ཡར་འབྲོག་གཡུ་མཚོ་ཁའི་དམར་ཧྲིང་མའི་དོན་རྐྱེན་གྱི་གཏན་ཚིག་རིག་པ་འགའ།


 དྲི་བ། རྟ་ལུག་ཚང་མས་གཡུ་མཚོའི་ནང་སྐྱལ་ཆོག་ན་ང་ཚོས་དེ་མི་ཆོག་པ་ཅི་ཡིན་ནམ།

 དྲི་བར་དཔྱོད་ལན།  དྲི་བ་འདིའི་གཏན་ཚིག་ནི་ཞི་མི་དང་ཁྱི་ཡིས་འབོལ་གདན་ཐོག་བཙོག་པ་བཏང་སྲིད་པས། ང་ཚོས་མིས་དེ་ལྟར་མི་ཆོག་པ་གང་ཡིན་ཞེས་པ་དེ་རེད། གཏན་ཚིག་འདིས་མིའི་སྲིད་པའི་དཔལ་ཡོན་གྱི་ཤེས་པ་དེ་དུད་འགྲོར་ཁ་ཕྱོགས་དགོས་པའི་མདང་ཤུགས་ཆེན་པོ་ཞིག་འཛིན་ཡོད་པ་རེད།

 

དྲི་བ། བོད་ཀྱིས་གཞན་ལ་ངོས་ལེན་དང་གུ་ཡངས་པོའི་སྒོ་ནས་དེང་རབས་ཅན་དུ་འགྲོ་དགོས།

དཔྱོད་ལན། གཡུ་མཚོར་སྐྱལ་མཁན་བུ་མོ་དམར་ཧྲིང་མ་དེར་ངོས་ལེན་བྱེད་ན་དེ་ནི་གུ་ཡངས་དང་དེང་རབས་ཅན་ལ་འགྱུར་གྱི་ཡོད་དམ། གལ་ཏེ་ཕྱི་མི་ཞིག་ཁྱོད་ཀྱི་ཁྱིམ་དུ་སླེབས་ཏེ་ཁོའི་ལྷམ་བཙོག་པ་དེས་ས་གདན་ལ་བརྡར་ན། དེ་ནི་དེང་རབས་ཅན་དང་གུ་ཡངས་ཀྱིས་ངོས་ལེན་ཞིག་ལ་ངོས་འཛིན་དགོས་སམ། སྡིག་ལས་རྒྱ་ཁྱབ་མི་འགྲོ་བར་འགོག་ཕྱིར་གུ་ཡངས་ཀྱིས་ངོས་ལེན་གྱི་རྩ་དོན་ལ་རྩ་བའི་སོ་མཚམས་ཤིག་དགོས་པ་ཡིན། དེ་བས་དེང་རབས་ཅན་ནི་ཐོག་མར་མི་ལ་བརྩི་བཀུར་དང་། རིག་གཞུང་མི་འདྲ་བར་བརྩི་བཀུར་བྱེད་པ་ནས་འགོ་བརྩམས་པ་ཞིག་ཡིན། ཤེས་རབ་དང་དཔལ་ཡོན་ལ་བརྩི་བཀུར་མི་བྱེད་མཁན་ལ་ཁ་གཏད་གཅོག་རྒྱུ་ནི་དེང་རབས་ཀྱི་དོན་སྙིང་ལྡན་པའི་མཚོན་དོན་ཞིག་ཡིན།

 

དྲི་བ། གཞན་མང་པོར་དོ་སྣང་བྱེད་ས་ཡོད། དམར་ཧྲིང་མ་ཞིག་གི་དོན་རྐྱེན་ཙམ་ལ་སེམས་འཁུར་དེ་འདྲ་དགོས་དོན་མེད།

དཔྱོད་ལན། དམར་ཧྲིང་མར་སེམས་འཁུར་རྐྱང་པ་ཟེར་བའི་སྐོར་བཤད་ཡོང་ན། དེའི་ཚད་གཞི་ནི་ཧ་ལས་ན་ལྷམ་ཕྱི་དགོས་མིན་གྱི་སེམས་འཚབ་ཙམ་ལས་མ་འདས། གཞན་དམར་ཧྲིང་མ་དང་དོན་གཞན་མང་པོར་དོ་སྣང་དགོས་པའི་དབར་འདི་ཡིན་དེ་མིན་གྱི་འགལ་ཟླ་ཞིག་མེད། ཕྱོགས་གཉིས་ཀར་དོ་སྣང་དུས་མཚུངས་བྱེད་ན་འགྲིག དེ་བས་དམར་ཧྲིང་མའི་དོན་རྐྱེན་འདི་གཞན་དོན་རྐྱེན་ཆེ་ཁག་མང་པོའི་ནང་གི་འབྲེལ་བ་ཞིག་ཡོད་དེ་ནི་རང་སྣང་གང་འདོད་ཅེས་པ་འདི་རེད། (དེའང་དམིགས་སུ་བཀར་ནས་ལྷོད་གཡེང་གཏོང་མཁན་དང་དེ་མཚུངས་ཀྱིས་ལག་བསྟར་བྱེད་མཁན་དབར་ནང་གི་འབྲེལ་བ་ལ་གོ)

 

དྲི་བ། དམར་ཧྲིང་མའི་གནས་སྟངས་འདི་འདྲར་ངོས་ལེན་མ་བྱེད་ན། མི་ཚང་མས་བོད་རིགས་འདི་གུ་དོག་པོ་དང་མཁྲིགས་བཟུང་། རྗེས་ལུས་དང་གདུག་རྩུབ་ཅན་ལ་ངོས་འཛིན་བྱ་སྲིད་ལ། དེ་དག་ཚང་མ་ཆོས་ལུགས་ཀྱིས་སྣེ་ཤེན་བྱེད་བཞིན་པར་ངོས་འཛིན་བྱ་སྲིད།

 

དཔྱོད་ལན། ཐོག་མ་འདིར་གུ་དོག་པོ་དང་སྲུང་སྐྱོར། མཁྲིགས་བཟུང་དང་རྒྱུན་འཁྱོང་དབར་གྱི་ཁྱད་པ་གསལ་པོ་བཟོས་ན་གཞི་ནས་དམར་ཧྲིང་མའི་དོན་རྐྱེན་སྐོར་སྐྱོན་བརྗོད་ལ་དེའི་ཚོད་ཀྱི་བསམ་གཞིག་ཅིག་ཡོང་ཐུབ་ཀྱང་འདིར་མང་པོ་མི་བཤད། དེང་རབས་ཅན་དང་ཆོས་ལུགས་དབར་རྣམ་དཔྱོད་མེད་པའི་སྒོ་ནས་ཁ་གཏད་དུ་བཟོ་རྒྱུ་མེད། དེང་རབས་ཅན་ནི་ནུབ་ཕྱོགས་ནས་དར་ཞིང་། དེང་རབས་ཅན་གྱི་ནུབ་ཕྱོགས་པའི་ནང་ཆོས་ལུགས་ལ་དད་མཁན་མི་གྲངས་དུང་ཕྱུར་ ༢༨ ལྷག་ཡོད་པ་རེད། དེའང་སའི་གོ་ལའི་ཐོག་གི་མི་འབོར་ལས་ཕྱེད་ཀ་ཙམ་ཟིན་ཡོད། འདིར་བཤད་བཞིན་པའི་ཆོས་ལུགས་འདི་ནང་ཆོས་ཡིན་པས་ནང་ཆོས་ཀྱིས་སྣེ་ཤེན་ཐེབས་པའི་མི་རྣམས་གདུག་རྩུབ་ཅན་དུ་འགྱུར་གྱི་རེད་དམ། ནང་ཆོས་ལ་རྒྱུས་མེད་ཚོས་འདི་ལྟར་འཆད་སྲིད་མོད་ལ་ང་ཚོས་དེར་བསམ་གཞིགས་བྱེད་ཐུབ། འོན་ཀྱང་ཁྱོད་ཚོས་དེ་འབྲེལ་གྱི་དཔེ་དེབ་ལྟ་ཀློག་དགོས་པར་བསྐུལ་གྱི་ཡོད་ལ། ཉེ་འཁོར་གྱི་ནང་པ་ཚོ་གདུག་རྩུབ་ཅན་ཡིན་མིན་ལའང་དཔྱོད་པར་འཚལ།

 

དྲི་བ། དམར་ཧྲིང་མའི་དོན་རྐྱེན་ནི་སྒྱུ་རྩལ་གྱི་བྱ་བ་ཞིག་ཡིན་པར་བརྟེན། དེ་འདྲ་ཆོག་ཅིང་གུ་ཡངས་དགོས་པ་རེད།

དཔྱོད་ལན། ཐོག་མར་སྒྱུ་རྩལ་ནི་མཛེས་སྡུག་གི་མཚོན་བྱེད་ཅིག་ཡིན། མཛེས་པ་མཚོན་སྟངས་དེ་ལའང་སྤྱི་བཏང་གི་ཆ་ནས་ཕྱིའི་མཛེས་སྡུག་དང་ནང་གི་མཛེས་པ་གཉིས་སུ་དབྱེ། ཆེས་ཐ་ཤལ་གྱི་སྒྱུ་རྩལ་ཞིག་ཡིན་ན་དེའི་ཚོད་ཀྱིས་ཕྱིའི་རྣམ་པ་དང་མངོན་ཚུལ་ལ་འབད་པ་ཆེ། ཆེས་རྩེར་སོན་པའི་སྒྱུ་རྩལ་གྱིས་ནང་དོན་དང་སྙིང་པོར་འབད་པ་བྱེད། སྒྱུ་རྩལ་གྱི་མཐའ་མའི་དམིགས་ཡུལ་ནི་མི་རྣམས་ཁྱད་དུ་འཕགས་པ་ཞིག་འགྱུར་ཐབས་སུ་འབད་བརྩོན་བྱེད། གལ་ཏེ་སྒྱུ་རྩལ་ཡིན་པ་ཙམ་གྱིས་དེ་ལ་གུ་ཡངས་གཏོང་དགོས་ན། རང་གཤིས་འགྱུར་ཚར་བའི་སྨྱོན་པ་དང་ནཱ་ཛི་ Nazi ཡིས་མི་བསད་པའི་སྒྱུ་རྩལ་དེ་དག་ལའང་གུ་ཡངས་གཏོང་དགོས་པ་རེད་དམ།

 

དྲི་བ། བོད་ནང་རི་ལ་གཅིན་སྐྱག་གཏོང་ན་ཕོག་ཐུག་འགྲོ་གི་ཡོད།

དཔྱོད་ལན། དེ་ནི་མི་རྣམས་མགོ་རྙོག་བཟོ་ཐབས་ཀྱི་སྐད་ཆ་ཞིག་རེད། གལ་ཏེ་ཁྲིམས་མཐུན་ཡིན་ན། གང་ཟག་སུ་འདྲ་ཞིག་ཡིན་ཡང་ཁྱོད་ཀྱིས་ཆོས་ལུགས་དང་འབྲེལ་མེད་ཀྱི་ས་ཆར་བྱ་བ་ག་རེ་བྱེད་མིན་ལ་སྐྱོན་བརྗོད་བྱེད་མི་སྲིད་པ་རེད། གལ་ཏེ་དམར་ཧྲིང་མའི་དོན་རྐྱེན་གྱི་ས་གནས་དེ་གནས་མཆོག་གམ་ཡར་འབྲོག་གཡུ་མཚོ་ལ་མིན་ན། མོ་རང་དམར་ཧྲིང་གིས་མཚོ་ནང་སྐྱལ་མིན་ལ་དོགས་པ་སྐྱེ་མི་སྲིད།

 

དྲི་བ། ཡར་འབྲོག་གཡུ་མཚོ་ནི་ཆོས་ལུགས་གང་གི་གནས་རེད་དམ།

གནས་ཡིན་པ་ཙམ་གྱིས་ཀྱང་དེར་མཆོད་བསྟོད་གང་བྱུང་བྱེད་ན་དེ་ནི་ཕྱོགས་ལྷུང་གི་བྱ་བ་ཞིག་རེད།

དཔྱོད་ལན། མི་རབས་རིམ་བརྒྱུད་ནས་ད་བར་དེར་ནང་པའི་གནས་རྩ་ཆེན་གྱི་མཚོ་ཞིག་ལ་ངོས་འཛིན་གྱིས་མཆོད་བསྐོར་བྱེད་ཅིང་། དེར་ལོ་སྟོང་གི་ཉམས་མྱོང་དང་ཡུལ་གོམ་རིག་གཞུང་གི་རྒྱབ་ལྗོངས་ཤིག་ཡོད། དེ་འབྲེལ་གྱི་འགྲེལ་བཤད་ཀྱང་མང་པོ་རེད། དོན་དངོས་གནས་སྟངས་ཀྱི་ཕྱོགས་ནས་བཤད་ནའང་། ཡར་འབྲོག་གཡུ་མཚོ་བསྔོག་འདོན་དང་དེར་གཏོར་བཅོམ་མི་ཐེབས་པའི་དོན་དངོས་ཀྱི་ཕན་ནུས་ཤིག་ཡོད་པ་རེད། དེ་བས་མི་རིགས་ཤིག་ལ་བརྩི་བཀུར་དང་ཁོར་ཡུག་སྲུང་སྐྱོར་ནི་དེང་རབས་ཅན་གྱི་དཔལ་ཡོན་ལྡན་པའི་མི་རྣམས་ཀྱིས་ཤེས་དགོས་པའི་རྒྱུན་ཤེས་རེད། དེ་བས་མེས་པོ་གོང་མའི་ཉམས་མྱོང་དང་ཕྲེང་བ་ལག་བརྒྱུད་ཀྱིས་སྤེལ་བ་དེ་དག་ལ་རྩམ་པའི་འབྱུང་ཁུངས་མི་ཤེས་པས་རྐྱེན་གྱིས་རྩམ་པ་ཟ་ན་མི་འགྲིག་པའི་གཏན་ཚིག་ཅིག་བགྲང་འདོད་ནི་དགོད་བྲོ་བ་ཙམ་དུ་ཟད་དོ།

 

དྲི་བ། བུད་མེད་ཅིག་ལ་སྐྱོན་བརྗོད་བྱེད་པ་ནི་བུད་མེད་ལ་མཐོང་ཆུང་བྱེད་པ་ཡིན།

དཔྱོད་ལན། མི་མང་ཆེ་བས་དེང་གི་བར་དུ་བུ་མོ་དམར་ཧྲིང་མ་དེ་གང་ནས་ཡོང་མིན་དང་སུ་ཡིན་མིན་ཤེས་མཁན་མེད། དེར་བརྟེན། གནད་དོན་འདིའི་ཁྱོན་ཡོངས་ལ་སྐྱོན་བརྗོད་བྱེད་པ་དེ་ནི་གནས་སྟངས་དེར་སྐྱོན་བརྗོད་བྱས་པ་ལས་གང་ཟག་སུ་ཡིན་མིན་ལ་སྐྱོན་བརྗོད་མིན་པ་འདིར་སྣང་ཆུང་གཏོང་མི་ཉེན། དེ་བས་ཉམ་ཆུང་ཟེར་བའི་དཔལ་ཡོན་ལ་རྒོལ་བའི་བྱ་བ་འདིའི་རིགས་ལ་སྐྱོན་བརྗོད་བྱེད་ན་མ་འགྲིག་པ་ག་རེ་ཡིན་ནམ། གནས་སྟངས་ཁྱོན་ཡོངས་ཐོར་ཞིག་འགྲོ་བ་དེ་ནི་གནས་ཚུལ་ཆུང་ཙག་ནས་འགོ་བརྩམས་པ་ཞིག་ཡིན།

 

དྲི་བ། ཆོས་དད་ནི་དེ་འདྲ་ཐོར་ཞིག་འགྲོ་སླ་བ་ཞིག་ཡིན་ནམ། དེ་ནི་བུ་མོ་དམར་ཧྲིང་མ་གཅིག་ཙམ་གྱིས་གཏོར་ཆོག་པ་ཞིག་ཡིན་ནམ།

དཔྱོད་ལན། སྲ་བརྟན་འགྱུར་མེད་ཀྱི་དད་པ་ནི་དཔལ་ཡོན་ལ་སྣང་ཆུང་དང་ལྷོད་གཡེང་གཏོང་བ་ཞིག་མཚོན་མི་ཐུབ།

མདོར་ན། དེང་རབས་ཅན་གྱི་གང་ཟག་སུ་འདྲ་ཞིག་ཡིན་རུང་ངེས་པར་དུ་ཚང་མར་དགོས་མཁོ་ཡོད་པའི་ཀུན་སྤྱོད་ལ་བརྩི་བཀུར་བྱེད་པ་ནི་བྱ་བ་སྣ་ཚོགས་བརྒྱུད་ནས་མཚོན་དགོས་པ་ཞིག་ཡིན། དེའི་མཇུག་བསྡོམས་ཀྱང་ཧ་ཅང་སྟབས་བདེ་ལ། དེ་ནི་བརྩི་བཀུར་མེད་ན་རྩ་བའི་རྨང་གཞིའི་ཐོག་གི་མཛའ་བརྩེ་ངོ་མ་དེ་མེད་ཅིང་། བརྩི་བཀུར་མེད་ན་དོན་སྙིང་ངོ་མ་ལྡན་པའི་མཛའ་མཐུན་ཞིག་ཀྱང་མེད།

 

 

མཇུག་ཏུ་བཤད་འདོད་པ་ནི། གལ་ཏེ་གུ་ཡངས་ཀྱིས་སྐྱུག་བྲོ་བའི་བྱ་བ་དེ་དག་འགོག་ཐུབ་ན། ངས་འཛེམས་ཟོན་ཙམ་མེད་པར་གུ་ཡངས་གདམ་ངེས། འོན་ཀྱང་གལ་ཏེ་གུ་ཡངས་ཀྱིས་བྱ་ངན་དར་ཁྱབ་གཏོང་བར་གཞོག་འདེགས་བྱེད་ན། ངས་ཀྱང་གཞན་ལ་བརྩི་བཀུར་མི་ཤེས་མཁན་གྱི་གང་ཟག་དང་གནས་ཚུལ་ལ་ཁོང་ཁྲོ་ཙམ་ཟ་ཆོག་པའི་དབང་ཆ་ཞིག་སྤྲོད་རོགས།

 

 

མ་རྩོམ་ཡོང་ཁུངས་འདི་བོད་ནང་གི་ལུག་ཚང་དཔལ་ཡོན་དྲ་བ་ཡིན།

http://www.tibetsheep.com/archives/category/gushi

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།