ཕ་མ་བྱམས་སེམས་ཅན་གྱི་པང་ཁར་སྐྱེ་བར་ཤོག

སྔོན་གླེང་།
ཨ་ཅེ་སྒྲོལ་དཀར་བཟང་མོ་(འདི་བཅོས་མིང་ཡིན། ) ནི་བུ་ཕྲུག་བརྒྱད་ཀྱི་ཨ་མ་རེད། དེའི་ནང་མོའི་ཕྲུ་གུ་ཨང་གཉིས་པའམ་བུ་མོ་ཞིག་ཆུང་དུས་ནས་གྲོངས་པ་ཕུད། ཤེས་གསལ་ལྟར་ན་དེ་མིན་དེང་སང་མོ་ལ་སྟག་འདྲ་བའི་བུ་བདུན་ཡོད་པ་ཚང་མ་ད་ལྟའི་ཆར་ལེགས་ལམ་དུ་བཞུགས་ཅིང་བཟང་སྤྱོད་དང་ལྡན་པ། བུ་ཆེ་བ་གཉིས་རབ་ཏུ་བྱུང་ཞིང་། དེའི་རྗེས་ཀྱི་བུ་འབྲིང་བ་གཉིས་རྗེས་སུ་མཐོ་རིམ་སློབ་གྲྭར་སོང་ནས་སློབ་གཉེར་མཐར་སོན་ཏེ་ཁོ་ཚོའི་མ་འོངས་པར་ཁ་ཕྱོགས་བཞིན་ཡོད།

དེ་མིན་ཆུང་བ་གསུམ་ཡང་མཐོ་སློབ་འགྲིམ་བཞིན་པའི་སྐབས་ཡིན་པ་བཅས་སྒྲོལ་དཀར་བཟང་མོའི་ཕ་ཡུལ་གཅིག་པ་དང་ཉེ་འཁོར་གྱི་ངོ་ཤེས་ཚང་མས་མཐེ་བོང་གྱེན་དུ་འགྲེང་ནས་ཨ་མ་སྒྲོལ་དཀར་བཟང་མོའི་བུ་ཚོར་བསྟོད་བསྔགས་གཏོང་ཡུལ་ཁོ་ན་ལས་ལོག་ལམ་དུ་སོང་བ་དང་ཀུན་སྤྱོད་སྡུག་ཆགས་སོགས་གཅིག་རྐྱང་མེད་པ་རེད།

 

དེས་ན་ངས་རྒྱུན་དུ་ད་ལྟའི་ཆར་རང་ལོ་ལྔ་བཅུ་མ་ཟིན་ཙམ་གྱི་ཨ་མ་སྒྲོལ་དཀར་བཟང་མོར་བུ་རྒྱུད་རང་ལོ་ཉི་ཤུ་རྩ་གྲངས་ཡས་ཟིན་པ་འདི་ཚོ་ཆུང་དུས་གསོ་སྐྱོང་ཇི་ལྟར་བྱས་མིན་དང་། ཁོང་མོ་སོ་སོའང་ཆུང་དུས་ནས་གཞན་སར་མནའ་མར་སོང་སྟེ་ཕྲུ་གུ་འདི་དག་བཙས་པ་ཡིན་པས་ལོ་ཆུང་གི་ཨ་མ་ཞིག་གིས་བུ་རྒྱུད་གསོ་སྐྱོང་སྐོར་ཉམས་མྱོང་དང་ཐབས་ལམ། ཡང་ན་དེའི་སྐོར་གྱི་ཤེས་བྱ་དམིགས་བསལ་བ་ཞིག་ཡོད་ངེས་སྙམ་བཞིན་ཡོད། འོན་ཀྱང་ཁོང་མོའི་མོས་མཐུན་ཡོད་པའི་སྒོ་ནས་སོ་སོའི་ལོ་རྒྱུས་མདོར་བསྡུས་གཤམ་གསལ་འདི་དག་གསུངས་ཚར་དུས་ང་རང་ཧ་ལས་ཏེ་བུ་རྒྱུད་གསོ་སྐྱོང་བྱེད་པར་དམིགས་བསལ་གྱི་ཐབས་ལམ་འདི་འདྲའང་དགོས་ཀྱི་འདུག་པ་མ་ཟད། དེ་ནི་ཚང་མས་དོ་སྣང་མེད་ཅིང་དེང་རབས་ཀྱི་ལོ་གཞོན་ཕ་མ་མང་པོས་སྣང་ཆུང་ཤོར་བའི་ཟུར་ཞིག་རེད་འདུག་ན་འདིར་བོད་པའི་ཁྱིམ་ཚང་སྐྱོང་བའི་རྩོད་མེད་ཀྱི་མོ་མཆོག་རྣམས་དང་ཨ་མ་ཆགས་ལ་ཉེ་བ་ཚོས་འདི་ཉན་ཚར་སོང་ན་ཁོང་མོ་ལྟར་བུ་རྒྱུད་བཟང་པོ་ཤ་སྟག་གསོ་སྐྱོང་དང་གཅེས་སྤྲས་ཡོང་པའི་རེ་བ་བྱས་པ་ཡིན།

 

ཨ་མ་སྒྲོལ་དཀར་བཟང་མོའི་ལོ་རྒྱུས་བསྡུས་ཙམ།
ང་ཆུང་དུས་ཕ་མའི་ཁྱིམ་རྒྱུད་ནི་ཞིང་པའི་ནང་གི་གྲལ་རིམ་སྡུག་ཆགས་ཟེར་བ་དེ་འདྲ་རེད་འདུག ངའི་ཨ་ཕ་ཆབ་མདོ་རྫ་ཆུ་ཁ་ནས་རེད་ལ་དུད་ཚང་ཆེན་པོ་འདྲ་རེད་བཞག དེ་རྗེས་ཕ་ལགས་ཁོང་གིས་མངའ་བདག་དཔོན་བཞི་མའི་བུ་མོའམ་ངའི་ཨ་མ་མནའ་མར་ལེན་པ་རེད། ང་ལ་ཨ་སྲུའང་གཉིས་གསུམ་ཙམ་ཡོད་རེད། ངའི་ཨ་མའི་ཁྱིམ་ཚང་མངའ་བདག་ཡིན་པར་བརྟེན། རྒྱ་མིའི་འཐབ་རྩོད་མང་པོ་རག་པ་རེད། ངའི་ནང་ལ་བུ་གཉིས་དང་བུ་མོ་གསུམ་འདུག དེ་རྗེས་ང་རྒྱ་གར་དུ་འབྱོར་རྗེས་ངའི་གཅེན་པོ་འདས་གྲོངས་སོང་འདུག ནང་གི་བུ་རྒྱུད་རྣམས་ཀྱང་ལས་ཀ་སྣ་ཚོགས་འདྲ་བྱེད་ཀྱི་འདུག དེང་དུས་གཞི་ནས་ང་དང་ཁོང་ཚོའི་དབར་འབྲེལ་བ་ཏོག་ཙམ་ཡོད། ང་ཆུང་དུས་ནང་ལ་ཞིང་ལས་ཀྱིས་འཚོ་བ་བསྐྱེལ་དགོས་པ་རེད། ཐེངས་ཤིག་ངའི་སྲུ་མོའམ་ཨ་ནེ་ཇོ་མོ་ཞིག་ཡོད་པ་དེ་ང་ཚོའི་ནང་ལ་ཡོང་ནས་མི་མང་པོར་རྡུང་རྡེག་ཕོག་སྟེ་བསད་སོང་ཟེར་ནས་ངུས་པ་ངས་མཐོང་མྱོངས། ཨ་ནེ་ཇོ་མོས་མི་མང་པོ་བསད་སོང་གསུངས་ཀྱང་ང་ཚོ་ཆུང་དུས་བསམ་བློ་གཏོང་མི་ཤེས་པར་བརྟེན་ཁྱིམ་སྦུག་ཏུ་ཡར་ལྟ་ཙམ་གྱིས་གད་མོ་ཤོར་ནས་ཕྱིར་རྒྱུག་འགྲོ་གི་ཡོད།

དེ་རྗེས་ངའི་དྲན་པ་སོས་པ་ཞིག་སྟེ་སྐབས་དེར་ངའི་ཨ་མའི་མགོ་ལཤོག་བུས་བཟོས་པའི་ཞྭ་མོ་སེར་པོ་གཡོག་ནས་ཁྲོམ་དུ་རྡུང་རྡེག་ཕོག་པ་དང་། དེ་རྗེས་རྒྱ་མིས་ངའི་ད་ལྟའི་བཟའ་ཟླ་འདིའི་ལག་ཏུ་འཁར་རྔ་བཟུང་བཅུག་ནས་ང་ནི་མངའ་བདག་གྲལ་རིམ་ཡིན་སོགས་ཟེར་བཅུག་ནས་མི་ཚོས་འཐབ་རྩོད་བྱས་པ་རེད། ངའི་ཨ་མ་ལགས་ཀྱང་ངའི་བཟའ་ཟླ་ཁོང་དང་གཅིག་མཚུངས་ཀྱི་གྲལ་རིམ་སྡུག་ཆགས་ཟེར་བ་དེ་འདྲ་རེད་ལ་གཅིག་མཚུངས་ཀྱི་འཐབ་རྩོད་རག་མྱོངས་ཡོད་པ་རེད། འོན་ཀྱང་སྐབས་དེར་ང་ཚོ་ཕྲུ་གུ་ཆུང་ཆུང་ཡིན་དུས་མངའ་བདག་གྲལ་རིམ་ལ་སོགས་ལ་འཐབ་རྩོད་བྱེད་སའི་ཁྲོམ་དུ་མི་ཚོགས་དབུས་སུ་ཡར་རྒྱུག་མར་རྒྱུག་བྱས་ཏེ་གད་མོའང་ཤོར་གྱི་ཡོད། དེ་རྗེས་ངའི་ཨ་མས་ངའི་ད་ལྟའི་བཟའ་ཟླ་ཁོང་ལ་མནའ་མ་སྟེར་བ་རེད། སྐབས་དེར་ངའི་བཟའ་ཟླ་ཁོང་གིས་རྒྱ་མིའི་ལས་ཁུངས་ཆུས་ཟེར་བའི་ནང་བོད་ཀྱི་གསོ་རིག་སྨན་པ་སྦྱོང་པའི་ཡོན་ཏན་དེ་ནི་ཆོས་བྱེད་པར་བརྩིས་ནས་ཧུར་ཐག་འབད་ཐག་གིས་རྗེས་སུ་ཧ་ཅང་ཡག་པོ་ཤེས་ཡོད་པ་རེད། རྒྱའི་ལས་ཁུངས་སམ་ཆུས་ནས་ཁོང་ཆབ་མདོ་ས་ཁུལ་དུ་འཁྲིད་དེ་ག་དུས་ཡིན་ཡང་ཟླ་བ་གསུམ་རེའི་མཚམས་སུ་ཁོང་ལ་ཆབ་སྲིད་སློབ་གསོ་ཟེར་བ་དེ་འདྲ་སྤྲད་པ་རེད། ཆུས་ཀྱི་ལས་བྱེད་ཀྱིས་ཁོ་རང་གང་སར་སྦྱོང་བརྡར་དང་བཅས་བྱེད་བཅུག་པ་མ་ཟད། ཁྱིམ་དུ་རྟ་ཡག་པོ་ཞིག་ཡོད་པ་དེའང་གཡར་གླ་མེད་པར་གཞུང་ངོས་ནས་གང་སར་འཁྲིད་བཅུག་འདུག

ངའི་ཨ་མ་དང་ཁོང་གི་ཁྱིམ་ཚང་བཅས་གྲལ་རིམ་སྡུག་ཆགས་ཟེར་བ་གཅིག་མཚུངས་ཡིན་སྟབས་ཕན་ཚུན་མཐུན་པོ་ཡོད་པ་རེད། ངའི་ཕ་ལགས་ཀྱང་རིག་གནས་གསར་བརྗེའི་སྐབས་སུ་རྒྱ་མིས་བསད་པ་རེད་ཅེས་སྨོ་བོས་གསུངས་ཀྱི་རེད་དེ་ངས་ཕ་ལགས་ཀྱི་སྐོར་དེ་ཙམ་ཤེས་ཀྱི་མེད། ཨ་མའི་ཁྱིམ་རྒྱུད་ཀྱི་མིང་ལ་དཔོན་བཞི་མ་ཟེར་གྱི་འདུག པ་ལགས་ཁྱིམ་གྱི་མིང་ལ་ཚ་དཔོན་ཚང་ཟེར། དེ་ནས་ཨ་མས་ང་རང་ང་ཚོའི་གྲོང་གི་ཡར་མར་ཙམ་ཡིན་པའི་བཟའ་ཟླ་སར་ང་མར་མནའ་མར་སྟེར་དུས་ང་ཡང་དེར་བསྡད་འདོད་མེད་པར་གོ་སྐབས་བཟུང་ནས་རྟག་པར་མ་ཁྱིམ་དུ་ཡར་ལོག་འགྲོ་གི་ཡོད། སྙིང་རྗེ། སྐབས་དེ་དུས་ལོ་ཆུང་ཆུང་ཡིན་སྟབས་ང་ནི་སྙིང་རྗེ་བ་འདྲ་རེད། ཁྱིམ་གྱིས་ང་མར་བསྐྱེལ་བཞག་ན་ཡང་ང་ཡར་ཁ་ཁུ་སིམ་མེར་གྱིས་མ་ཁྱིམ་དུ་ལོག་ཡོང་གི་ཡོད། ཧ་ཧ་ཧ་ཧ་ངས་དེ་འདྲ་ཐེངས་མང་པོར་བྱེད་མྱོངས་ཡོད། དེ་རྗེས་ང་ལ་ཕྲུ་གུ་འཁོར་བ་རེད། དང་པོ་དེ་ཕྲུ་གུ་བུ་ཞིག་བྱུང་བ་དང་། དེ་རྗེས་བུ་མོ་ཞིག་བྱུང་ཡང་དེ་ཆུང་དུས་ནས་གྲོངས་སོང་། འོན་ཀྱང་དེ་རྗེས་ཀྱང་ང་ལ་ལོ་རེར་བུ་རེ་ལྟ་བུ་བྱུང་ནས་བུ་ཁོ་ན་དྲུག་བྱུང་བ་རེད། བུ་ཐ་ཆུང་འདི་རྒྱ་གར་སླེབས་རྗེས་སྐྱེས་པ་རེད།

ང་བོད་དུ་ཡོད་སྐབས་སུ་རྒྱ་གཞུང་གིས་ངའི་བཟའ་ཟླ་རྒྱ་མིའི་ཆབ་མདོ་ས་ཁུལ་དུ་ཡར་འཁྲིད་པ་མ་ཟད། རྫོང་ཁག་ཏུ་ཡོད་པའི་ས་ཞིང་ཕྱིར་སྲིད་གཞུང་ལ་བརྩིས་སྤྲོད་དེ་ས་ཁུལ་དུ་ཡོང་ན་འགྲིག་གི་རེད། དེ་མིན་ངེད་གཉིས་ཀྱི་བུ་ཆེ་བའང་རྒྱ་ནག་ལ་འཁྲིད་དེ་སློབ་སྦྱོང་ཆེད་གཏོང་དགོས་ཅེས་བཤད་འདུག ཡིན་ཡང་ངའི་བཟའ་ཟླས་རྒྱུན་དུ་ཁ་ནས་བོད་གཞུང་དང་བོད་གཞུང་གསུང་ནས་མི་ཚེ་གཅིག་ལ་དེ་འདྲ་གསུང་ནས་བཞུགས་པ་རེད། ཁོང་གིས་ང་ནི་ཐག་རིང་ས་ལ་རྩ་བ་ནས་འགྲོ་གི་མིན། ངས་མ་འོངས་པར་བོད་གཞུང་ལ་ཞབས་འདེབས་ཅིག་ཞུ་ཐབས་བྱེད་དགོས་རྐྱང་རྐྱང་གསུང་ནས་བཞུགས་ཀྱི་རེད། ཁོང་རང་གིས་བོད་སྨན་ཡག་པོ་ཤེས་ཀྱི་ཡོད་པས་རྒྱུན་དུ་མི་མང་ལ་སྨན་བཅོས་དང་སྔོ་རྩའི་སྨན་བསྡུས་ནས་རིལ་བུ་བཟོ་བ་བཅས་ཤེས་ཀྱི་ཡོད། ང་ནི་རྒྱུན་དུ་ཞིང་ལས་བྱེད་པ་དང་ཁོང་གིས་སྨན་བཅོས་གནང་གི་རེད།

དེ་རྗེས་༧རྒྱལ་བ་རིན་པོ་ཆེ་སངས་རྒྱས་ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཐེངས་ཤིག་ལ་ངའི་བཟའ་ཟླས་ཆབ་མདོ་ས་ཁུལ་ནས་ཡར་ཐོན་ནས་ཁོང་གིས་ང་ཚོ་མ་བུ་ཚོ་འཁྲིད་དེ་ལྷ་སར་ཡོང་ནས་བསྡད་པ་རེད། དེའང་གནས་རྩ་ཆེན་པོ་གངས་རིན་པོ་ཆེར་གནས་མཇལ་ལ་འཁྲིད་རྒྱུའི་ཆེད་དུ་རེད། ཐོག་མར་ངེད་གཉིས་ཀྱིས་སེ་ར་དགེ་བཤེས་བླ་མ་སར་དེའི་སྐོར་ཕྱག་མོ་ཞུས་པས་བླ་མས་གསུང་སྐད་ཆེན་པོས་ཨམ་མཆོག་གིས་ཉན་བཞིན་རྒྱུག ཨམ་མཆོག་གིས་ཉན་བཞིན་རྒྱུག ཅེས་གསུངས་སོང་བར་འགྲིག་ནས་ངའི་བཟའ་ཟླས་ཀྱང་དེའི་དོན་དག་ཚང་མ་ཧ་གོ་འདུག ང་ཚོ་ལྷ་སར་ཟླ་བ་དྲུག་ལྷག་བསྡད། དེ་ནས་སྟོད་གངས་རིན་པོ་ཆེར་བསྐོར་བ་བརྒྱབ་པ་རེད། ང་ཚོས་མཚན་ཕྱེད་ཡར་ལང་ནས་སོང་ན་ཉིན་དེའི་ཕྱི་དྲོ་ཙམ་ཕྱིར་འཁོར་ནས་བསྐོར་བ་གཅིག་རང་འཁོར་གྱི་རེད། ང་ཚོར་རོགས་པའང་ཡོད་དེ་ཁོ་ཚོ་དེ་ཙམ་གྱོང་པོ་དེ་འདྲ་མི་འདུག དེ་ནས་ང་ཚོས་མི་རེས་བསྐོར་བ་བཅོ་ལྔ་རེ་བརྒྱག་ཐུབ་པ་བྱུང་བ་རེད། ཟླ་བ་གཅིག་ཙམ་དེར་བསྡད་དེ་སྟོད་སྐྱིད་རོང་ནས་བཟུང་རྒྱ་གར་ལ་ཚུར་ཁ་ཕྱོགས་ནས་ཡོང་བ་རེད། ང་ཚོ་སྐྱིད་རོང་གི་ཆུ་ཆེན་པོ་ཞིག་ཡོད་ས་དེར་སླེབས་ནས་དེ་ལ་འདྲེ་ཆུ་ཟེར་གྱི་འདུག་ལ། མི་ཚོས་དེར་བརྒལ་མཁན་ཡོད་མ་རེད་ཟེར་གྱི་འདུག དེ་ནས་ངའི་བཟའ་ཟླ་ཁོང་གིས་ཕྱག་མོ་ཞིག་རྒྱག་ནས་འདི་ནས་འགྲོ་ན་སྐྱོན་མི་འདུག་གསུང་རྗེས་ཐོག་མར་ཁོང་གིས་སྔོན་ལ་ཆུ་ལུས་སྟོད་བར་སླེབས་པ་དེ་བརྒལ་ནས་ང་རང་གིས་ཕྲུ་གུ་ཞིག་འཁྱེར་ནས་ཁོང་གི་རྗེས་སུ་བསྙེག་སྟེ་རིམ་གྱིས་ཕྲུ་གུ་ཚོའང་ཆུ་བརྒལ་ཐུབ་ཙམ་བྱུང་བ་རེད། དེ་ནས་ཆུ་ཕར་ཀ་ལ་རི་གཡང་གཟར་ཆེན་པོ་ཞིག་ལ་འཛེགས་སྐབས་ཁོང་གིས་གཙོད་ཀྱི་ར་ཞིག་ཡོད་པས་དེས་རི་ལ་བཙུགས་བཞིན་ཡར་འཛེགས་པ་རེད། གལ་ཏེ་གཡང་ཁ་གཤམ་ལ་ཟག་སོང་ན་ནི་གཡང་སར་ལྷུང་ནས་ཤི་རྒྱུ་དང་ཐད་ཀར་ཆུ་ཆེན་པོར་ལྷུང་ནས་ཐར་ལམ་ཞིག་དང་གང་ཡང་མི་འདུག་སྟེ། ཕྲུ་གུ་ཚོ་ཆུང་ཆུང་ཤ་སྟག་ཡིན་དུས་ང་དང་བཟའ་ཟླ་གཉིས་ཀྱི་རྗེས་སུ་འབྲང་ནས་སོང་བས་དཀོན་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་དཀའ་ངལ་ཆེན་པོ་འཕྲད་མ་བྱུང་། དེའང་ང་ཚོས་སེམས་ཁོངས་རུས་པའི་གཏིང་ནས་སངས་རྒྱས་ཁོང་ལ་གསོལ་བ་རྩེ་གཅིག་ཏུ་བཏབས་ནས་ཡོང་བ་ཡིན་པས་སྲོག་ལ་ཉེན་ཁ་ཁྱོན་ནས་མ་བྱུང་། འོན་ཀྱང་ལམ་བར་དུ་ཟས་རྫོགས་པ་དང་དཀའ་ངལ་གཞན་ཆུང་ཙག་ཙིག་རེ་ཙམ་རེ་འཕྲད་ཡོད་པ་རེད།

ང་ཚོ་དེ་ལྟར་རྐང་བགྲོད་ཀྱིས་བལ་ཡུལ་བར་དུ་ཡོང་བ་རེད། ས་མཚམས་སུ་དཀའ་ངལ་ཏོག་ཙམ་མྱོངས་སོང་། དེ་ནས་ང་ཚོ་བལ་ཡུལ་སྣེ་ལེན་ཁང་དུ་སླེབས་སོང་ལ། སྣེ་ལེན་ཁང་དུ་ཨིན་ཇི་སོགས་མི་མང་པོས་ངའི་བཟའ་ཟླ་ཁོང་ལ་སྐད་ཆ་སོགས་མང་པོ་དྲིས་པ་དང་པར་མང་པོ་བརྒྱབས་སོང་། ང་ཚོ་རྒྱ་གར་དུ་སླེབས་དུས་རྒྱ་གར་བ་དང་སྣེ་ལེན་ཁང་གི་ང་ཚོའི་ལས་བྱེད་སོགས་ཀྱིས་ཀྱང་སྐད་ཆ་མང་པོར་དྲིས་སོང་། དེ་ནས་བཟའ་ཟླར་བོད་གཞུང་སྨན་སྦྱོར་ཁང་དུ་ལས་ཀ་རག་པ་རེད། ཁོང་གིས་བོད་སྨན་ཚང་མ་ཤེས་ཀྱི་ཡོད་རེད་དེ་སྐབས་དེར་སྨན་རྩིས་ཁང་དུ་ལས་ཀ་ཐད་ཀར་རག་ཡོད་མ་རེད། སྨན་རྩིས་ཁང་སྐབས་དེར་ཁང་པ་གཞི་ནས་རྩ་བ་གཏིང་བའི་སྒང་རེད། ཡིན་ཡང་ཁོང་གིས་སྨན་རྩིས་ཁང་གི་ལས་བྱེད་དམ་འགོ་འཁྲིད་དེ་ཚོར་སྐད་ཆ་དྲང་པོ་དྲང་བཞག་ལ་བཤད་ཡོད་པ་ལས་རྫུན་མ་རྩ་བ་ནས་བཤད་ཤེས་ཡོད་མ་རེད། ཁོང་ནི་སྨན་རྩིས་ཁང་དུ་ལོ་བཅུ་གཉིས་ཙམ་བསྡད་དེ་གཞི་ནས་ལས་བྱེད་དངོས་སུ་བསྐོ་བཞག་བྱས་པ་རེད། དུས་དེར་ང་ལ་ཕྲུ་གུ་ཐ་ཆུང་དེ་སྐྱེས། སྐབས་དེར་ངའི་ཕྲུ་གུའི་པ་ལགས་ཁོང་གིས་ནང་དུ་ཆོས་དཔེ་བཀླགས་པ་དང་རྒྱུན་དུ་ལས་ཀ་གང་གནང་ཡང་ལས་རྒྱུ་འབྲས་སྲུང་ནས་མི་ཧ་ལས་པ་ཆོས་སེམས་དང་མི་བཟང་པོ་དྲང་པོ་རེད། དེ་ཡིན་དུས་ང་རང་ཡང་རྒྱུན་རིང་ཁོང་དང་གཤིབས་པས་ཁོང་ལའང་ཁ་ཞེ་གཉིས་མེད་ཀྱི་བརྩེ་དུང་དང་བུ་རྒྱུད་ལ་བརྩེ་བ་སླེབས་སོང་ལ་ངེད་ཁྱིམ་མི་ཚོ་ལ་དཔལ་འབྱོར་གྱི་དཀའ་ངལ་ཏོག་ཙམ་འཕྲད་ཀྱང་ང་ཚོས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བཞིན་ཡོད་ཅེས་བཤད་ཆོག་གི་རེད་དྲན་གྱི་འདུག

དེ་ནས་བར་སྐབས་ཤིག་ལ་ངའི་བཟའ་ཟླ་ཁོང་རྒྱུན་དུ་མགོ་བསྙུན་པ་དང་སྐུ་གཟུགས་ལ་ཚ་བ་རྒྱས་པ་བཅས་བྱས་སོང་། ང་ཚོ་སྨན་རྩིས་ཁང་ཨར་ལས་ཀྱི་ས་ཚིགས་སུ་ཐལ་བའི་ཧ་ཅང་ཆེན་པོའི་ནང་ཤུགས་ལས་ཆེ་བའི་དབང་གིས་དང་། ཁོང་ཕྱག་ལས་གནང་སའི་སྨན་སྦྱོར་ཁང་དུའང་གཅིག་མཚུངས་ཀྱི་ཐལ་བ་ཆེ་བའི་རྐྱེན་གྱིས་མིའི་གཟུགས་པོ་ཐང་ཐང་ཞིག་ཡིན་ནའང་ན་ཚ་དེ་སླེབས་ཡོང་གི་རེད། ཁོང་ལ་ཤུགས་ལས་ཆེ་ཡང་སྨན་ཟས་ནས་བཞུག་སྟེ་རྗེས་སུ་སྨན་པས་ཁོང་གི་གླད་ཁྲག་འདྲེས་པ་རེད་ཟེར་གྱི་འདུག དེའི་རིང་ཁྱིམ་དུ་བུ་ཆེ་བ་གཉིས་མཐོ་སློབ་ཏུ་ཡོད་པ་དང་། དེ་རྗེས་པ་ལགས་སྨན་ཁང་ནས་ཕྱིར་ཁྱིམ་དུ་ལོག་དགོས་གྱུར་བ་དང་ཆོས་ཕྱོགས་ནས་ཞབས་བརྟན་མང་པོ་སྒྲུབ་དགོས་པ་རེད་འདུག དེའི་རིང་ཕྱི་ལ་མངོན་ཐབས་མེད་པའི་ངའི་སེམས་ལའང་སྡུག་ངལ་བསམ་གྱི་མི་ཁྱབ་པ་མྱོང་ནས་བསྡད་པ་དང་། དུས་དེ་འདྲ་ལའང་པ་ལགས་བསྙུན་ཡོད་ཀྱང་སློབ་གྲྭར་ཡོད་པའི་བུ་རྒྱུད་ཚོ་ཚུར་སྐད་གཏོང་མི་དགོས་གསུངས། ཁོང་གིས་གྲྭ་ས་དང་མཐོ་སློབ་ཏུ་ཡོད་པ་བུ་ཚོ་ཕྱིར་ཁྱིམ་དུ་འབོད་མི་དགོས་གསུངས་ཀྱི་འདུག པ་ལགས་ཀྱིས་ང་ལ་དེ་སྔོན་ཨ་མ་ཞིག་གིས་མོའི་བུ་དགེ་བཤེས་གཏོང་རན་པའི་སྐབས་སུ་ཨ་མས་ང་ཤི་རན་སོང་བུ་ཁྱོད་རང་ཕྱིར་ཁྱིམ་དུ་ལོག་ཤོག་ཟེར་ནས་སྐད་བཏང་བ་རེད་ཅེས་དཔེ་ས་དེ་འདྲ་གསུང་ནས་ཕྲུ་གུ་ཚོ་དུས་ཡུན་སྐད་གཏོང་ཡོད་མ་རེད། དེ་རྗེས་ཁོང་གི་བསྙུན་གཞི་ཇེ་ལོད་དུ་འགྲོ་དུས་གཞི་ནས་ཁྱིམ་དུ་བུ་ཚང་མ་པ་ལགས་ཀྱི་འཁྲིས་སུ་སྐད་བཏང་བ་རེད། ངའི་བཟའ་ཟླ་ཁོང་གི་བསྙུན་གཞི་རང་འཇགས་ལྟ་བུ་ཡིན་པའི་སྐབས་དེར་ང་དང་པ་ལགས་མཉམ་དུ་མཚམས་རེར་རྩེད་མོ་འདྲ་བཤད་རས་བྱེད་དེ་བསྡད་ཀྱི་ཡོད། དུས་དེར་ངས་ཁོང་ལ་ད་ང་ངོ་མ་ཨ་ནེ་བྱེད་བཞག་ན་དགའ་ས་རེད། ཅེས་བཤད་པ་ཡིན། པ་ལགས་གད་མོ་ཤོར་ཏེ་ཁྱོད་རང་ཨ་ནེ་བྱེད་ན་སྐྱིད་པོ་ཡོད་ཀྱི་རེད་བསམ་གྱི་ཡོད་ས་རེད། ཨ་ནེ་བྱེད་པར་ཡི་གེ་ཤེས་དགོས་ཀྱི་རེད། དེ་བས་འདི་འདྲར་བསྡོད་དང་འགྲིག་འགྲོ་གི་རེད་ཅེས་གསུངས་བྱུང་། ཁོང་གིས་ཕྲུ་གུ་ཚོ་ལའང་བོད་གཞུང་ལ་ཞབས་ཞུ་ཞིག་བསྒྲུབ་དགོས་ཀྱི་རེད། ག་རེ་ཡིན་ཡང་བོད་ཡིག་དང་བོད་ཀྱི་རིག་གཞུང་ཡག་པོར་སྦྱོང་དགོས། ཕྲུ་གུ་ཁྱོད་ཚོའང་འགྲིག་འགྲོ་གི་རེད། ཅེས་སྐད་ཆ་དེ་དག་གསུང་ནས་གད་མོའང་ཤོར་གྱི་འདུག དེ་ནས་ཕྲུ་གུའི་པ་ལགས་ཀྱིས་ཉིན་དེར་བུ་ཚོར་སློབ་སྦྱོང་ཧུར་ཐག་འབད་ཐག་བྱེད་དགོས་ཀྱི་རེད་སོགས་གསུངས་སོང་། དེའི་ཕྱི་ཉིན་དེར་པ་ལགས་གྲོངས་པ་རེད། ཁོང་གྲོངས་དུས་སྐུ་ལ་ཟུག་གཟེར་ཟོལ་འདྲ་དེ་འདྲ་སྤུ་ཙམ་ཞིག་བྱུང་མ་སོང་།

ཤུལ་དུ་ལུས་པའི་ང་ནི་སེམས་ལ་སྡུག་ངལ་རི་འདྲ་པོ་ཞིག་འཁྱེར་ནས་ཁོང་འདས་གྲོངས་སུ་སོང་བའི་སྡུག་ངལ་དེ་ཚོ་མྱོངས་པ་རེད། དེའི་རིང་ང་ལ་ངོ་མ་སྡུག་དཀའ་ལས་བསམ་གྱི་མི་ཁྱབ་པར་མྱོངས་པ་རེད། ཁོང་གྲོངས་རྗེས་ངེད་གཉིས་ཀྱི་ཕ་ཡུལ་གཅིག་པ་ཚོའང་གཅིག་རྗེས་གཉིས་མཐུད་ཀྱིས་ནང་དུ་སླེབས་སོང་། གང་ཡིན་ཟེར་ན་ཁོང་གསོན་པོ་འཚོ་བཞུག་སྐབས་སུ་མི་དྲང་པོ་དྲང་བཞག་ཡིན་དུས་རྒྱུན་དུ་ཚང་མར་འཆམ་མཐུན་ཡོད་པས་ཚང་མ་སྐབས་དེར་སླེབས་བྱུང་། ང་ལ་དཀའ་ངལ་ཡང་བསམ་གྱི་མི་ཁྱབ་པ་མྱོངས་ཀྱང་ད་བར་ཕྲུ་གུ་གཅིག་ལའང་ཕྱི་རྒྱལ་ལྟ་བུ་ནས་སྦྱིན་བདག་གཅིག་ཀྱང་འཚོལ་མ་མྱོངས། ང་དེ་རྗེས་སྨན་རྩིས་ཁང་དུ་ཡིག་བསྐྱེལ་དང་སྦྲག་ཁང་དུ་དོ་བསྐྱེལ། དེ་རྗེས་ལས་ཡུན་དེའི་རིང་འཕྲུལ་ཆ་བེད་སྤྱོད་དུས་ངའི་ལག་པ་འཕྲོག་བརླགས་འགྲོ་སོང་བས་དེ་རྗེས་བུ་གསོ་ཁང་དུ་ཕྲུ་གུ་ལ་བལྟས་ནས་གཡོག་བྱ་བྱས་ཏེ་བསྡད་པ་རེད། ཕྲུ་གུ་ཚོར་ལྟ་རྒྱུ་དེ་ནི་ལས་སྟབས་བདེ་ཞིག་རྩ་བ་ནས་མ་རེད། ཕྲུ་གུར་རྒྱུན་རིང་པོར་ལྟ་རྟོག་བྱས་པར་བརྟེན་དེ་དག་ཚང་མའང་སོ་སོའི་ཕྲུ་གུ་དང་གཅིག་པ་གཅིག་རྐྱང་ཆགས་འགྲོ་གི་འདུག་ལ། སེམས་ནང་གལ་ཏེ་ཕྲུ་གུ་དེ་དག་ལ་སྐྱོན་ཆ་འདྲ་བྱུང་ན་དཔེ་བསགས་ཀྱི་རེད་བསམ་གྱི་ཡོད། དེ་ནས་སྔོན་མ་ལྟར་ཕྲུ་གུ་དེ་ཚོར་སོ་སོའི་ཕྲུ་གུ་ནང་བཞིན་བརྩེ་བ་ཤོར་འགྲོ་གི་འདུག ཨ་མ་ཁ་ཤས་ཕྲུ་གུ་ལ་བརྩེ་བ་མེད་པ་ལྟར་མཐོང་ན་ངའི་སེམས་པ་སྐྱིད་པོ་ཁྱོན་ནས་མི་འདུག

ད་ཆ་ངའི་བཟའ་ཟླ་ཁོང་འདས་གྲོངས་སོང་ཚར་བ་རེད། ང་ལ་གཞན་རོགས་པ་བྱེད་མཁན་མེད་ནའང་ང་རང་གི་ཕྲུ་གུ་འདི་ཚོར་བལྟས་ནས་བསྡད་ཡོད། ༼དྲི་བ། གཞན་གྱིས་ཁྱེད་རང་སླར་ཡང་གཞན་སར་མནའ་མ་སོང་ཟེར་མཁན་མ་བྱུང་ངམ།༽ ལན་དུ། ལ་ལས་ཁྱོད་རང་མོ་རྐྱང་མ་འདི་འདྲར་བསྡད་ན་ཡག་པོ་ཨེ་ཡོད་ན་ཟེར་མཁན་རེ་ཟུང་འདུག་སྟེ་ང་རང་མོ་རྐྱང་མར་བསྡད་བཞག་ན་དགའ་བ་འདུག གཞན་མི་ཡིས་ངའི་ཕྲུ་གུ་འདི་ཚོ་ལ་ཡག་པོ་མ་བྱས་ན་དཔེ་བསགས་པ་རེད། ད་ལྟའི་ཆར་ངའི་བུ་ཁོ་ཚོས་ཨ་མ་སར་ཡོང་ས་དང་འཁོར་ས་ཡོད་རེད་བསམ་གྱི་རེད། དེ་འདྲ་བསམ་གྱི་ཡོད་མ་གཏོགས་གཞན་དེ་འདྲ་རྩ་བ་ནས་ཡིད་ལ་འཁོར་མྱོངས་ཀྱང་མེད། ཕྲུ་གུའི་པ་ལགས་ཁོང་གིས་ཀྱང་ང་ལ་དེ་སྔོན་ཁྱོད་རང་སྔོན་མ་རྒྱུ་དང་དཔལ་འབྱོར་ཡོད་པའི་ཕྱུག་བདག་མའི་བུ་མོ་ཞིག་རེད་དེ་རྒྱུ་ནོར་དེ་དག་གིས་གཞན་ལའང་ཕན་མ་ཐོག་པ་རེད། ཕན་མ་ཐོག་པའི་རྒྱུ་ནོར་དཔལ་འབྱོར་དེས་ད་ལྟའང་ཕན་གྱི་མ་རེད་གསུངས་མྱོང་། ངའི་བུ་རྒྱུད་ཚོས་ཀྱང་ང་ལ་སྙིང་རྗེ། ང་ཚོའི་ཨ་མ་ལགས་ཟེར་ནས་ད་ལྟ་ཁོ་ཚོ་ཕོ་གསར་རྐྱང་རྐྱང་ཡིན་ཡང་དགའ་རོགས་ཀྱང་ཡོད་མ་རེད། སློབ་གྲྭ་མཐོ་སློབ་ཏུ་སོང་ནས་སློབ་སྦྱོང་བྱེད། དཔེ་ཡག་པོ་ཡ་རབ་བཅས་ངའི་ཕྲུ་གུ་བདུན་ཀར་ང་རང་ཨ་མས་བསྟོད་མི་དགོས་པར་གཞན་མི་ཚང་མས་བུ་ཚོར་བསྟོད་ར་གཏོང་ཡུལ་རྐྱང་རྐྱང་ཡིན། ད་ལྟའི་ཆར་ཆེ་བ་གཉིས་གྲྭ་པ་་ཡིན་པས་བུ་ཆེ་བ་འབྲས་སྤུངས་ཀྱི་བླ་སྤྱིའི་བླ་བྲང་གི་གྲྭ་པ་རེད་ལ་ད་ལྟ་ཨ་རིར་ཡོད་རེད།

དེའི་སྐོར་གཞན་གྱིས་ཟེར་ན་ཁོ་རང་ཨ་རིར་ཆོས་འཚོགས་ཡུལ་ལ་ལྟ་སའང་ཡོང་གི་འདུག་ཟེར་མཁན་འདུག ཁོ་རང་གྲྭ་པ་ལོག་གི་མ་རེད། བུ་དངོས་གནས་ནན་ཏན་ཞིག་ཡོད་རེད། ཁོ་རང་ཆུང་དུས་འབྲས་སྤུངས་ཀྱི་བླ་བྲང་དུ་ཡོད་རེད། འོན་ཀྱང་ཁོས་ཨིན་ཡིག་སྦྱོང་མྱོངས་ཡོད་མ་རེད། དེ་སྔོན་གྲྭ་པ་གཞན་ལའང་ཁོའི་སེམས་གཏིང་གི་སྐད་ཆ་མང་པོ་བཤད་འདུག ངའི་བུ་ཕྲུ་གུ་ཚང་མ་ངའི་ཁ་ལ་ཉན་པོ་ཡོད། ཁོ་རང་ཚོའི་ཕན་ཚུན་དབར་ལའང་མཐུན་པོ་ཡག་པོ་ཡོད། ངས་གཞན་ནང་བཞིན་ཁོ་ཚོར་བསླབ་བྱ་དང་སློབ་གསོ་ཟེར་བ་དེ་འདྲ་གང་ཤེས་ཀྱི་མ་རེད་དེ་བུ་ཆེ་བ་ཡིས་ཆུང་བ་ཚོར་བསླབ་བྱ་རྒྱག་གི་ཡོད་ཀྱི་རེད་བསམ་གྱི་ཡོད། བུ་ཨང་གཉིས་པ་དེ་ད་ལྟ་འབྲས་སྤུངས་ལ་ཡོད། གསུམ་པ་དང་བཞི་པ་གཉིས་མཐོ་སློབ་ཐོན་ནས་ལྡི་ལིར་ཡོད། དེ་ནས་ཆུང་བ་གཉིས་ད་ལྟ་མཐོ་སློབ་ཏུ་འགྲིམ་བཞིན་པའི་སྒང་རེད།

བླ་མ་༧རྒྱལ་བ་རིན་པོ་ཆེ་ཡིས་རྒྱུན་དུ་གསུང་པ་ལྟར་ངའི་བུ་ལོ་ཆུང་བ་གཅིག་གིས་ཚན་རིག་སྦྱོང་ནས་ནང་ཆོས་ལ་དཔྱད་བསྡུར་བྱེད་ཀྱི་ཡིན་ཟེར་གྱི་ཡོད་རེད། ༼དྲི་བ། བུ་ཆེན་པོ་ཆགས་ཚར་བ་གཉིས་ལ་དགའ་རོགས་འདྲ་མེད་དམ། ༽ ལན་དུ། ངའི་བུ་འདི་ཚོས་གཞན་བུ་རྒྱུད་འགའ་རེ་ལྟ་བུས་སོ་སོའི་ནང་མི་ལ་དཀའ་ངལ་སྤྲད་དེ་ཡར་འཁྱམ་མར་འཁྱམ་བྱེད་ཀྱི་མ་རེད། བུ་ཚོས་ང་ལ་སྡུག་ངལ་སྤྲོད་ཀྱི་མ་རེད། བུ་ཚང་མ་ཡག་པོ་ཡོད། ངའི་བསམ་པར་ཚང་མ་སོ་སོའི་བུ་སྤུན་མཉམ་དུ་སྡོད་པ་དང་བླ་མའི་བཀའ་དྲིན་གྱིས་ཁོ་རང་ཚོའི་ཕན་ཚུན་གཅིག་གིས་གཅིག་ལ་བརྩེ་བ་བཅང་ནས་ཡག་པོ་བྱས་ན་འགྲིག་གི་འདུག་བསམ་གྱི་ཡོད། གལ་ཏེ་ཁོ་ཚོས་ཆང་ས་འདྲ་རྒྱག་ན་བུ་མོ་ཡག་པོ་ཞིག་མ་རག་ན་བུ་ཚོའི་དབར་གྱི་འཆམ་མཐུན་དེའང་མེད་པ་ཆག་ན་དཔེ་བསགས་ཀྱི་རེད་ལ་མིའི་ཁ་ལ་ལྟ་རྒྱུ་ཡོད་མ་རེད། ཁོ་ཚོར་ད་ལྟའི་ཆར་ལས་ཀ་རག་ཡོད་མ་རེད། དེའི་རིང་མཐོ་སློབ་ཏུ་ཡོད་ཙང་ལས་ཀ་མེད་པར་ཆང་ས་རྒྱག་ན་དཀའ་ངལ་འཕྲད་ཀྱི་རེད། ངའི་བུ་ཚང་མ་གཞན་གྱི་བུ་རྒྱུད་ལྟ་བུ་ཧམ་པ་དང་བློ་ཁོག་ཡོད་མཁན་ལྟ་བུ་དེ་འདྲ་མེད། གཞན་ལྟ་བུ་འཇོན་མདོག་སྤྱང་མདོག་དེ་འདྲའང་ཡོད་མ་རེད། ཚང་མས་གཞན་གྱི་ཁ་ལ་ཉན་ནས་བསྡད་ཀྱི་རེད། ང་རང་ཡང་དེ་འདྲ་རེད། འཇོན་མདོག་དེ་འདྲ་ཡོད་མ་རེད། ང་ཚོས་ཆུང་དུས་སྡུག་ངལ་མང་པོ་མྱོངས་ཚར་བ་རེད།

ད་ལྟའི་ཆར་བླ་མའི་གསུང་ཆོས་ཉན་དུས་གཞི་ནས་ངའི་ཕ་མའི་སྐབས་སུ་ཕ་མ་གཉིས་དང་ངའི་བཟའ་ཟླ་སོགས་མི་མང་རྣམས་ཀྱིས་སྡུག་ངལ་ཤུགས་ཆེན་པོར་མྱོངས་བའི་སྐོར་ཕྱིར་དྲན་བྱེད་དུས་མིག་ཆུའང་ཤོར་གྲབས་བྱེད་ཀྱི་འདུག ངས་སྤྱི་ཚོགས་སུ་མི་མ་རབ་དེ་འདྲ་མཐོང་དུས་སྙིང་རྗེ་ད་དུང་སོ་སོའི་སེམས་ལ་དཀའ་ངལ་དེ་འདྲ་མྱོང་ནས་གང་དྲག དེ་བས་དེ་དག་མཐོང་དུས་ངའི་བུ་ཚོར་བལྟས་ནས་སྡོད་བཞག་ན་ད་ལྟ་ང་རང་སྐྱིད་པའི་སྒང་ཡིན་བསམ་གྱི་ཡོད། སྤྱིར་ན་གཞན་གྱིས་བུ་རྒྱུད་ཚོའི་ཕ་མ་ཡག་པོ་ཡོད་པས་བུ་རྒྱུད་ཚང་མའང་ཡག་པོ་འདུག་ཟེར་གྱི་ཡོད། ངའི་བུ་ཚང་མ་ཕན་ཚུན་བརྩེ་བ་ཡོད་པ་དང་ང་ལ་སྡུག་ངལ་སྤྲོད་ཀྱི་མི་འདུག དེ་བས་ཁོ་ཚོས་ཡོན་ཏན་ཡག་པོ་སྦྱོང་ཡོད། སྤུན་མཆེད་ཡག་པོ་ཡོད་ཙང་བརྩེ་བ་ཡོད་ན་རྗེས་མར་ཡག་པོ་ཡོང་གི་རེད་བསམ་གྱི་ཡོད། ༼དྲི་བ། གལ་ཏེ་བུ་ཚོས་ཆང་ས་བརྒྱག་ནས་ཚ་བོ་ཚ་མོ་འདྲ་བྱུང་ན་ཁྱེད་རང་དགའ་པོ་ཡོད་དམ། ༽ ལན་དུ། ད་ལྟའི་ཆར་བུ་ལ་ཕྲུ་གུ་བྱུང་ན་ངས་གཡོག་པོ་རྒྱུག་མི་ཐུབ་པ་དང་མི་འདུག་ཀྱང་བུ་ཚོའི་ཕན་ཚུན་དབར་གྱི་ད་ལྟའི་བརྩེ་བ་ཡག་པོ་ཡོད་པ་འདི་བུ་རེ་རེས་ཁྱིམ་ཚང་རེ་བཟུང་ནས་ཕན་ཚུན་དབར་གྱི་བརྩེ་བ་འདི་འཐུས་ཤོར་སོང་ན་ཡག་པོ་ཡོད་མ་རེད། དེ་མིན་གཉིས་ལ་ད་ལྟ་ལས་ཀའང་མེད་པ་ཡིན་དུས་ཆང་ས་རྒྱག་ནས་ཚ་བོ་ཚང་མོ་འབྱུང་ན་ཡག་པོ་ཡོད་མ་རེད་བསམ་གྱི་འདུག སྤྱིར་བཏང་ངའི་བུ་ཚང་མ་གཞན་གྱི་བུ་རྒྱུད་ནང་བཞིན་བློ་ཁོག་ཆེན་པོ་དེ་འདྲ་ཡོད་མ་རེད་ལ་གཞན་ལ་ཉན་ནས་བསྡད་ཀྱི་ཡོད། ད་ལྟའི་ཆར་ངའི་བུ་ཆུང་བ་གསུམ་མཐོ་སློབ་དུ་ཡོད་པ་དང་། ཁོ་ཚོ་ཚང་མ་ཨ་མ་ང་སར་རིས་མོས་ཀྱིས་ལྟ་རུ་ཡོང་གི་ཡོད། དེ་འདྲ་ཡིན་དུས་ད་ལྟའི་ཆར་ང་རང་ངོ་མ་བླ་མ་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱིས་སྐྱིད་པོ་དགའ་མོ་ཡིན་བསམ་གྱི་འདུག

༼དྲི་བ། ད་མཇུག་ཏུ་ཁྱེད་ལྟ་བུའི་ཨ་མ་བཟང་མོ་ཡིས་གཞན་ལ་ཕ་མ་བཟང་པོས་བུ་རྒྱུད་གསོ་སྐྱོང་ཇི་ལྟར་དགོས་མིན་སྐོར་ཏོག་ཙམ་གསུང་རོགས།༽ ལན་དུ། ང་ལ་བུ་རྒྱུད་གསོ་སྐྱོང་སྐོར་དམིགས་བསལ་གྱི་ཐབས་ལམ་དེ་འདྲ་གང་ཡང་བཤད་རྒྱུ་མེད། ངས་བུ་རྒྱུད་ཚོར་དུས་རྒྱུན་བསླབ་བྱ་རྒྱག་པ་དང་། ཡང་ན་སློབ་གསོ་སྤྲོད་པ་སོགས་ཤེས་ཀྱི་ཡོད་མ་རེད། ཁོ་རང་ཚོ་ཚང་མ་ཡག་པོ་ཡོད་པ་རེད། ཡིན་ཡང་ངས་བསམ་ན་ཕྲུ་གུ་གསོ་སྐྱོང་བྱེད་དུས་ངེས་པར་དུ་ཕྲུ་གུའི་འཁྲིས་སུ་བསྡད་དེ་གཅིག་གཅིག་གཉིས་གཉིས་ཀྱིས་བཤད་དགོས་པ་མ་རེད་དྲན་གྱི་འདུག ཕ་མས་ཕྲུ་གུ་ཚོར་མཚམས་རེར་མང་པོ་བཤད་བསྡད་ན་ཁོ་ཚོའི་ཨམ་མཆོག་ཚ་རོགས་རེད། དེ་བས་ཁོ་ཚོར་སོ་སོས་སོ་སོར་ལྟ་རྟོག་དང་བསམ་བློ་ཁེར་ཚུགས་གཏོང་ཐུབ་པའམ་འཚོ་བའི་ཉམས་མྱོང་སྦྱོང་བཅུག་སྟེ་གུ་ཡངས་པོའི་ཁོར་ཡུག་ཅིག་ངེས་པར་དུ་དགོས་ཀྱི་རེད་དྲན་སོང་། ཕ་མ་བུ་རྒྱུད་དབར་གྱི་བརྩེ་བ་དང་བྱམས་སྐྱོང་འདི་བརླགས་སོང་ན་དེ་ནས་ཁྱིམ་ཚང་ཞིག་ཀྱང་ཕལ་ཆེར་ཚར་སོང་བ་དང་གཅིག་པ་རེད། ང་དང་བུའི་པ་ལགས་གཉིས་ཀྱིས་ཀྱང་དམིགས་བསལ་གྱིས་ཁོ་ཚོར་འདི་བྱོས་དེ་མ་བྱོས་ཟེར་ནས་མང་པོ་དེ་འདྲ་གང་ཡང་བཤད་ཀྱི་མེད། ངའི་ཉམས་མྱོང་ཆེ་ཤོས་ནི་ཕྲུ་གུ་ཚོས་སོ་སོས་བསམ་བློ་གཏོང་ནས་རང་དབང་དང་གུ་ཡངས་པོའི་སྒོ་ནས་རང་ཚུགས་ཀྱིས་འཚར་ལོང་བྱུང་ན་ཡག་པོ་འདུག་འདྲ་པོ་དྲན་གྱི་ཡོད།

མཇུག་གཏམ།

ཀློག་པ་པོ་ལགས། མཚམས་འདིར་སླེབས་དུས། ཁྱེད་ཀྱིས་ཨ་མ་སྒྲོལ་དཀར་བཟང་མོར་ཕྲུ་གུ་གསོ་སྐྱོང་བྱེད་སྟངས་ཐད་དམིགས་བསལ་གང་ཡང་གསུང་རྒྱུ་མི་འདུག་ཅེས་བསམ་སྲིད། འོན་ཀྱང་བསམ་བློ་ཞིབ་ཏུ་གཏོང་ན་ཁོང་མོས་རྟག་པར་བུ་རྒྱུད་ཀྱི་འཁྲིས་སུ་གཅིག་གཅིག་གཉིས་ཀྱིས་སློབ་གསོ་དང་བསླབ་བྱ་ཟེར་བ་དེ་འདྲ་དགོས་མ་རེད་ཅེས་རྒྱབ་ལྗོངས་སུ་དོན་ངོ་མ་ནི་ཨ་མ་སྒྲོལ་དཀར་བཟང་མོར་རྩ་ཆེ་བའི་ཕ་མ་གཞན་འགའ་རེར་མེད་པའམ་ཧ་ཅང་དཀོན་པའི་སེམས་ཁོངས་རུས་པའི་གསེང་གི་ཨ་མ་བཟང་མོའི་བྱམས་བརྩེ་དང་སྙིང་རྗེའི་སེམས་ཁམས་དེ་རེད།

ང་ཚོའི་སྤྱི་ཚོགས་སུ་བུ་རྒྱུད་བཟང་པོའི་རྒྱབ་ཀྱི་ཨ་མ་བཟང་མོ་དེ་དག་མང་ཆེར་ཤེས་བྱ་ཡོན་ཏན་སྦྱོང་མྱོང་བའི་གོ་སྐབས་མ་བྱུང་ཞིང་། སློབ་གསོ་ཐོབ་མྱོང་བའི་ལོ་རྒྱུས་ཀྱང་མེད་མཁན་མང་། འོན་ཀྱང་ཁོང་མོ་ཚོར་ཡོད་པ་ཉག་ཅིག་དེ་ནི་འགྲོ་བ་རིགས་དྲུག་ལ་མཁོ་བའི་ཨ་མའི་བྱམས་དང་སྙིང་རྗེ་དེ་ཡིན། དེའང་ང་ཚོས་ཞིབ་ཏུ་དཔྱད་ན་ཤེས་ཐུབ། ཡང་ན་ཁྱེད་ཁོང་མོ་དང་ལྡོག་སྟེ་ཕྲུ་གུར་ངེས་པར་དུ་ནན་ཏན་ཚ་པོས་བཅུན་དགོས་ཤིང་ཕྲུ་གུའི་འཁྲིས་སུ་སྡོད་དེ་གཅིག་གཅིག་གཉིས་གཉིས་ཀྱིས་སློབ་གསོ་དང་བསླབ་བྱ་རྒྱག་དགོས་པར་འདོད་མཁན་ཡིན། གལ་ཏེ་ཁྱེད་རང་ཡང་ཕྲུ་གུའི་ཕ་མ་ཡིན་ན་ཁྱེད་ལ་བུ་རྒྱུད་གསོ་སྐྱོང་གི་ཐབས་ལམ་གཞན་ཡོད་ངེས་པས་གཞན་དང་ཉམས་མྱོང་སྤེལ་རས་ཀྱིས་རང་མི་རིགས་འདིའི་བུ་རབས་ཚ་རྒྱུད་བཟང་པོ་གསོ་སྐྱོང་ཡོང་བའི་རེ་བ་ཡོད།

 

 

 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།