས་གཟའ་ཉི་མ་སྟབས་བསྟུན་ས་གནས་མི་མང་གི་ཕྲུ་གུ་ ༢༡ ལ་བོད་ཡིག་སློབ་བཞིན་པར་ས་འཐུས་ཚེ་རིང་སྟོབས་རྒྱལ་གྱི་གསུངས་པ་ལྟར་ཚོགས་ཐོག་ནས་ཁོང་གསུམ་ལ་ཐུགས་རྗེ་ལེགས་གསོལ་གྱི་ཁ་དར་དང་གཟེངས་གསོལ་ཕུལ་ཅིང་། ཤེས་རིག་ལས་ཁུངས་ཀྱི་སྒྲིག་སྲོལ་ལྟར་ས་གནས་སུ་ཡོད་པའི་རྒྱ་གར་ཁམས་པ་བརྩིས་པའི་ཕྲུག་གུ་གྲངས་ཚང་བ་འབྱུང་ཚེ་ཤེས་རིག་ལས་ཁུངས་སུ་འདི་ཁོངས་ངེས་པར་དུ་སློབ་དགེ་གང་མགྱོགས་བཏང་སྟེ་སློབ་གྲྭ་སྒོ་ཕྱེ་དགོས་པའི་གོང་རིམ་ལ་སྙན་ཞུ་བྱ་རྒྱུ་བྱས།

ཚོགས་འདུ་གྲོལ་རྗེས་ཀྱང་གཞིས་ཆགས་ཀྱི་ཐོབ་སྐལ་མེད་པའི་དུད་ཚང་༡༤ གྲལ་ཁྲོམ་སའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐོར་དང་། ཁྲོམ་ས་མེད་པའི་ཤིན་ཏུ་དཀའ་ངལ་ཅན་གྱི་དུད་ཚང་ ༦ ནང་གི་ཀུན་བཟང་ཆོས་སྒྲོན་ལགས་དང་། བྱམས་པ་ཐབས་མཁས། བསོད་ནམས་ཆོས་མཚོ། ཉི་མ་ཆོས་འཛོམས། ལྷག་པ་རྒྱལ་པོ་བཅས་ལྔས་ད་ཐེངས་འགྲོ་བཞིན་པའི་རྒྱ་གར་འོས་བསྡུ་ཚར་རྗེས་བོད་མི་དེ་དག་ཁྲོམ་ས་ནས་ཕྱི་འབུད་གཏང་རྩིས་ཡོད་སྐོར་བརྡ་ཁྱབ་སྤེལ་ཟིན་དང་། དེ་ནས་བཟུང་ཁོང་རྣམས་འགྲོ་ས་ཆགས་ས་མེད་པ་གྱུར་རྒྱུའི་དཀའ་ངལ་ཡོད་ལུགས་དང་། འདིའི་སྐོར་དེ་སྔོན་ལའང་ཡིག་ངག་གཉིས་ནས་ནང་སྲིད་དང་སྤྱི་འཐུས་ཆེད་ཕེབས་སྐབས་དཀའ་ངལ་ཞུས་ཟིན་པ་དེ་ད་ཐེངས་ངོས་ནས་ཀྱང་བསྐྱར་དུ་ནང་སྲིད་ནས་རང་གཞུང་དང་ས་གནས་རྒྱ་གར་འབྲེལ་ཡོད་གཞུང་འབྲེལ་མི་སྣ་དབར་དཀའ་སེལ་ཡོང་ཐབས་ཞུ་དགོས་གསུངས་བྱུང་བ་དེ་ལུགས་ཞུ་རྒྱུ་བྱས་པ་དང་། ངོས་རང་ཉིད་ས་གནས་དཔོན་རིགས་སར་ཐད་བཅར་དཀའ་ངལ་ཞུ་ན་དཀའ་སེལ་ཡོང་བར་ཕན་མིན་སྐོར་དྷེ་ར་དྷུན་ས་གནས་སྐུ་ངོ་ལགས་སུ་གྲོས་བསྡུར་བྱས་པར་དེ་སྔོན་ནང་སྲིད་ནས་བཀའ་ཕེབས་བཞིན་ས་གནས་སུ་བཅར་ཡང་སྤྱི་མཚུངས་ཀྱི་སྒྲིག་ལུགས་ཡིན་པར་སོང་གཤིས་དཀའ་སེལ་དམིགས་བསལ་ཡོང་རེ་མེད་སྐོར་གྱི་བཀའ་ལྟར་ཞུས། གཞུང་ནས་ས་གནས་དཔོན་རིགས་དབར་ཁྲོམ་སའི་དཀའ་ངལ་ཐད་འབྲེལ་མཐུད་བརྒྱུད་དཀའ་སེལ་གང་མགྱོགས་ཡོང་རེ་ལྟར་ཞུ་རྒྱུ་བྱས། དེ་བཞིན་ཁྲོམ་སའི་དཀའ་ངལ་ཅན་ཀུན་བཟང་ཆོས་སྒྲོན་ལགས་ཀྱི་བཟའ་ཟླས་དབྱིན་ཡིག་ཤོག་ལྷེ་གཉིས་ཅན་ཞིག་སྤྱི་ལྷན་དུ་ཕུལ་བའི་རེ་འདུན་ལྟར་དང་། དེ་བཞིན་གོང་གསལ་གནད་དོན་ཁག་དཀའ་སེལ་ཡོང་ཕྱིར་ནང་སྲིད་བཀའ་དྲུང་གཉིས་སུ་རུང་སར་ཆེད་བཅར་དེ་ལུགས་ནན་ཆེ་ཞུ་རྒྱུ་བྱས།

དེ་མིན་བསོད་ནམས་ཆོས་མཚོས་དེ་སྔོན་རོགས་པ་གསུམ་དང་ལྷན་ཕྱི་ལོ་ ༡༩༨༩ ལོར་ལྷ་སར་རང་དབང་སྒེར་ལངས་སུ་ཞུགས་ཀྱང་སྣེ་ལེན་ཁང་འབྱོར་དུས་དེའི་སྐོར་ཞུ་མ་ཤེས་པའི་རྐྱེན་གྱིས་དེ་མུར་ལུས་པར་ད་ལྟའི་ཆར་སླར་ཡང་བདེ་སྲུང་ནས་ཆབ་སྲིད་བཙོན་ཟུར་རམ་འབྲེལ་ཡོད་འབྲེལ་ཆགས་སུ་ངོས་ལེན་ཐུབ་ཐབས་ཡོད་མེད་སྐོར་དྲི་བ་ཕེབས་པར་ཟུར་ནས་ལན་འདེབས་ཞིབ་ཙམ་ཞུས།

བརྒྱད། ཧ་རི་དྷ་ཝར།

ཟླ་༥ ཚེས་ ༡༤  ཞོགས་པའི་ཆུ་ཚོད་ ༥ ཐོག་ན་ནི་ཏལ་ནས་བདེ་སྐྱིད་གླིང་དུ་ཕྱིར་ཐོན་སྐབས་ལམ་བར་ཧ་རི་དྷ་ཝར་ཁ་འཐོར་ཚོང་པའི་མི་མང་དང་ཐུག་འཕྲད་ཞུས། ས་གནས་འགོ་འཛིན་ངག་དབང་བརྩོན་འགྲུས་ལགས་དང་ཚོགས་གཞོན་རྣམ་གཉིས་ནས་སྣེ་ལེན་གུང་ཟས་གྲུབ་མཚམས་ཚོགས་ཁང་དུ་མི་གྲངས་བཅུ་གཉིས་འདུ་འཛོམས་བྱུང་བར་གོང་མཚུངས་དྲིལ་བསྒྲགས་ཟིན་མཚམས། བསྟན་འཛིན་སྒྲོལ་མ་ལགས་ཁོང་མོར་སྡོད་ཁང་མེད་པའི་དཀའ་ངལ་དེ་སྔོན་ནང་སྲིད་དུ་ཞུས་པ་ལྟར་དཀའ་ངལ་ཡོད་སྟབས། དེ་མིན་འཚོ་སྣོན་ཡོང་ཐབས་སུ་ནང་སྲིད་བཀའ་བློན་མཆོག་གིས་ཞལ་བཞེས་བཟང་པོ་ཐོབ་འདུག་པར་དེའི་སྐོར་ནང་སྲིད་དུ་མཇུག་སྣོན་ཞུ་རྒྱུ་བྱས། དེ་མིན་ཚེ་རིང་ཆོས་སྐྱིད་ལགས་ཀྱི་བུ་ ༢༠༠༤ ནས་ད་བར་ན་ཚས་སྨན་པ་བསྟེན་གཏུགས་ལ་སྨན་རིན་མཐོ་ཞིང་ལྟ་སྐྱོང་སྐོར་འགྲོ་འདུག་དཀའ་བའི་དཀའ་ངལ་ཤུགས་ཆེར་འཕྲད་པར་འཕྲོད་བསྟན་ནས་དབང་པོ་སྐྱོན་ཅན་གྱི་རིགས་ལ་ཕན་རོགས་གནང་བ་བཞིན་ཡོང་བའི་རེ་འདུན་ཤུགས་དྲག་གནང་བ་དེ་ལུགས་འཕྲོད་བསྟན་དུ་གནས་ལུགས་གོང་ཞུ་ཡོང་རྒྱུ་བྱས། འདིའི་སྐོར་དྷེ་ར་དྷུན་ས་གནས་འགོ་འཛིན་མཆོག་གིས་ཀྱང་གསལ་བརྗོད་གནང་། དེ་མིན་སྔོན་གྱི་གཞིས་ཁང་མིང་ཐོའི་ཁོངས་སུ་ཨང་ ༡༤༠ པ་ཨ་མ་ཡེ་ཤེས་སྒྲོལ་མ་ལགས་ཀྱི་བཟའ་ཟླ་གཅིག་པུ་ལས་ཁྱིམ་མི་གཞན་པ་བཞིའི་མིང་ཐོ་སྐབས་དེར་འཁོད་མ་ཐུབ་པའམ། ཐོ་འགོད་སྔོན་ནས་རྒྱ་གར་ཁྲིམས་ཁང་བཟའ་ཟླ་གཉེན་སྒྲིག་དང་བུ་ཕྲུག་ཡོད་སྐོར་ལག་ཁྱེར་ཚུལ་མཐུན་དཔག་ཡིག་ཏུ་གསལ་ཡང་། སྐབས་དེར་ཨ་མ་ཡེ་ཤེས་སྒྲོལ་མ་ལགས་ཀྱི་གཞིས་ཁང་ཐོ་གཞུང་དུ་མནའ་མ་བུ་ཕྲུག་དང་བཅས་པའི་མིང་ཐོ་འཁོད་ཐུབ་མི་འདུག་པས་ངེས་པར་དུ་དཀའ་སེལ་ཡོང་བའི་རེ་འདུན་ལྟར་གོང་ཞུ་བྱ་རྒྱུ་བྱས།

དེའི་རིང་གི་ཐག་གཅོད།  དེ་མིན་ཧ་རི་དྷ་ཝར་དུ་སུ་ཚོང་བ་གཅིག་གི་ཚོང་ཁང་ཉིན་གླ་ཧིན་སྒོར་ལྔ་སྟོང་ཙམ་སྤྲོད་དགོས་གཤིས། དེ་སྔོན་སྤྱི་དམངས་ཀྱིས་སྒྲིག་སྲོལ་ལྟར་ཆོས་དོན་སོགས་དུས་ཆེན་སྐབས་སུ་ལོ་གཅིག་གི་ནང་དུ་ཉིན་གསུམ་ཚོང་ཁང་སྒོ་རྒྱབ་རྒྱུའི་ལུགས་སྲོལ་ཡོད་པ་དེ་ལ་བརྩི་སྲུང་ཁག་པོ་ཡོད་པར་ས་གནས་སྤྱི་མི་ངག་དབང་བརྩོན་འགྲུས་ལགས་སུ་དེའི་སྐོར་ཞུས་ཀྱང་ཐག་མ་ཆོད་སྟབས། ངོས་ནས་མི་མང་གཅིག་ལས་དེ་མིན་ཡོངས་རྫོགས་འདིར་ཚང་འཛོམས་ཐོག་ཉིན་རེར་ཁང་གླ་ཁོ་ནར་ཧིན་སྒོར་ལྔ་སྟོང་ཡས་ཟིན་པའི་དཀའ་ངལ་ཡོད་རིགས་གཞན་བུད་མེད་ཅིག་གི་གནས་སྟངས་ཀྱང་གཅིག་མཚུངས་སུ་འདུག་པ་ཉན་ཞིབ་ཞུས་རྗེས། སྔར་ཡོད་སྒྲིག་སྲོལ་བསྐྱར་བཅོས་འཐུས་མིན་ཞུས་པར་ཚང་མས་མོས་མཐུན་བྱུང་དོན་ལྟར། སྤྱི་མི་ངག་དབང་བརྩོན་འགྲུས་ལགས་ཀྱིས་ཀྱང་དེ་ལུགས་ཐག་གཅོད་འཐུས་པར་གནང་ནས་སྤྱི་མོས་ཐག་གཅོད་བྱུང་དོན་བཞིན་ཁོང་གཉིས་མ་འོངས་པར་ཉིན་གཅིག་ལས་ཚོང་ཁང་སྒོ་རྒྱག་མི་དགོས་པར་བཟོས། གཞན་ཡང་ཁྲོམ་སའི་དཀའ་ངལ་དང་འཚོ་སྣོན་ཡོང་རེའི་དཀའ་ངལ་ཞུ་མཁན་ལ་དྷེ་ར་དྷུན་ས་གནས་སྐུ་ངོ་འཕྲིན་ལས་འཇིགས་མེད་མཆོག་གིས་འགྲེལ་བརྗོད་དང་ལམ་སྟོན། དཀའ་སེལ་ཡོང་རྒྱུའི་བཀའ་ལན་གནང་།

དགུ ས་རན་པུར།

ཟླ་ ༥ ཚེས་ ༡༥ གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་དྷེ་ར་དྷུན་ནས་ཐོན་རྗེས་ ༡༠ ཡོལ་ཙམ་ལ་ས་རན་པུར་ལ་འབྱོར་བར་ཚོང་པའི་ས་གནས་འཐུས་མི་ཨ་ཕོ་བློ་དགའ་ལགས་གཙོས་ཁ་འཐོར་སུ་ཚོང་བ་མི་མང་དགུ་དང་ཐུག་ནས་གོང་མཚུངས་བཀའ་རྩ་དྲིལ་བསྒྲགས་ཟིན་རྗེས་བདེ་སྡུག་ཉན་པར།

༡)ས་གནས་འཐུས་མིས་མི་མང་གི་དང་བླངས་དཔྱ་དངུལ་བསྡུས་ཏེ་དྷེ་ར་དྷུན་དུ་ཆེད་སྐྱེལ་དགོས་སྟབས་འགྲོ་སོང་མི་མང་ནས་བསྡུ་དགོས་པར་དཀའ་ངལ་ཡོད་སྐོར་གསུང་པར་དྷེ་ར་དྷུན་སྐུ་ངོ་མཆོག་གིས་དེའི་སྐོར་ལམ་སྟོན་གནང་བ་ལྟར་བྱ་རྒྱུ་བྱས།

༢)དགུང་ལོ་དོན་ལྔ་ལ་ཕེབས་པའི་རྒན་རབས་བློ་བཟང་བཀྲ་ཤིས་བཟའ་མི་གཉིས་ལ་སྡོད་ཁང་གི་དཀའ་ངལ་སྔར་ནས་ཡོད་མུས་བཞིན་ད་ཆར་རྒྱ་གར་ཁང་བདག་གིས་ཕྱིར་ཕུད་ལ་ཉེ་བས། སྔར་ནང་སྲིད་བཀའ་བློན་མཆོག་གིས་དེ་སྔོན་ཁོང་བཟའ་མི་གཉིས་བྷན་དྷ་ར་གཞིས་ཆགས་ཁོངས་སུ་ཡིན་པ་ལྟར་ཞལ་བཞེས་གནང་ཟིན་པ་ད་ཆ་ས་གནས་ནས་ཐག་གཅོད་སྒུག་ཡོད་པར་ལས་དོན་མཇུག་སྣོན་ཡོང་ཕྱིར་ནང་སྲིད་དུ་ཆེད་བཅར་ཞུ་རྒྱུ་བྱས།

ཟླ་ ༥ ཚེས་ ༡༦ ཉིན།

 སྔ་དྲོར་དྷེ་ར་དྷུན་གྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྲོང་བཙན་དཔེ་མཛོད་བཅས་སུ་མཇལ་སྐོར་ཞུ་སྐབས། འགན་འཛིན་བསོད་ནམས་གཡུ་རྒྱལ་ལགས་ཀྱིས་སློབ་གྲྭར་དགེ་རྒན་གཉིས་དགོས་པའི་དཀའ་ངལ་དབུས་འཛིན་སྐྱོང་འབྲེལ་ཡོད་ཤེས་རིག་ཏུ་ཞུས་ཟིན་པ་དེ་མཇུག་སྣོན་ཡོང་རྒྱུ་ཞུས། དེ་བཞིན་སློབ་གྲྭའི་སྨན་ཞབས་ཚེ་རིང་གཡང་འཛོམས་ཉིན་རེར་ཆུ་ཚོད་༡༢་ལས་ཀ་དགོས་པ་དང་། ཆུ་ཚོད་༢༤ ཛ་དྲག་གི་གནས་སྟངས་ནམ་བྱུང་ལ་ལས་ཀ་བྱེད་དགོས་པའི་སྐོར་སྔོན་བཀའ་བློན་ཕྱོགས་ཕེབས་སྐབས་ཞུས་ཟིན་ཡང་ད་བར་དཀའ་སེལ་མ་བྱུང་བའི་སྐོར་ཤུགས་དྲག་གསུང་བ་དང་། དཀའ་སེལ་ཡོང་ཐབས་སུ་ལས་རོགས་གཏན་འཇགས་གཅིག་ཡོང་རེའི་སྐོར་མཇུག་སྣོན་ཡོང་རྒྱུ་ཞུས། ཕྱི་དྲོར་འདི་ཟླའི་ཚེས་ ༦ ནས་ ༡༦ བར་ཉིན་བཅུའི་རིང་རང་ཉིད་ས་གནས་ཕྱོགས་སྐྱོད་ལྟ་སྐོར་སོང་རིང་གི་སྙན་ཐོག་འདི་ཉིད་ཞིབ་ཚགས་གནད་བསྡུས་དོན་འཁེལ་ཞིག་བྱུང་ཡོད་མེད་སྐོར་དྷེ་ར་དྷུན་ས་གནས་སྐུ་ངོ་འཕྲིན་ལས་འཇིགས་མེད་མཆོག་དང་གོ་བསྡུར་སྐྱར་ཞིབ་གནང་སྐབས་སྤྱིའི་ཆ་ནས་དྷེ་ར་དྷུན་ཁྱབ་ཁོངས་བདེ་སྐྱིད་གླིང་འཕྲོད་བསྟན་སྨན་ཁང་དུ་སྨན་ཞབས་མདང་ངེས་མེད་པའི་དཀའ་ངལ་དང་། གཞན་ཡང་གླིང་ཚང་གཞིས་ཆགས་སུ་གཏན་འཇགས་སྨན་ཞབས་མེད་པའི་དཀའ་ངལ། ར་ཇི་སྤུར་དང་དོན་འགྲུབ་གླིང་དུ་གཅིག་མཚུངས་ཀྱི་སྨན་ཞབས་མི་མདའ་བའི་དཀའ་ངལ་བཅས་མཇུག་སྣོན་ཞུ་རྒྱུ་བྱས་པ་དང་། དགོང་མོ་ཆུ་ཚོད་ ༦ ཐོག་དྷེ་ར་དྷུན་ནས་བཞུགས་སྒར་དྷ་སའི་ཕྱོགས་སུ་ཕྱིར་ཐོན་བྱས།

ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༧ ཉིན་གྱི་ཞོགས་པར་བཞུགས་སྒར་དྷ་རམ་ས་ལར་ཕྱིར་འཁོར་བའི་སྙན་ཐོ་བཅས་སོ།།

བོད་མི་མང་སྤྱི་འཐུས་གངས་ལྷ་མོས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༨ ཉིན།

 

མཇུག་བསྡོམས།

ལོ་ལྔའི་སྤྱི་འཐུས་བྱས་རིང་གང་ཟག་སྒེར་གྱི་ངོས་ནས་བོད་མི་རིགས་འདིའི་བྱ་བཞག་ཡོངས་རྫོགས་ལ་གནམ་ས་བླ་འོག་ཏུ་བསྒྱུར་ཐབས་ལྟ་བུ་ཡོང་ཐབས་མེད་པ་ནི་བརྒྱ་སྡེ་ཡིས་རྒྱས་གསལ་རེད་མོད། ཡིན་ཡང་དེའི་རིང་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཚུད་བྱ་བ་ཆེ་ཆུང་སྣ་ཚོགས་སུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་དང་ཚོགས་དྲུང་ནས་བཀའ་ནམ་བྱུང་ལ་བཀའ་གསུང་གཅེས་སྒྲུབ་བྱས་ཡོད་བསམ་པའི་ལྷག་བསམ་ལ་རྨ་མེད་ཅིག་ཡིན། འདིར་ད་དུང་ལས་ཐོག་སྐབས་སུ་གཞུང་དམངས་གཉིས་ཀྱི་ལས་དོན་དང་བྱ་བཞག་ཐད་ཞུ་སྒོ་ཡོངས་ལ་དགེ་སྐྱོན་མང་པོ་མིག་གིས་མཐོང་ཞིང་ཡིད་ལ་འཆར་འོང་བ་ཡོད་ཀྱང་ད་ཐེངས་འདི་ནས་འབྲི་ཐུབ་མ་སོང་ལ། ལས་དོན་ལེའུ་རེ་འགར་མ་ཡིག་གི་རྒྱུ་ཆའང་མཁོ་འདོན་ཆ་ཚང་ཞུ་ཐུབ་མེད་པར་ཀློག་པ་པོ་གཙོས་མི་མང་ལདགོངས་དག་མི་ཞུ་རང་ཞུ་རེད་ལགས།

སྤྱི་ཟུར་གངས་ལྷ་མོས་ཨོ་གླིང་དུ་སྤོས་རྗེས་ཀྱི་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༧ འཁྲུངས་སྐོར་ཉིན་ཚར་བ་བྱས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།