ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧཱི་ལ་རི།

ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧཱི་ལ་རི།ང་ཚོའི་བོད་པའི་སྲིད་སྐྱོང་གཉིས་ཀྱི་ འོས་བསྡུའི་རྒྱུད་རིམ་ཟང་ཟིང་ལང་ལོང་བྱུང་རྗེས་ས་ཁུལ་ཡོངས་ཀྱི་གྲངས་བཤེར་ ལྟར་ན་ད་ཆ་བློ་བཟང་སེང་གེ་སླར་དབུ་འཁྲིད་ཆག་རྒྱུ་གཏན་འཁེལ་ཟིན། ང་ཚོས་ཡང་དག་པར་རློམ་བཞིན་པའི་ཆབ་སྲིད་དམངས་གཙོ་ལམ་ལུགས་འདི་ཡུལ་གྱར་དུ་ཆབ་སྲིད་གཞན་དབང་སྟབས་བསྟུན་གྱི་སྒྲོམ་གཞིའི་དཀའ་ངལ་འོག་འཚོ་དགོས་ཀྱང༌། རང་ལུགས་ཀྱིས་ཆོལ་ཁ་ཆོས་རྒྱུད་སྤྱི་འཐུས་འོས་འདེམས་སམ་སྤྱི་འཐུས་ལམ་ལུགས་ཀྱི་སྔོན་འགྲོའི་ཚུལ་དུ་གནས་བཞིན་ཡོད། ད་དུང་འོས་བསྡུའི་ནང་འོས་མི་དང་རྒྱབ་སྐྱོར་བའི་སྒྲིག་སྲོལ་མང་དག་ལ་དོ་དམ་དང་ལེགས་བཅོས་དགོས་ངེས་ཀྱང་མ་འོངས་པའི་ལོ་ལྔའང་མང་གཙོའི་སྒྲོམ་གཞི་ཆེ་བ་རྒྱ་འདི་ལས་བརྒལ་མི་ཐུབ་པའང་ཚང་མས་ཤེས་གསལ་ལྟར་ཡིན།

 

 

དེ་བས་འདིར་ངས་འཛམ་གླིང་འདིར་ཆབ་སྲིད་དམངས་གཙོའི་དམིགས་དཔེར་འོས་པའི་ཨ་རིའི་ དམངས་གཙོ་ཆབ་སྲིད་ཚོགས་པའི་ངོས་ནས་སྲིད་འཛིན་ ༡༦ བྱུང་མྱོང་བའི་རྗེས་འཇུག་གམ་ད་ལྟའི་སྲིད་འཛིན་འོས་མིའི་ནང་གི་བུད་མེད་ཁོ་ན་ ཧཱི་ལ་རི་ཁི་ལིན་ཊོན་སྐོར་ཅུང་ལྟ་འདོད་བྱུང༌།


ཧཱི་ལ་རིའི་མིང་ཡོངས་རྫོགས་ཧཱི་ལ་རི་ཏེན་རོ་ཊོན་ཁི་ལིན་ཊོན་ Hillary Diane Rodham Clinton རེད། ༡༩༤༧ ཟླ་ ༡༠ ཚེས་ ༢༦ ཉིན་ཨ་རིའི་ཞཱི་ཁ་གྷོར་ Chicago སྐྱེས། དེ་སྔོན་མོས་ཨ་རིའི་རྒྱལ་སྲིད་བློན་ཆེན་ Secretary of State ཨང་རེ་བདུན་པ་དང༌། གྲོས་ཚོགས་གོང་མའི་ཚོགས་མི། ཁྲིམས་རྩོད་པའམ་ཆབ་སྲིད་ཆེད་མཁས། ཨ་རིའི་སྲིད་འཛིན་ཨང་ཞེ་གཉིས་པ་ཝཱེ་ལན་ཅེ་ཧྥུ་ཞུན་ཁི་ལིན་ཊོན་ William Jefferson Clinton གྱི་བཟའ་ཟླའམ་ཨ་རིའི་སྲིད་འཛིན་གྱི་ལྕམ་སྐུ་ཞབས་ཡིན།


བཟའ་ཟླ་ཁཱི་ལིན་ཊོན་སྲིད་འཛིན་གྱི་དུས་ཡུན་རྫོགས་རྗེས་ལྕམ་ཧཱི་ལ་རིས་ ༢༠༠༨ ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་སུ་ཞུགས་མྱོང་ཞིང༌། དམངས་གཙོའི་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མིའི་ནང་ནས་འོས་གྲངས་མང་ཤོས་ ཐོབ། འོན་ཀྱང་མཐའ་མཇུག་དེར་དབྱི་ལོ་ནོ་སི་ Illinois གྲོང་ཁྱེར་མནའ་འབྲེལ་གྱི་གྲོས་ཚོགས་གོང་མའི་འོས་མིའམ་ད་ལྟའི་སྲིད་འཛིན་བྷོ་ རག་ཨོ་བ་མས་མོ་རང་ཕམ་ཁར་བཏང༌། ཨོ་བ་མར་རྒྱལ་ཁ་ཐོབ་རྗེས་ཧཱི་ལ་རི་ཕྱི་སྲིད་བློན་ཆེན་ལ་འོས་མིང་བཏོན་ཏེ་ཨ་རིའི་ལོ་རྒྱུས་ཐོག་གི་བུད་མེད་ཕྱི་སྲིད་བློན་ཆེན་ཨང་གསུམ་པ་དེ་ཆག


ཧཱི་ལ་རི་ནི་དམངས་གཙོ་ཆབ་སྲིད་ཚོགས་པ་ནས་ཡིན་རུང་མོ་རང་སྒེར་གྱི་ཆབ་སྲིད་ལྟ་སྒྲུབ་ནི་རང་དབང་རིང་ལུགས་དང་ཉེ་ཆེ་བ་ཡོད། མོ་རང་གི་འདས་སོང་ལོ་རྒྱུས་ལ་བལྟས་ཀྱང་མོའི་ཆབ་སྲིད་ཐོག་གི་ཤུགས་རྐྱེན་ཡང་ཅུང་ཆེན་པོ་ཞིག་བཞག་ཡོད་པ་རེད། མི་མང་གི་ངོས་ནས་ཧཱི་ལ་རི་ནི་ཨ་རིའི་ལོ་རྒྱུས་ཐོག་དོན་དམ་པར་ཆེས་དབང་ཤུགས་ དང་ལྡན་པའི་སྲིད་འཛིན་གྱི་ལྕམ་སྐུ་ཞབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད།


ན་ནིང་ལོ་སྟེ་ ༢༠༡༥ ཟླ་ ༤ ཚེས་ ༡༢ ཉིན་ཧཱི་ལ་རིས་བརྙན་ཐུང་དང་སྐད་འཕྲིན་གྱི་ཐོག་ནས་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལང་རྒྱུའི་གསར་བསྒྲགས་སྤེལ། དེ་ནས་གྲོང་ཁྱེར་ཁག་ཏུ་འོས་བསྡུ་དང་འབྲེལ་བའི་བསྐོར་སྐྱོད་ཀྱི་གཏམ་བཤད་འགོ་ བརྩམས། ༢༠༡༦ ཟླ་ ༣ པའི་ཚེས་ ༡༥ ཉིན་ཧཱི་ལ་རིར་གྲོང་ཁྱེར་ཆེ་ཁག་གསུམ་ནས་འོས་གྲངས་འགྲན་ཡ་ལས་མཐོ་བ་རག


ཧཱི་ལ་རིའི་ཆབ་སྲིད་ལྟ་སྒྲུབ་སྐོར་ཕྱོགས་བསྡོམས་ལྟ་བུ་རེ་བྱས་ན་འདི་འདྲ་རེད་འདུག མོས་ཟེར་ན་ཁྲིམས་ལུགས་ཀྱི་ཐབས་ལམ་ཐོག་ནས་འདྲ་མཉམ་ཞེས་པའི་འགྲན་རྩོད་བརྒྱུད་ དགོས་པར་བཤད། མོ་རང་ལ་མཚོན་ན་ད་ལྟའི་འགྲན་ཡ་སྟེ་སྤྱི་འཐུས་ཆབ་སྲིད་ཚོགས་པའི་འོས་མི་སྔོན་ མཐོན་ཅན་ཁྲོན་ཕུ་ Trump ལྟ་བུའི་འུར་བཤད་དེ་ལྟར་ཁྱོན་ནས་མེད་པར་ཞི་ལྷོད་བག་ཡངས་ལྟ་བུ་སྣང་བ་མ་ཟད། ཆབ་སྲིད་ཀྱི་བཀོད་ཇུས་ཐོག་ལའང་གཞན་འདྲིང་མི་འཇོག་པའི་བསམ་བློ་མངོན་གསལ་ཆེ། དཔེར་ན་མོ་རང་གིས་ཀྱང་སྲིད་གཞུང་གི་སྲིད་ཇུས་ཀྱི་ཐབས་ལམ་ཐོག་ནས་མི་རྣམས་ ཀྱིས་སེམས་འཁུར་ཆེ་བའི་ཨ་རིའི་དཔལ་འབྱོར་གྱི་དོན་དངོས་གནད་དོན་ཐག་གཅོད་ དགོས་པའི་ལངས་པྱོགས་བཟུང་ཡོད་པ་རེད། མོས་ལྟ་སྒྲུབ་དེ་དག་འགྲན་ཡ་ཁྲོན་ཕུས་སོ་སོའི་ཆབ་སྲིད་སྤྱི་འཐུས་ཚོགས་པའི་ སྲོལ་རྒྱུན་གྱི་དཔལ་འབྱོར་སྲིད་ཇུས་དང་མི་འདྲ་བ་ནི་ཧཱི་ལ་རིས་ཕྱོགས་གཅིག་ ནས་སྒེར་གྱི་དམངས་གཙོ་ཆབ་སྲིད་ཚོགས་པའི་སྒྲིག་སྲོལ་དང་ཆ་རྐྱེན་ཁག་ཏུ་བག་ ལྷོད་པོའི་སྒོ་ནས་གནས་པ་མ་ཟད། ཕྱོགས་གཞན་ནས་གནད་དོན་ཐག་གཅོད་ཡོང་ཐབས་ཀྱང་བྱེད་བཞིན་འདུག དཔལ་འབྱོར་གྱི་གནད་དོན་འདི་འཛམ་གླིང་ཡོངས་ཀྱི་གནད་དོན་ཆེན་པོ་ཞིག་ཏུ་འགྱུར་ ལ་ཉེ་བའི་སྐབས་འདིར་ཧཱི་ལ་རིའི་ངོས་ནས་མིག་སྔར་དུས་ཡུན་ནང་འགྲོ་སོང་གཏོང་ མཁན་ཚོང་དཔོན་ཕྱུག་བདག་ཚོའི་ཁེ་བཟང་གི་དཔྱ་ཁྲལ་ཤུགས་ཆེར་སྤར་ཆ་དགོས་པ་ཕུད། ད་དུང་མོས་གྷི་ལ་སི་སི་ཊེ་གྷལ་ཁྲིམས་ལུགས། Glass-Steagall Act ཅེས་པའི་ཁྲིམས་ཡིག་དེ་ལག་བསྟར་དང་སྐྱར་གསོ་དགོས་པར་བཤད་དེ་དཔལ་འབྱོར་སྡེ་ ཚན་དང་ཚོང་ལས་སྡེ་ཚོགས་ཆེ་ཁག་ནས་ཉེན་སྲུང་གི་འགྲོ་འགྲོན་ཁག་ཅིག་བསྡུ་ཐབས་དགོས་སྐོར། དེ་བཞིན་གཏན་འབེབས་ཟིན་པའི་ཚོང་པའི་སྡེ་ཚོགས་ཀྱི་ཚོང་ལམ་ཡོངས་འབབ་ནས་དཔྱ་ དངུལ་མང་ཙམ་བསྡུ་ཐབས་དགོས་པའང་བཤད་ཀྱི་ཡོད་པ་རེད།


༡༩༩༩ ལོར་གོང་གསལ་ཁྲིམས་ཡིག་དེ་རྩིས་མེད་བཏང་ནས་བཟུང༌། དངུལ་ཁང་གཙོས་དཔལ་འབྱོར་གྱི་ཁོར་ཡུག་ཆེན་མོའི་ནང་གནམ་ས་བླ་འོག་ཏུ་བསྒྱུར་བའི་འགྱུར་བ་ཆེན་པོ་བྱུང་ཡོད་པ་རེད། ཁྲིམས་ཡིག་འདི་ནི་དུས་རབས་སུམ་བཅུའི་གནས་སྟངས་ཤིག་ལ་བརྩི་སྲུང་ཡོང་ཐབས་ཀྱང་ ཡིན། ཁྲིམས་ཡིག་དེའི་ནང་ཚོང་ལས་སྡེ་ཚན་གྱི་དངུལ་ཁང་ནས་དངུལ་བཅོལ་མཁན་གྱི་དངུལ་ བེད་སྤྱོད་ནས་ཚོང་ལས་སྤེལ་བར་བཀག་སྡོམ་བྱས་ཡོད། ད་ལྟའི་དངུལ་དངོས་དང་དཔལ་འབྱོར་གྱི་སྒྲོམ་གཞིའི་ནང་ཧ་ལས་པའི་མ་རྩ་དང་དངུལ་འཛིན། དངོས་རྫས་བཅས་ཡོད་པ་རེད། མི་ཚོས་དེ་ནི་འདས་སོང་ལ་ཕྱིར་ལོག་གི་བྱེད་ཐབས་འདིས་ལྡོག་ཕྱོགས་ཀྱི་ཤུགས་ རྐྱེན་ཅི་འདྲ་ཐེབས་མིན་ལ་བསམ་བློ་ཙམ་ཡང་འཁོར་མྱོང་མེད་པ་རེད། གོང་ལྟར་ཁྲིམས་ལུགས་ཐོག་གི་འགྱུར་ལྡོག་དེ་འདྲ་ཞིག་བཏང་ཚེ། དེ་ནི་དངུལ་ཁང་ཕོན་ཆེན་གྱི་མ་དངུལ་དག་ཚོང་ལས་ཀྱི་ཁྲོམ་རར་བེད་སྤྱོད་ཡོང་ རྒྱུ་དང༌། དེའང་ཁྲིམས་ཡིག་གི་གཏན་འབེབས་ལྟར་ཡོང་ཕྱིར་ཡིན།


གཞན་ཡང་ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧཱི་ལ་རིས་རྒྱ་ནག་གི་སྲིད་འཛིན་ཞཱི་ ཅིང་ཧྥིང་ལ་སྐྱོན་བརྗོད་བྱས་པར་གཅིག་བལྟས་ན། ཧཱི་ལ་རིས་ ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་མིར་ཞུགས་ནས་བཟུང༌། དམངས་གཙོ་དང་སྤྱི་འཐུས་ཆབ་སྲིད་ཚོགས་པ་ཕྱོགས་གཉིས་ཀའི་ཕྱོགས་གང་ས་ནས་སླེབས་ པའི་འོས་མི་ཚང་མས་རྒྱ་ནག་གི་གནས་དོན་ཐོག་སྲ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ བཟུང་གི་འདུག་ཀྱང༌། དེའི་ནང་ནས་འོས་མི་ལྕམ་ཧཱི་ལ་རི་ཁོ་ནར་རྒྱ་ནག་གི་གསར་ལམ་དང་དྲ་ལམ་གྱི་མི་ མང་ཚོས་དོ་སྣང་ཆེན་པོར་བྱས་སོང༌། དེའང་བདུན་འགའི་སྔོན་དུ་ཧཱི་ལ་རིས་མོའི་འཁྲུལ་དེབ་དྲ་བ་ཐོག་ཏུ་རྒྱ་ནག་གི་ སྲིད་འཛིན་ཞཱི་ཅིང་ཧྥིང་གིས་ཕྱོགས་གཅིག་ནས་བུད་མེད་ཀྱི་ཁེ་དབང་སྲུང་བའི་མི་ སྣ་ཁག་ལ་རྡོག་རོལ་གཏོང་བ་དང༌། ཕྱོགས་གཞན་ནས་ཞཱི་ཅིང་ཧྥིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཁེ་དབང་ ཚོགས་ཆེན་གཙོ་སྐྱོང་བྱེད་པ་དེ་ནི་ངོ་ཚ་ཁྲལ་གཞུང་མེད་པ་ཞིག་རེད། ཅེས་སྤེལ་ཡོད་པ་རེད། སྐབས་དེའི་དུས་སུ་རྒྱ་ནག་གི་གཙོ་འཛིན་ཞཱི་ཅིང་ཧྥིང་ཨ་རིར་འཚམས་འདྲིར་བཅར་ བཞིན་པའི་སྐབས་དང་འཁེལ་སྟབས། རྒྱ་ནག་གཞུང་གི་དྲ་ལམ་ཁག་ནས་ཧཱི་ལ་རིའི་སྐད་ཆ་དེར་རྣོ་ངར་ཆེན་པོས་ལན་འདེབས་ དང༌། རྒྱ་ནག་གཞུང་དང་རྒྱ་ནག་ནང་ཁུལ་གྱི་དྲ་འབྲེལ་ཁག་ནས་ཀྱང་ལྕམ་ཧཱེ་ལ་རིར་ཁ་ རྡུང་ཆར་བ་འབབ་འབབ་ལྟར་བྱས་སོང༌།


གཞུང་ལ་ཕྱོགས་པའི་གོ་ལ་ཡོངས་ཀྱི་དོན་དུ་གོ་དགོས་པའི་གྷི་ལོ་པིའི་དུས་བབ། ཅེས་པའི་ཐོག་གི་རྩོམ་སྒྲིག་པའི་གཏམ་དུ་ལྕམ་ཧཱི་ལ་རི་ནི་ཁ་བཙོག་བཤད་ཅིང་ སྤྱོད་པ་རྩིང་བ། སོ་སོར་ངོ་ཚ་ཉོས་ཡོད་ཅེས་སོགས་བཤད་སོང་ལ། དེའི་ནང་ད་དུང་རྒྱ་ནག་མི་མང་ཚོས་མོ་ལ་ཁོང་ཁྲོ་ཟ་བར་ངེས་པ་མེད། འོན་ཀྱང་ང་ཚོས་མོ་ལ་མཐོང་ཆུང་བྱེད་ཀྱི་ཡོད། ཅེས་སོགས་བྲིས། ད་དུང་རྒྱ་ནག་གཞུང་གི་ཕྱོགས་གཏོགས་སམ་ཕྱི་རྒྱལ་ཡུལ་གྲུ་ནས་དཔར་འགྲེམ་བྱེད་ བཞིན་པའི་མི་མང་ཉིན་རེའི་ཚགས་པར་གྱི་ཝཱེ་པོ་འཕྲིན་ཕྲན་ནས་དྲ་བདག་མིང་ཅན་ གྱིས་ལྕམ་ཧཱི་ལ་རི་ནི་ཨ་མ་རྒན་མོ་རེད། སོགས་བཤད་འདུག


འོས་མི་གཞན་དང་མི་འདྲ་བ་ཞིག་ནི། ལྕམ་ཧཱི་ལ་རི་དང་རྒྱ་ནག་དབར་གྱི་ལས་དབང་ནི་ཧ་ཅང་རྒྱུན་རིང་བ་ཞིག་རེད། ལོ་ཉི་ཤུའི་སྔོན་དུ་མོ་རང་སྲིད་འཛིན་ཁཱི་ལིན་ཊོན་གྱི་ལྕམ་སྐུ་ཞབས་ཡིན་པའི་སྐབས་སུ་མོ་རང་རྒྱ་ནག་པེ་ཅིང་ལ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་ བཞི་པའི་བུད་མེད་ཚོགས་ཆེན་དུ་བཞུགས་ཡོད། དུས་དེར་ཧཱི་ལ་རིས་སྦ་གསང་མེད་པའི་སྒོ་ནས་བུད་མེད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན། ཞེས་བཤད་པར་བརྟེན་ནས་རྒྱ་ནག་གཞུང་ཁོང་ཁྲོ་ལང་ཡོད་པ་རེད། གཏམ་བཤད་དེའི་ནང་ཧཱི་ལ་རིས་དངོས་སུ་མིང་འབོད་བྱས་མེད་ཀྱང་མོས་རྒྱ་ནག་གཞུང་གིས་བུད་མེད་རྣམས་ཀྱི་ཕྲུ་གུ་སྐྱེ་འཕེར་གྱི་དབང་ཆ་བཙན་འཕྲོག་བྱས་པ་དང༌། བུད་མེད་རྣམས་ལ་བཙན་དབང་གིས་ཕྲུ་གུ་བཀོག་བཅུག་པ། ཕྲུ་གུ་བཀག་སྡོམ་གྱི་ཆེད་དུ་བུད་མེད་རྣམས་ལ་བཤག་བཅོས་བྱས་པ་བཅས་ལ་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།


རྒྱ་ནག་མི་མང་གིས་ཧཱི་ལ་རིར་རྒྱུས་ལོན་ཡོད་པ་དེ་ནི་མོ་རང་ཨཱོ་བ་མས་སྲིད་འཛིན་བྱེད་སྐབས་སུ་ཕྱི་སྲིད་བློན་ཆེན་གྱི་མཛད་འགན་འཁྱེར་སྐབས་ཡིན་ཚོད། མོ་རང་ནི་སྐབས་དེར་སྲིད་འཛིན་ཨཱོ་བ་མའི་ཤར་གླིང་ཡུལ་གྲུར་སླར་ཡང་འཁོས་མཉམ་ ཡོང་ཐབས་ཅེས་པའི་འཐབ་ཇུས་དངོས་སུ་ལག་བསྟར་བྱེད་མཁན་གཙོ་བོ་གྲལ་ཡིན། ༢༠༡༠ ཟླ་ ༩ པར་ཧཱི་ལ་རི་ཝཱེ་ཐི་ནན་ Vietnam གྱི་རྒྱལ་ས་ཧཱེ་ནེར་སྐབས་བཅུ་བདུན་པའི་ཤར་གླིང་མཉམ་འབྲེལ་ས་ཁོངས་ཀྱི་བགྲོ་ གླེང་གི་ཕྱི་སྲིད་བློན་ཆེན་ཚོགས་འདུར་བཞུགས་སྐབས་ཀྱང་ཧ་ཅང་གསལ་པོའི་སྒོ་ནས་ ལྷོ་རྒྱ་ནག་རྒྱལ་མཚོའི་རྩོད་གླེང་དེ་ནི་ཨ་རིའི་ངོས་ནས་ཐོག་མར་ཐག་གཅོད་དགོས་པའི་ཕྱི་འབྲེལ་གྱི་གནད་དོན་ཆེན་པོ་ཞིག་ཡིན་ལ། དེ་ནི་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་ཆ་ཤས་ཤིག་ཀྱང་ཡིན་ཞེས་གསལ་པོར་བཤད་ཡོད་ པ་རེད།


༢༠༡༢ ལོའི་ལོ་འགོར། ཧཱི་ལ་རིས་ཨ་རིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཐབས་ཇུས་ལ་གཙོ་བོ་འགན་འཁྱེར་བའི་ སྐབས་སུ་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་མཐུད་ནང་གནད་དོན་ཆེན་པོ་ཁག་གཉིས་བྱུང་ཡོད་པ་རེད། གཅིག་ཤོས་ནི་དེ་སྔོན་རྒྱ་ནག་གི་ཁྲོང་ཆིང་གྲོང་ཁྱེར་གྱི་འགོ་འཁྲིད་གཞོན་པའམ་སྤྱི་བདེ་ཅུས་ཀྱི་འགོ་འཁྲིད་ཝང་ལི་ཅུན་རྒྱ་ནག་ཁྲིང་ཏུ་གྲོང་ཁྱེར་གནས་པའི་ཨ་རིའི་གཞུང་ཚབ་དུ་ཉེན་གཡོལ་གྱི་རེ་འདུན་ཞུས་མྱོང་ཡོད་པ་རེད། གཞན་དེ་ནི་ལོ་དེའི་ཟླ་ ༤ པར་རྒྱ་ནག་གི་འགྲོ་བ་མིའི་ཁེ་དབང་སྲུང་སྐྱོབས་བྱེད་མཁན་གྱི་གྲགས་ཅན་མི་སྣའམ་ལོང་བ་ཁྲིང་ཀོང་ཁྲིང་རྒྱ་ནག་གི་བཟང་བཙོན་ལྟ་བུ་དེ་ནས་ཐར་ཏེ་པེ་ཅིང་དུ་ ཡོད་པའི་ཨ་རིའི་གཞུང་ཚབ་དུ་འཛུལ་ཡོད་པ་དེ་གཉིས་རེད།

ད་ལྟའི་ཆར་ཨ་རིའི་སྲིད་འཛིན་གྱི་མཐའ་མའི་འོས་མི་གཉིས་ཏེ་དམངས་གཙོ་ཆབ་སྲིད་ཚོགས་པའི་འོས་མི་ལྕམ་ཧཱི་ལ་རི་དང་ལོ་རྒྱུས་ཐོག་ཆབ་སྲིད་སྤྱི་འཐུས་ཚོགས་པའི་སྲིད་འཛིན་ ༡༨ བྱུང་མྱོང་བའི་རྗེས་མཇུག་གམ་ད་ཐེངས་ཐོབ་ན་ཨང་ ༡༩ པ་དེ་ཆག་རྒྱུ་ཡིན་པའི་ད་ལྟའི་འོས་མི་ཁྲོན་ཕུ་གཉིས་དབར་གྱི་འགྲན་རྩོད་དེ་ རེད། མང་པོས་འགྲན་ཡ་ཁྲོན་ཕུའི་སྐྱོན་ཆ་སྐོར་གླེང་དུས་ཁོའི་ཀུན་སྤྱོད་འཆོལ་བའི་ གཏམ་བཤད་ཐ་ཤལ་བ་དང༌། ཨ་རིའི་མ་འོངས་པའི་ལས་འཆར་སྐོར་གྱི་འཆར་སྣང༌། གཙོ་ཆེ་བའི་གྲལ་ཞིག་ནི་ཁོས་རྒྱ་ནག་གི་དམངས་གཙོའི་ལས་འགུལ་ཆེན་མོའམ་རྒྱ་ནག་ པེ་ཅིང་གནམ་སྡེ་སྒོ་མོ་ཐང་ཆེན་དུ་སྤེལ་བའི་དྲུག་བཞིའི་འོས་ལགས་ཆེན་མོ་དེ་ རྒྱ་ནག་མི་མང་གི་ཟིང་འཁྲུགས་ཐེངས་ཤིག་ཡིན་པ་དང༌། སྐབས་དེར་རྒྱ་ནག་གིས་ཀྱང་དེར་ནུས་ལྡན་གྱིས་ཟིང་འཁྲུགས་ཞི་འཇགས་བཏང་སྐོར་འུར་བརྗོད་བྱས་པར་ཕྱི་སྡོད་དམངས་གཙོ་དོན་གཉེར་བ་གཙོས་རྒྱ་མི་རིགས་ཁག་ཅིག་ གི་སེམས་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པ་རེད་ལ་གང་ལྟར་ཁོའི་ཁྱོན་ཡོངས་ཀྱི་ སྐྱོན་མང་པོ་མཐོང་བཞིན་པ་དང༌། དེ་བས་ཁོའི་འགྲན་ཡ་ལྕམ་ཧཱི་ལ་རི་ནི་སྒེར་གྱིས་གཞུང་ཕྱོགས་ཀྱི་གློག་འཕྲིན་ཁ་ བྱང་སྒེར་གྱིས་བེད་ལོག་བཏང་སོང་ཟེར་བ་དེ་སྐྱོན་གཙོ་བོ་ཡིན་པ་ལས་དེ་མིན་མོ་རང་ནི་མི་ཚེའི་ནང་ཨ་རིའི་ཆབ་སྲིད་དང་དམ་དུ་འབྲེལ་བའི་མི་སྣ་གལ་ཆེན་ཞིག་ཡིན་ ལ། མོའི་ཕྱིའི་གཤིས་སྤྱོད་ནི་ཞི་ལྷོད་བག་ཡངས་དང་ལྡན་ཞིང༌། ལངས་ཕྱོགས་ལ་གསལ་སྟོན་ཡོད་པ། མང་པོས་གུས་བཀུར་ཐོབ་པ་བཅས་དང༌། གཙོ་བོ་ཨ་རི་རྒྱལ་ཁབ་ནི་འཛམ་གླིང་འདིར་དམངས་གཙོ་དང་རང་དབང་དོན་འཁྱོལ་བྱེད་མཁན་དུ་རློམ་མཁན་རྒྱལ་ཁབ་གཙོ་བོ་ཡིན་པའི་ངོས་ནས་དམངས་གཙོའི་ཆབ་སྲིད་ཚོགས་པའི་འོས་མིར་རྒྱལ་ཁ་ཐོབ་པའི་གོ་སྐབས་མང༌། ད་དུང་ཡང་མཐའ་མཇུག་གི་འགྲན་རྩོད་འགའ་བརྒྱུད་དེ་སུ་ལ་རྒྱལ་ཁ་ཐོབ་མིན་ནི་ང་ཚོས་ངང་སྒུག་བྱ་རྒྱུ་ཞིག་ཡིན་རུང་། གལ་ཏེ་ལྕམ་ཧཱི་ལ་རིར་སྲིད་འཛིན་གྱི་དབང་ཆ་ཐོབ་ན། གལ་ཆེ་བ་གཞན་ཞིག་ནི་མོ་རང་ཨ་རིའི་རྒྱལ་ཁབ་འདིའི་སྐབས་ཞེ་ལྔ་པའི་བུད་མེད་སྲིད་འཛིན་ཐོག་མ་དེ་ཆག་རྒྱུ་ཡིན་པ་རེད། འཛམ་གླིང་འདིའི་གནས་དོན་མང་དག་ཅིག་ལ་བསམ་བློ་བཏང་ནས་གུས་མོས་ཀྱང་ཁོང་མོར་རྒྱལ་ཁ་ཐོབ་ན་བསམ་པའི་རེ་བ་ཤུགས་ཆེན་པོ་ཞུ་བཞིན་ཡོད།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།