གཟུགས་པོ་བདེ་མིན་ཚང་མ་སེམས་དང་འབྲེལ་བ་ཡོད།

གཟུགས་པོ་བདེ་མིན་འདི་ཚང་མ་སེམས་དང་འབྲེལ་བ་ཡོད།

ང་ཚོའི་ན་ཚ་ཡོངས་རྫོགས་སོ་སོའི་སེམས་ཀྱིས་བཟོས་པ་ཡིན། ང་ཚོའི་ལུས་པོ་འདི་འཇིག་རྟེན་ཐོག་གི་ཁྱད་མཚར་བའི་འཕྲུལ་ཆས་ཤིག་རེད། དེས་ང་ཚོའི་སེམས་ནང་གི་བསམ་བློ་དང་དད་འདུན་མཚོན་ཐུབ། དེ་བཞིན་རྒྱུན་དུ་དེས་ང་ཚོ་དབར་ཁ་བརྡ་བྱེད་ཅིང་། ལུས་པོའི་གནས་སྟངས་སྣ་ཚོགས་བཤད་ཡོང་གི་རེད། ང་ཚོས་དུས་ཚོད་ཏོག་ཙམ་སྤྱོད་དེ་གཟུགས་པོར་སེམས་གཏད་དེ་ཉན་དགོས།

 

མགོ་བོ་ཡིས་ང་ཚོ་སོ་སོ་མཚོན།

ང་ཚོའི་མགོ་ནས་སོ་སོ་ཕྱིར་མངོན་གྱི་ཡོད། མི་ཚོས་ང་ཚོ་ཚང་མས་སོ་སོའི་མགོ་བོ་ལ་རྒྱུས་ལོན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ་མགོ་བདེ་པོ་མེད་པར་ཚོར་ན་ང་ཚོར་གནད་དོན་ཆེན་པོ་ཡོད་པ་མཚོན་གྱི་ཡོད།

 

 

སྐྲ་ཡིས་ལུས་ཀྱི་ནུས་ཤུགས་མཚོན།

གལ་ཏེ་ང་ཚོ་རྒྱུན་དུ་འཚབ་འཚུབ་དང་ཞེད་སྣང་སྐྱེས་ན་སྐྲ་སྐྱེ་ཁུང་དེ་འཁུམ་ནས་སྐྲ་ཡིས་དབུགས་གཏོང་མི་ནུས་པ་གྱུར་གྱི་ཡོད། དབུགས་གཏོང་མ་ཐུབ་ན་སྐྲའི་ཚེ་རྫོགས་ནས་སར་ལྷུང་རྒྱུ་རེད། གལ་ཏེ་གནས་སྟངས་འདི་དག་ལ་ལེགས་བཅོས་མ་བྱུང་ཚེ་དུས་ཡུན་རིང་པོའི་རྗེས་སུ་མགོ་ལ་སྤུ་མེད་པ་ཆག་གི་རེད། མི་ཞིག་རྟག་ཏུ་སེམས་འཚབ་དང་གནོན་ཤུགས་འོག་གནས་པ་དེ་ཡིས་གང་ཟག་དེ་ནུས་ཤུགས་ཡོད་རྒུས་ཧུར་བརྩོན་བྱེད་བཞིན་པར་མི་ཁྱབ། དེ་ནི་གང་ཟག་འདི་ཧ་ཅང་ཉམས་དམའ་པོ་ཞིག་ཡིན། མི་ལྷོད་པོའམ་བདེ་པོ། དེ་བཞིན་བློ་གཅིག་སེམས་གཅིག་བྱེད་ཐུབ་ན་མི་དེ་ནི་དོན་ངོ་མའི་སྲ་བརྟན་དང་ཞི་ལྷོད་ཅན་ཞིག་ཡིན་པ་བརྩི་ཆོག ང་ཚོས་སོ་སོའི་གཟུགས་པོ་མང་ཙམ་ལྷོད་ལ་འབབ་ཐུབ་པ་དགོས། དེ་བས་ང་ཚོའི་མགོ་པགས་ལྷོད་དུ་ཕབ་ཏེ་མགོ་ལ་སྤུ་མི་སྐྱེ་བའི་གནས་སྟངས་ལ་གཟབ་དགོས།

 

 

རྣ་དང་ཁ་ཡིས་ཉན་ཐོས་ཀྱི་ནུས་ཤུགས་མཚོན།

གལ་ཏེ་རྣ་དང་ཁ་ན་བ་ཡིན་ཚེ་རྒྱུན་གཏན་ལྟར་ན་ང་ཚོས་ཉན་མི་ཐུབ་ལ་གཞན་གྱི་སྐད་ཆ་དེ་བས་ཉན་འདོད་མེད་པ་མཚོན་གྱི་ཡོད། རྣ་ནད་ན་བ་ནི་ཕྲུ་གུར་མཚོན་ན་སྤྱི་བཏང་བའི་གནས་སྟངས་ཤིག་རེད། དེ་ནི་ཕྲུ་གུ་ཆུང་ཆུང་རྒྱུན་དུ་མི་རྒན་པའི་སྐད་ཆ་བཙན་གྱིས་ཉན་དགོས་པས་རེད། འོན་ཀྱང་སྐད་ཆ་དེ་དག་ནི་ཕྲུ་གུས་རྩ་བ་ནས་ཉན་འདོད་མེད་པ་ཡིན། དེའི་ཐོག་ཁྱིམ་བདག་གི་དོ་དམ་ནི་ཕྲུ་གུས་སོ་སོའི་ཁོང་ཁྲོ་མཚོན་མི་ཆོག་པ་དེ་ཡིན། ཕྲུ་གུའི་ཁོང་ཁྲོར་གཉའ་གནོན་ཐེབས་པར་བརྟེན་དེའི་རྣ་ཅོག་ན་གི་ཡོད་པ་རེད།

 

 

མིག་ནི་མཐོང་བའི་ནུས་ཤུགས་མཚོན།

གལ་ཏེ་ང་ཚོའི་མིག་ལ་གནས་ཚུལ་ལྷག་ཚེ་རྒྱུན་དུ་ང་ཚོ་དངོས་པོ་འགར་སུན་སྣང་སྐྱེ་བ་མཚོན་གྱི་ཡོད། དངོས་པོ་དེ་དག་ནི་ཚགས་དེབ་དང་། དེ་བས་རྒྱུན་དུ་འཚོ་བའི་ནང་མཐོང་ཐུབ་པའི་རིགས་ཡིན་སྲིད། དེ་འདས་མ་ད་གསུམ་ག་དུས་ཡིན་ཡང་གཅིག་མཚུངས་རེད། ཐོག་མར་དེར་གཡོལ་འདོད་ཀྱི་བསམ་བློ་བྱུང་ནས་མིག་ལ་དེའི་བརྡ་ལེན་འཕྲོད་པར་བརྟེན་ང་ཚོ་ལྟ་བའི་ནུས་ཤུགས་དམན་དུ་འགྲོ་གི་ཡོད།

 

ཕྲུ་གུས་མིག་ཤེལ་གྱོན་པ་དེ་གཅིག་བྱས་ན་རིགས་རྒྱུད་ཀྱི་ན་ཚ་ཡིན་སྲིད་ལ། དེ་མིན་ཕྲུ་གུས་ཁྱིམ་ནང་གི་གནས་སྟངས་འགར་ལྟ་འདོད་མེད་པའང་ཡིན་སྲིད། ཕྲུ་གུ་ཆུང་ཆུང་ལ་ཁྱིམ་ཚང་བཅོས་བསྒྱུར་གཏོང་བའི་ནུས་པ་མེད། དེ་དག་གིས་གནས་སྟངས་དེ་འདྲ་མི་མཐོང་བའི་རེ་བ་བཅང་ཡོད་སྲིད། དེར་བརྟེན། དེ་ཚོའི་མིག་ཤེས་ལ་གསང་བརྡ་འབྱོར་ནས་སྐྱོ་རུ་འགྲོ་བ་བརྒྱུད་སེམས་ཀྱི་སུན་སྣང་ཉུང་དུ་གཏོང་གི་ཡོད།མགོ་ན་བ་ནི་སེམས་འཚབ་དང་སོ་སོར་རིན་ཐང་མ་མཐོང་བས་ཡིན།

 

 

མིའི་མགོ་ན་བའི་སྐབས་སུ་སོ་སོར་གནས་ཚུལ་ག་རེ་མ་འགྲིག་པ་ཡིན་ནམ། ཞེས་འདྲི་འོས། དེ་ནས་སོ་སོར་སེམས་གསོ་དང་སེམས་ཤུགས་སྤྲོད་དེ་གནས་ཚུལ་ཡོངས་ཐག་ཆོད་ཡོང་ཐབས་བྱས་ན། མགོ་ན་རྒྱུ་རང་བཞིན་གྱིས་དྲག་སྲིད་པ་རེད།

 

 

མགོའི་གཞོགས་ཕྱེད་ཀ་ན་མཁན་ནི་སོ་སོར་གང་ས་ཅིའི་ཐད་ལ་འཐུས་ཚང་ཡོང་བའི་རེ་བ་ཆེ་དྲག་པ་དང་། སོ་སོར་གནོན་ཤུགས་མང་པོ་བཟོས་པ་དུས་མཚུངས་སུ། རྒྱུན་དུ་སོ་སོར་གཉའ་གནོན་སྤྲོད་དེ་སེམས་ནང་གི་སུན་སྣང་དེ་བཤད་ཀྱི་མེད་པ་རེད། མགོའི་གཞོགས་གཅིག་ན་གྲབས་སྐབས་གལ་ཏེ་ལུས་རྩལ་འོས་འཚམས་རེ་རྩེད་ཅིང་། ཡང་ན་རྩེད་མོ་རྩེད་ན་མགོའི་གཞོགས་གཅིག་ན་བ་དེ་ལམ་སེང་དྲག་སྲིད། སེམས་ལྷོད་ལ་འབབ་ན་ཞེ་སྣང་དང་ན་ཚ་མེད་པ་བཟོ་ཐུབ། མགོ་ན་དུས་སྤྲོ་པོ་ཡོང་ཐབས་བྱེད་མི་སྲིད་ཀྱང་དེར་དངོས་གནས་ཚོད་ལྟ་ཞིག་བྱེད་འོས་པ་དང་། དེའང་ཕན་ངེས་ཅན་ཞིག་རེད།

 

 

སྐེ་ནི་མགོ་དང་ཉེ་སར་ཡོད་ཅིང་བསམ་བློའི་ཡུ་བ་ཞིག་དང་མཚུངས།

མིའི་སྐེ་ལ་གལ་ཏེ་གནས་ཚུལ་འདྲ་ལྷག་ན། དེ་ནི་ལུས་པོས་གསང་བརྡ་སྤྲོད་ཀྱི་ཡོད་པ་རེད། དེའང་ལུས་པོའི་གནས་སྟངས་སམ། ལྟ་བ་འགའ་རེར་མཁྲེགས་བཟུང་དང་གུ་ཡངས་ཀྱི་བསམ་བློ་གཏོང་མི་ཐུབ་པས་ཡིན་པ་རེད།

 

 

 

མིད་པའི་ན་ཚ་དེའང་བསམ་བློ་དང་འབྲེལ་བ་ཡོད།

མིད་པ་ནི་སྐད་འབྱིན་སའི་ནུས་ཤུགས་ཡིན། འོན་ཀྱང་དེ་སྣ་མགོ་དང་འབྲེལ་བས། སྣ་ཡིས་ཐལ་རྡུལ་འཇིབ་ན་མིད་པར་གནོད། ཡིན་ཡང་ཐལ་རྡུལ་ནི་ས་གང་སར་ཡོད་པ་རེད། མི་ལ་ལར་མིད་པའི་ན་ཚ་འབྱུང་སླ་ཞིང་ཡང་གཞན་འགའ་རེར་དེ་ན་སླ་པོ་མེད་པའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་གང་ཟག་སོ་སོའི་སེམས་མི་བདེ་བའི་གནས་སྟངས་ཡོད་མེད་ལྟ་རྒྱུ་དེ་རེད། སོ་སོས་ཐག་གཅོད་མི་ཐུབ་པར་ཚོར་བའི་མི་ཞིག་ཡིན་ཚེ་མི་དེའི་མིད་པ་ཧ་ཅང་ཉམས་སྐྱོ་བ་ནི་གཏན་འཁེལ་བ་རེད། གལ་ཏེ་མིད་པ་ན་ཞིང་གཞན་ན་ཚའང་ཡོད་ན་དེའང་བསམ་བློ་རྙོགས་འཛིང་ཚ་བས་ཁོའི་ན་ཚ་འགོག་བྱེད་ཀྱི་ནུས་ཤུགས་ཉམས་དམའ་རུ་སོང་ནས་དེ་ལྟར་བྱུང་བ་ཡིན།

 

 

 

མི་གཞན་གྱི་ཆེད་དུ་འཚོ་མཁན་གྱི་མི་མང་པོས་སོ་སོའི་རེ་བ་ལྟར་བྱ་བ་བྱེད་ཀྱི་མེད། དེ་བས་རྒྱུན་དུ་ཁོས་ཁྱིམ་ནང་གི་ཕ་མ་དང་། ཁྱོ་ག་དང་བཟའ་ཟླ་མོ། ལས་གནས་ཐོག་གི་མགོ་དཔོན་དང་ལས་རོགས། མགྲོན་པོར་ངོ་དགའ་སྟོན་པ་སོགས་དགོས་པ་རེད། མི་འདིའི་རིགས་ཀྱི་རྣམ་པ་ནི་སྤྲོ་སྣང་དང་བྲལ། དེ་ལ་དམིགས་བསལ་མིད་པའི་ན་ཚ་འབྱུང་སླ་བ་ཡིན། ཨལ་མོན་དང་ཨལ་སྒོའི་ན་ཚའི་གནས་སྟངས་ཀྱང་གོང་དང་གཅིག་མཚུངས་རེད། ང་ཚོས་སྒེར་དང་གཞན་གློ་རྒྱག་པའི་སྐོར་གཟབ་དགོས། གློ་རྒྱག་པ་དེས་ཕྱོགས་གཅིག་མཚོན་ཞིང་། གནས་ཚུལ་ཞིག་ལ་ཚོར་ཤེས་ཡོད་པར་མཚོན། མི་མང་པོ་སོ་སོའི་ཁོར་ཡུག་ལ་མོས་པ་མེད་པའམ། དེ་བས་ཁོས་གཞན་གྱིས་ཁོ་རང་ལ་དོ་སྣང་ཡོང་བའི་རེ་བ་བཅང་གི་ཡོད་པའམ་མཚོན།

 

 

 

གློ་རྒྱག་པའི་རྒྱུ་རྐྱེན་གཙོ་ཆེ་ཤོས་ནི་ཕྲ་འབུ་དང་ཐལ་རྡུལ། དེ་བཞིན་གཞན་ཡོངས་ལ་ཁ་གཏད་གཅོག་པ་དེ་ཡིན།རྒྱལ་ཁ་ཆེན་པོར་ཐོབ་པའི་རོལ་དབྱངས་དཀྲོལ་རྡུང་གི་ཚོགས་འདུ་ཐེངས་ཤིག་ནང་། མི་སྟོང་ཕྲག་བརྒྱ་ཕྲག་མང་པོ་འཇམ་ཐིང་ངེར་གྱིས་རོལ་དབྱངས་ཉན་ནས་སྡོད་ཡོད། དེ་སྔོན་ཆམ་པ་ན་ནས་གློ་རྒྱག་མཁན་གྱི་སྐབས་འདི་ལའང་གློ་མ་རྒྱག་པ་ཁུ་སིམ་མེར་གནས།

 

 

དེ་ལས་ལྡོག་སྟེ། ཐ་ཤལ་གྱི་ཟློ་གར་ཁང་ག་གེ་མོ་འགའི་ནང་ལྟད་མོ་ལྟ་མཁན་བཅུའམ་བརྒྱ་ཙམ་ལས་མེད་ཀྱང་། དེར་ཟང་ཟིང་དང་ཅ་ཅོ་ཆེ། གློ་རྒྱག་པའི་སྒྲ་གཅིག་རྗེས་གཉིས་མཐུད་ཀྱི་གྲགས་བཞིན་པ་ལས་སྐར་ཆ་ཙམ་ཡང་ལྷིང་འཇགས་གནས་ཀྱི་མེད།

 

 

འདི་དག་གིས་གློ་རྒྱག་པ་དེ་ལུས་ཕུང་གི་ན་ཚ་ཙམ་མིན་པར་དེ་ནི་མིས་དུས་ཚོད་དང་ཁོར་ཡུག་གང་འདྲ་ཡིན་ཡང་བཟོ་ཆོག་པའམ་མཚམས་བཞག་ཆོག་པ་ཞིག་ཡིན་པ་ཤེས་ཐུབ། ངས་སློབ་ཚན་འཁྲིད་དུས་གལ་ཏེ་སློབ་མས་གློ་རྒྱག་མཁན་ཡོད་ན་ངས་སློབ་མ་དེ་ཡར་སློང་སྟེ་ངའི་བསམ་ཚུལ་བཤད་སྟངས་དེར་མོས་མཐུན་ཡོད་མེད་དང་། ཡང་ན་སློབ་མའི་མིད་པ་དངོས་གནས་བདེ་མིན་སྐོར་དྲིས་པ་ཡིན། དྲི་བ་བཀོད་ས་སློབ་མ་མང་ཆེར་གྱིས་གློ་རྒྱག་མཁན་དེ་ཚོ་དུས་དེ་ནས་མཚམས་བཞག་སྲིད།

 

 

 

ཕྲག་པ་ནི་ང་ཚོའི་ཚེ་སྲོག་གི་ཉམས་མྱོང་མཚོན། 

ཕྲག་པ་ལ་འཐམ་པའི་ནུས་ཤུགས་དང་རྨང་ཤུགས་ཡོད།ཕྲག་པའི་ཕྱེད་སྟོད་དེ་ང་ཚོའི་རྨང་གཞིའི་ནུས་ཤུགས་དང་འབྲེལ་བ་ཡོད། ཕྲག་པའི་སྨད་ནི་ང་ཚོའི་ནུས་ཤུགས་དང་འབྲེལ་བ་ཡོད། ང་ཚོའི་ལག་པས་རྒྱུན་དུ་ཕན་ཚུན་འཇུ་བ། ཅ་དངོས་འཛིན་པའམ་ལེན་པ་བཅས་བྱེད། ང་ཚོས་ཅ་དངོས་དེ་དག་ང་ཚོའི་མཛུབ་མོ་ལྔའི་དབར་ཕར་སྟེར་ཚུར་ལེན་བྱེད། སྐབས་འགར་ང་ཚོས་ཅ་དངོས་བཙན་གྱིས་འཇུས་ཏེ་མི་གློད། ང་ཚོས་གཞན་ལ་རོགས་པ་བྱེད་དུས་ལས་དོན་མགྱོགས་པོ་སྒྲུབ་ཐུབ་མཁན་ལ་ལག་མགྱོགས་པོ་ཞེས་འབོད། གལ་ཏེ་མི་ཞིག་གིས་རྟག་ཏུ་ཁོ་རང་དགའ་སའི་མིའི་ལག་པ་འཇུས་ནས་མ་གློད་ན་ཁོ་རང་དགའ་སའི་མི་དེ་གང་མགྱོགས་ཤོར་སྲིད། གང་ཡིན་ཟེར་ན། མི་སུ་འདྲ་ཞིག་ཡིན་ཡང་རྒྱུན་རིང་པོར་ཧ་ཅང་འཚབ་འཚུབ་ཅན་གྱི་མི་ཞིག་ལ་ཡིད་འོང་མི་སྲིད་པ་དེ་རེད། གཞན་དང་ལག་འཇུ་བྱེད་དུས་གཞན་གྱི་ལག་པ་ཤུགས་ཀྱིས་འཇུ་མཁན་དེ་རྒྱུན་དུ་དེ་ཙམ་གུ་ཡངས་པོ་མི་སྲིད།

 

 

 

མཛུབ་མོར་གནད་དོན་ལྷག་མཁན་གྱིས་དེ་ནས་བཟུང་གང་མགྱོགས་ལྷོད་ལྷོད་བྱེད་འོས་པ་ལས་རང་གཞན་གཉིས་ལ་ཨུ་ཚུགས་མཐའ་བསྐྱེལ་བྱེད་མི་འོས།མི་ལ་ལས་སྣང་མེད་ཀྱིས་མཛུབ་མོར་རྨ་བཟོས་ན་དེ་ནས་སྣང་མེད་ཀྱི་གནས་ཚུལ་ཙམ་མ་རེད། ཁོ་རང་བསམ་དོན་མི་གྲུབ་པའི་ཁོར་ཡུག་ཏུ་རྩ་བ་ནས་བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་ཀྱི་མེད་པ་དེ་རེད།

 

 

 

རྒྱབ་ངོས་ནི་ང་ཚོའི་ལུས་ཕུང་གི་ཀ་བ་ཡིན།

རྒྱབ་ངོས་ཡག་པོ་ཡོད་ན་ཁྱོད་ལ་གཞན་གྱི་རྒྱབ་སྐྱོར་ཡག་ཅིང་། ནུས་ཤུགས་ཀྱང་ཧ་ཅང་ཆེ་བ་མཚོན།

གལ་ཏེ་ང་ཚོའི་རྒྱབ་ངོས་ལ་གནད་དོན་ཡོད་ན། དེ་ནི་སོ་སོས་གཞན་གྱིས་དགོས་ངེས་ཀྱི་རོགས་སྐྱོར་མེད་པར་ཚོར་བཞིན་པ་དེ་ཡིན། དོན་དངོས་ཐོག ང་ཚོར་ལས་གནས་དང་ཁྱིམ་ཚང་། ཁྱོ་ག་དང་བཟའ་ཟླ་མོ། གྲོགས་པོའི་རོགས་སྐྱོར་ཕུད། དོན་དངོས་ཐོག་ང་ཚོར་ད་དུང་ཚེ་སྲོག་གི་རོགས་སྐྱོར་བྱེད་ཀྱི་ཡོད། རྒྱུན་དུ་དགེ་བའི་བྱ་བ་བྱེད་མཁན་ཞིག་ལ་འཇིག་རྟེན་ཁམས་སུ་བཀྲ་ཤིས་པའི་ནུས་ཤུགས་ཡོངས་ཀྱིས་རོགས་སྐྱོར་ཐོབ་སླ་བ་ཡོད།

 

 

 

རྒྱབ་ངོས་སྟོད་བདེ་པོ་མེད་པ་དེ་ཁོའི་བཟའ་ཟླའམ་གྲོགས་པོ། སྦྱིན་བདག་བཅས་ཀྱིས་ཁོ་རང་ལ་རྒྱུས་ལོན་མེད་པའམ་རོགས་རམ་མེད་པར་ཚོར་བཞིན་པ་ཡིན་སྲིད། དེ་ནས་ཁོ་རང་ཉམས་རྒུད་སོང་ནས་ལུས་སྟོད་ཀྱི་ཁྲག་འཁོར་རྒྱུགས་ལ་གནོན་ཤུགས་སྤྲད་པར་བརྟེན། ལུས་སྟོད་ན་བའི་གནས་ཚུལ་འབྱུང་གི་ཡོད་པ་རེད།

 

 

རྒྱབ་ངོས་སྨད་ལ་གནད་དོན་ལྷག་ན་དེ་ནི་རྒྱུན་དུ་སྒོར་མོ་མདང་ངེས་མེད་པར་སེམས་འཚབ་བྱེད་པས་ཡིན། མི་མང་པོས་སྒོར་མོ་ནི་མི་ཚེའི་ནང་གི་ཆེས་གལ་ཆེན་ཞིག་ལ་བརྩི་བཞིན་ཡོད། གལ་ཏེ་སྒོར་མོ་མེད་ན་ཁོ་རང་ཡང་གསོན་ཐབས་བྲལ། དོན་དངོས་ཐོག་ལུགས་མཐུན་གྱི་གནས་སྟངས་འོག་མི་ནི་ལྟོགས་ཤི དང་འཁྱག་ཤི དབུལ་ཕོངས་ཀྱིས་ཤི་མི་སྲིད། དེར་དེ་ཙམ་སེམས་འཁུར་དགོས་དོན་མེད།མི་ལ་ལག་པ་གཅིག་ཡོད་ན་ཡོངས་རྫོགས་རག་ཐུབ་ཅིང་། བསོད་ནམས་ཀྱི་འོད་སྣང་གིས་སེམས་བཟང་ཅན་གྱི་མི་ཚང་མར་འཕྲོ་སྲིད་པ་རེད།

 

 

གློ་བས་ང་ཚོས་ཚེ་སྲོག་ལ་ངོས་ལེན་དང་སྦྱིན་གཏོང་གི་ནུས་ཤུགས་མཚོན།

གློ་བའི་གནད་དོན་གྱིས་རྒྱུན་དུ་ང་ཚོས་ཚེ་སྲོག་ངོས་ལེན་བྱེད་པར་ཞེད་སྣང་སྐྱེ་བའམ། ཡང་ན་སོ་སོར་འཐུས་ཚང་གི་ཚེ་སྲོག་ལ་ཉམས་མྱོང་བསགས་པའི་དབང་ཆ་མེད་པ་ཚོར་བས་ཡིན། ཤེས་དགོས་པ་ཞིག་ནི། མི་ལ་ཚེ་སྲོག་ཡོད་པ་ནི་ཚེ་སྔོན་དགེ་བའི་ལས་བསགས་པའི་འབྲས་བུ་ཡིན་པ་ཤེས་དགོས། སོ་སོ་སྐྱེས་པ་དང་བུད་མེད་བཟང་པོ་ཞིག་ཡིན་པར་ཡིད་ཆེས་བྱེད་འོས་ཅིང་། སྤོབས་པ་ཉམས་ནས་སོ་སོར་མཐོང་ཆུང་བྱེད་མི་ཉན། གློ་བ་སྐྲང་བ་དང་ཚད་བརྒལ་གྱིས་ཐ་མག་འཐེན་པ་དེ་ནི་སོ་སོའི་ཚེ་སྲོག་ལ་ཡིད་ཆས་མེད་པས་ཡིན། གང་ཟག་འདི་དག་ལ་སྲ་མཁྲེགས་ཀྱི་ལྟ་བ་ཞིག་ཡོད། དེ་ནི་སོ་སོ་མི་ཚེ་རིང་པོ་བསྡད་མི་ཐུབ་པར་སེམས་པར་བརྟེན། གང་བྱུང་མང་བྱུང་གིས་ཕན་མེད་ཀྱི་འདོད་གཡེང་ལ་གུ་ཡངས་སྤྲོད་ཀྱི་ཡོད། གལ་ཏེ་ཐ་མག་བཅད་བསམ་ན་ཁྱོད་ཀྱིས་ཐོག་མར་ངེས་པར་དུ་ཐོག་མའི་བསམ་བློ་འདི་དག་ལ་བཅོས་བསྒྱུར་གཏོང་དགོས་པ་རེད།

 

 

 

བྲང་ཁོག་ནི་ཨ་མའི་བརྩེ་བ་ལྟར་གྱི་སེམས་ཁམས་དང་བྱ་སྤྱོད་མཚོན།

གལ་ཏེ་ང་ཚོའི་བྲང་ཁོག་ལ་ན་ཚ་ཡོད་ན་དེ་ནི་ང་ཚོས་གང་ཟག་གཞན་ཞིག་དང་། ས་ཆ་ཞིག ཅ་དངོས་ཤིག་དང་ཡང་ན་ཉམས་མྱོང་ཞིག་ལ་ཨ་མའི་བརྩེ་བ་ཟེར་བ་དེ་འདྲ་མང་དྲག་པ་མཚོན་གྱི་ཡོད། བྲང་ཁོག་ལ་སྐྲན་ན་བ་ནི་གཏིང་ཟབ་པོའི་འཁོན་འཛིན་དང་ཁོང་ཁྲོས་ལུས་ཀྱི་ཕྲ་ཕུང་གི་ནུས་ཤུགས་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པས་རེད།ནང་ཆོས་ཀྱིས་འདོད་ཆགས་དང་ཞེ་སྡང་། གཏི་མུག་ནི་དུག་གསུམ་ཡིན་པར་བཤད་པ་དེ་རྦད་དེ་འགྲིག་ཡོད། དུག་གསུམ་ནི་བར་ཆད་ཡོངས་རྫོགས་ཀྱི་རྩ་བའི་འབྱུང་རྩ་ཡིན།

 

 

སྙིང་ཁམས་ནི་བརྩེ་བ་མཚོན། ཁྲག་རྒྱུན་ནི་བདེ་སྐྱིད་མཚོན།

བརྩེ་བ་ཡིས་ཕྱུག་པའི་སེམས་ཀྱིས་ཁྲག་རྒྱུན་དེ་ང་ཚོའི་གཟུགས་པོ་ཡོངས་སུ་གཏོང་ཐུབ། ང་ཚོས་བདེ་སྐྱིད་དང་བརྩེ་བར་ངོས་ལེན་མེད་སྐབས་སུ་ང་ཚོའི་སྙིང་ཁམས་ཤུགས་ཀྱིས་བག་འཁུམ་ནས་དེའི་འགུལ་ཤུགས་ཉམས་ཀྱི་ཡོད། དེའི་བྱུང་འབྲས་ནི་ཁྲག་འཁོར་རྒྱུགས་ཡག་པོ་མེད་པ་དེ་རེད། དེར་བརྟེན། ཁྲག་སྐྱོ་བ་དང་སྙིང་ནད་ཀྱང་ན་བཞིན་ཡོད། སྙིང་ནད་ཅན་ཚང་མ་བདེ་དགའ་དང་སྤྲོ་བ་ཅན་གྱི་གང་ཟག་ཅིག་མ་རེད། སྤྱི་བཏང་གི་སྒོ་ནས་བཤད་ན་མི་དེའི་རིགས་ཀྱིས་ཕར་བཀྱང་ཤེས་ཀྱང་། ཚུར་སྐུམ་མི་ཐུབ་མཁན་ལྟ་བུ་ཡིན། སངས་རྒྱས་ཀྱིས་དགེ་ཕྲུག་ཚོར་ཆོས་གསུང་དུས་སེམས་ལྷོད་ལ་བབས་དགོས་སྐོར་ཐེངས་གསུམ་ཙམ་གསུངས་ཡོད། ལྷོད་ལ་བབས་ཐུབ་མཁན་གྱི་སྙིང་ནད་དེའང་དུས་མཚུངས་དྲག་བསྐྱེད་འགྲོ་རྒྱུ་དང་། དེའང་ཁོའི་ཁྲག་རྩ་གཅིག་འགག་པའི་དབང་དུ་བཏང་ཡང་། ད་དུང་ཁྲག་རྩ་གསར་པ་གཞན་སྐྱེ་སྲིད་པ་རེད།

 

 

ཕོ་བ་ནི་ཟས་ཞུ་བྱེད་དང་། ང་ཚོའི་བསམ་འཆར་གསར་པ་དང་ཚེ་སྲོག་གི་ཉམས་མྱོང་གསར་པའང་བཞུ་གི་ཡོད། ང་ཚོའི་བསམ་བློ་དང་ཚོར་བར་གནད་དོན་ལྷག་དུས་ང་ཚོའི་ཕོ་བ་ལའང་གནད་དོན་ལྷག་སྲིད། ཕོ་བར་ན་ཚ་འབྱུང་བ་དེ་ནི་ང་ཚོས་རྒྱུན་དུ་ཉམས་མྱོང་གསར་པར་ཇི་ལྟར་ངོས་ལེན་དགོས་མིན་མ་ཤེས་པ་མཚོན། ང་ཚོ་ཞེད་སྣང་སྐྱེ་བའི་དབང་གིས་ཟས་ཞུ་བྱེད་ལ་ཤུགས་རྐྱེན་སྤྲོད་ཡོད། མི་འགའ་རེ་གྲུ་གཟིང་དུ་མགོ་ན་ཞིང་ཕོ་བ་མི་བདེ། སྐྱུག་མཚམས་མི་བཞག་ལ་ཟས་ཀྱང་ཟ་མི་འདོད། འོན་ཀྱང་གྲུ་གཏོང་མཁན་གྱི་མི་སྣ་ལ་དེ་ལྟར་ཡོང་མི་སྲིད་པ་རེད། དེ་ནི་སྔོན་མ་དེ་ཉམས་མྱོང་དེ་འདྲར་ཞེད་སྣང་སྐྱེ་བ་དང་། རྗེས་མ་དེ་ཉམས་མྱོང་དེར་གོམས་ལོབ་སོང་བར་བརྟེན། ཕོ་བའི་མྱོང་ཚོར་ཡང་མི་འདྲ་བ་ཡིན། གནམ་གྲུར་བསྡད་པའམ་གཅིག་མཚུངས་རེད། དེ་བས་དེང་སང་སྐྱུར་མེར་མི་ལང་བའི་སྨན་ཡོད་སྟབས་གནས་སྟངས་དེ་ཙམ་མངོན་མཚན་ཆེན་པོ་མེད། ཕོ་བ་ན་མཁན་གྱིས་སྨན་ཟོས་ནས་བཅོས་ཐབས་ཁག་པོ་ཡོད། དེ་བས་སེམས་ཁམས་དང་ཁོར་ཡུག་ལ་འགྱུར་བ་བཏང་རྗེས་གཞི་ནས་ཁོའི་ཕོ་ནད། དེའང་སྨན་ཟ་མི་དགོས་པར་དྲག་སྐྱེད་འགྲོ་ཐུབ།

 

 

རྐང་པས་ང་ཚོ་ཚེ་སྲོག་གི་དམིགས་ཚད་དུ་མདུན་སྐྱོད་བྱེད་ཀྱི་ཡོད།

རྐང་པར་ན་ཚ་ཡོད་ན་རྒྱུན་དུ་ང་ཚོ་མདུན་སྐྱོད་ལ་ཞེ་སྣང་སྐྱེ་བཞིན་ཁ་ཕྱོགས་ག་གེ་མོར་ཕྱོགས་ཀྱི་ཡོད་པ་མཚོན། རྐང་པའི་རྩ་ཕྱིར་འབུར་དུ་དོད་པ་དེ་ནི་ཁོ་རང་ལང་སར་ཁོང་ཁྲོ་ཟ་ཞིང་ལས་ཀ་བྱེད་འདོད་མེད་པ་བྱེད་དགོས་བྱུང་བར་བརྟེན་དགའ་སྤྲོ་བརླག་པ་མཚོན། གལ་ཏེ་ཁོ་ཚོས་སངས་རྒྱས་ཀྱི་བསླབ་བྱ་ལྟར་བྱེད་ཅིང་། དཀའ་ཚེགས་ལ་ཞེད་སྣང་མེད་པར་དགེ་བའི་ལས་མང་པོ་བསགས་ཐུབ་ན་ཁོ་ཚོའི་རྐང་པའི་ན་ཚ་སླར་འབྱུང་ལང་མི་སྲིད་པ་རེད།

 

 

སྤུས་མོ་ནི་ང་ཚོའི་འཇིང་པ་ལྟར་འཕྲོད་ཐུབ་པའི་ནུས་པ་དང་འབྲེལ་བ་ཡོད་པ་རེད།

སྤུས་མོ་ན་བ་ནི་ཁེངས་དྲེགས་ཆེ་ཞིང་མཁྲིགས་བཟུང་མཚོན། ང་ཚོ་མདུན་སྤྱོད་བྱེད་སྐསབས་རྒྱུན་དུ་སྤུས་མོ་འགུག་པ་དང་། མཁྲེགས་པོར་རྒྱུན་དུ་ཞེད་སྣང་སྐྱེ་བ་དང་། ལམ་ཁར་འགྲོ་བར་ཞེད་དེ་སྣེ་འཁྲིད་གསར་པར་ངོས་ལེན་མི་བྱེད། གལ་ཏེ་ཁྱོད་ཀྱི་སྤུས་མོར་ན་ཚ་ཡོད་ན་སོ་སོར། ཁྱོད་ཁེངས་དྲེགས་དང་འཚོ་བ་བཅོས་བསྒྱུར་ལ་རྒོལ་བ། ལམ་བུ་གསར་པ་འཕྲོད་པར་ངོས་ལེན་མེད་པ་བཅས་ཡིན་ནམ། ཞེས་འདྲི་འོས། ཁྱོད་ཀྱིས་མཁྲིགས་བཟུང་དོར་ནས་བཅོས་བསྒྱུར་ལ་ཁ་ཕྱོགས་དགོས།

 

 

བྱིན་པས་ང་ཚོའི་ཆོད་སེམས་ཀྱི་ནུས་ཤུགས་ཆེ་ཆུང་ཅི་འདྲ་ཡིན་པ་དེ་མཚོན།

རྒས་འཁོག་མང་པོའི་གོམ་བགྲོད་ལ་དཀའ་ངལ་ཡོད། ཕྱི་ཚུལ་ལྟར་ན་དེ་དག་གི་དབང་པོ་ཉམས་པ་ལྟར་སྣང་། དོན་དངོས་ཐོག་དེ་དག་གི་སེམས་ཤུགས་ཉམས་པས་རེད། དེ་དག་གིས་སོ་སོ་ནི་ཚེ་སྲོག་གི་མཐའ་མཇུག་ཏུ་སླེབས་ཅིང་མདུན་ལམ་དང་ཁ་ཕྱོགས་གང་ལའང་སྲ་བརྟན་འགྱུར་མེད་ཀྱིས་མདུན་སྤྱོད་མི་ཐུབ་པར་ངོས་འཛིན་བྱེད་པས་རེད། ཁོ་ཚོ་མར་བསྡད་ན་ཡར་ལང་འདོད་མེད། ཡར་ལང་ཡོད་ནའང་དལ་པོ་མ་གཏོགས་འགྲོ་མི་ཐུབ་ཅིང་འགྲོ་སྙིང་ཡང་མི་འདོད། བྱ་བ་མང་པོར་བཞུགས་འདོད་མེད་ཅིང་ཁོ་ཚོ་བག་འཁུམ་ཞིང་སོ་སོའི་ཚད་ཡོད་ཀྱི་ནུས་ཤུགས་ཉུང་ཙམ་དེ་གསོག་ཉར་བྱ་དགོས་ཀྱི་འདུག་སྙམ། དེ་ནི་ནོར་འཁྲུལ་གྱི་བྱ་འགུལ་ཞིག་རེད། ལུས་ཀྱི་ཆ་ཤས་ནི་ལོ་ཚད་དབང་གིས་ཉམས་རྒུད་མི་འགྲོ་ལ། དེ་བས་འགུལ་སྤྱོད་དང་བེད་སྤྱོད་མེད་པར་བརྟེན་ནས་ཉམས་རྒུད་དུ་འགྲོ་སྲིད།

 

 

དེའང་འཕྲུལ་ཆ་ཞིག་དང་མཚུངས།ཁྱོད་ཀྱིས་དེ་བེད་སྤྱོད་མ་བྱེད་ན་དེ་ལ་རྩ་རྒྱག་སྲིད་ཅིང་འཕྲོག་བརླགས་ཀྱང་འགྲོ་སླ།ང་ཚོས་སྨན་པ་ཐ་ཤལ་བས་ནད་པའི་མགོ་ན་ན་མགོ་བཅོས་ཤིང་། རྐང་པ་ན་ན་ཁ་བཅོས་པར་ཟུར་ཟ་བྱེད་པར་གོམས་ཡོད། ཁོ་ཚོས་ནད་པའི་གཟུགས་ཕུང་ཐོག་ནས་ན་ཚའི་འབྱུང་རྐྱེན་འཚོལ་ནས་སྨན་བཅོས་མཐིལ་ཕྱིན་པ་ཞིག་བྱེད་ཤེས་ཀྱི་མེད། དོན་དངོས་ཐོག་ན་ཚའི་འབྱུང་རྐྱེན་ཡོངས་རྫོགས་སེམས་དང་འབྲེལ་བ་ཡོད་པ་རེད།

 

 


ཚེ་སྲོག་ནི་འཁོས་སྙོམ་ཞིང་འགུལ་སྤྱོད་ལ་རག་ལུས། གལ་ཏེ་ང་ཚོར་དགའ་སྤྲོ་དགོས་ན། ང་ཚོས་ངེས་པར་དུ་ཚེ་སྲོག་ལ་གོམས་ལོབ་དགོས་པ་དང་། ཚེ་སྲོག་དང་མཉམ་གཅིག་ཏུ་འགུལ་སྤྱོད་བྱེད་དགོས།ཤིང་སྡོང་ཞིག་རླུང་དང་སྡེབས་ནས་གཡོ་འགུལ་བྱེད་པ་དེ་ནི་ག་དུས་ཡིན་ཡང་དེ་ལྟར་ཡིད་དུ་འོང་ཞིང་། དེ་ལྟར་རང་བཞིན་གྱིས་ཚེ་སྲོག་དང་མཉམ་གཅིག་ཏུ་མཐུན་ཐུབ་པ་ལྟ་བུ་ཞིག་རེད།

 

 

འབྲེལ་ཐག

http://m.xuite.net/blog/tonycjones/twblog/383019992

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།