མི་ཁྲི་༡༨་༤ཡི་ཤི་རྐྱེན་ནི་མངར་མོ་འདྲེས་པའི་འཐུང་བྱ་ཡིན།

འཛམ་གླིང་ཡོངས་སུ་མི་གྲངས་ཁྲི་ ༡༨་༤ ཡི་ཤི་རྐྱེན་ནི་མངར་མོ་འདྲེས་པའི་འཐུང་བྱ་ཡིས་བྱེད་ཀྱི་ཡོད། དབྱེ་ཞིབ་གསར་པ་ཞིག་གིས་འཛམ་གླིང་ཡོངས་སུ་ལོ་རེར་མངར་མོ་འདྲེས་པའི་འཐུང་བྱ་ཡིས་མི་གྲངས་ཁྲི་ ༡༨་༤ ཤི་རྐྱེན་བྱེད་པའི་སྐོར་ཤེས་རྟོགས་ཐུབ་ཡོད་པ་རེད།

མཇུག་འབྲས་འདི་བྱུང་སྟངས་ལས་སླ་པོ་ཞིག་མིན་པས་ཚན་རིག་མཁས་དབང་ཚོས་མངར་མོའི་རྫས་ཟོས་ནས་གཟུགས་པོའི་སྤུས་ཚད་ B.M I རིགས་དང་B.M.Iམངར་མོའི་ན་ཚར་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་སྐོར་ཞིབ་དཔྱོད་བྱས་པ་དང༌། དེ་བཞིན་གྱིས་སྙིང་གི་ཁྲག་རྩའི་ན་ཚ་དང་མངར་མོའི་ན་ཚ། སྐྲན་ནད་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་བཅས་ཟས་རིགས་ལ་རྟོགས་དཔྱོད་ཁག་བཅུ་གྲངས་དང་མ་འོངས་པར་ཁ་ཕྱོགས་རང་བཞིན་གྱི་ཞིབ་འཇུག་ཁག་གྲུབ་སྟེ་དེའི་ནང་གི་གྲངས་ཀ་ཕྱོགས་བསྡོམས་བྱས་ཡོད་པ་རེད། ཁོ་ཚོས་མངར་རྫས་འདྲེས་པའི་འཐུང་བྱའི་རིགས་བེད་སྤྱོད་པའི་གྲངས་ཀ་དེ་ནི་རྒྱལ་ཡོངས་སུ་ཟས་རིགས་རྟག་དཔྱད་ཁག་ ༦༢ ནས་བྱུང་ཞིང༌། དེའང་ ༡༩༨༠ ནས་ ༢༠༡༠ བར་རྒྱལ་ཁབ་ཁག་ ༥༡ གི་མི་གྲངས་ཁྲི་ ༦༠ ལྷག་ལ་རྟག་དཔྱད་བྱས་པ་ཞིག་ཡིན། ཞིབ་འཇུག་དེ་དྲ་ལམ་དུ་འཁོར་རྒྱུགCirculationཅེས་པའི་དུས་དེབ་ཐོག་སྤེལ་ཡོད།

ཞིབ་འཇུག་པས་དུས་ཚོད་གཏན་འབེབས་ཀྱིས་གསར་བཟོ་བྱེད་པའི་རྒྱལ་སྤྱིའི་རང་བཞིན་གྱི་དབྱེ་ཞིབ་སྟེ། ༢༠༡༠ ལོར་འཛམ་གླིང་ཡོངས་སུ་ན་ཚའི་འགན་འཁྲི་དང་གནོད་སྐྱོན། ཉེན་ཁའི་རྒྱུ་རྐྱེན་སྐོར་ཞིབ་འཇུགGlobal Burden of Diseases, Injuries and Risk Factors 2010 ཅེས་ནས་ན་ཚའི་ཁྱད་ཆོས་མི་འདྲ་བའི་སྒོ་ནས་ཤི་རྐྱེན་ངོས་བཟུང་གི་ཡོད་པ་རེད།

ཁོ་ཚོས་འཛམ་གླིང་ཁྱོན་འདིའི་ནང་མངར་མོ་འདྲེས་པའི་ཟས་ཀྱིས་མི་འབོར་ཁྲི་ ༡༣་༣ མངར་མོའི་ན་ཚས་ཤི་རྐྱེན་བཟོ་བཞིན་པ་དང༌། མི་གྲངས་ཁྲི་ ༤་༥ ནི་སྙིང་གི་ཁྲག་རྩའི་ན་ཚས་ཤི་བ། མི་གྲངས་ ༦༤༥༠ ནི་སྐྲན་ནད་ཀྱིས་ཤི་རྐྱེན་བཟོ་བཞིན་པར་ཚོད་དཔག་བྱས་ཡོད།

ཤི་རྐྱེན་མི་འདྲ་བ་ཡོངས་རྫོགས་སུ་མངར་རྫས་འདྲེས་པའི་འཐུང་བྱ་དང་འབྲེལ་བའི་ཤི་རྐྱེན་ནི་བསྡུར་ཚད་ཡོངས་དེ་ཤི་ཕོའི་ལོ་ཚད་དང་རྒྱལ་ཁབ་ལྟར་ཕལ་ཆེར་གཅིག་མཚུངས་ལྟར་ཡིན་ལ། ཉཱི་ཧོང་གི་རང་ལོ་ ༦༥ ཡས་ཀྱི་མི་ཚོགས་སུ་བརྒྱ་ཆ་ ༡ ཙམ་ནས་མཱོ་སི་ཁོའི་རང་ལོ་ ༤༥ མས་ཀྱི་མི་ཚོགས་ཀྱི་བརྒྱ་ཆ་ ༣༠ བར་གནས་ཡོད། ཨ་རིར་མཚོན་ན་ལོ་རེར་ཕལ་ཆེར་མི་འབོར་ཁྲི་ ༢་༥ ཙམ་གྱི་ཤི་རྐྱེན་ནི་མངར་ཟས་ཀྱིས་རྐྱེན་བྱས་པ་ཡིན།

ཞིབ་འཇུག་འདིའི་རྩོམ་པ་པོ་གཙོ་བོའམ་ཏཱི་ཧྥུ་སི་Tuftsསློབ་ཆེན་གྱི་བཅུད་རིགས་ཚན་རིག་དང་སྲིད་ཇུས་སློབ་ཆེན་School of Nutrition Science and Policyགྱི་སློབ་སྤྱི་ཊ་རོ་ཞི་མོ་ཙ་ཧྥ་རན་DariushMozaffarianགྱིས་མི་རྣམས་ཀྱིས་འཐུང་བྱ་དེ་དག་བེད་སྤྱོད་དགོས་པ་གང་ཡང་མེད། འཐུང་བྱ་དེའི་རིགས་ཀྱིས་མི་གྲངས་ཁྲི་སྟོང་མང་པོ་ཤི་རྐྱེན་བཟོ་བཞིན་ཡོད། ང་ཚོས་མངར་ཟས་དེའི་རིགས་ཟས་རིགས་ནང་ནས་ཕྱི་ཕུད་གཏོང་འོས་པ་ཞིག་རེད། ཅེས་བཤད་ཡོད་པ་རེད།

རྩོམ་འདི་ ༢༠༡༥ ཟླ་ ༧ ཚེས་ ༢ ཉིན་ཐོག་མར་སྤེལ་ཡོད།
ཡིག་སྒྱུར་བྱེད་མཁན། རཱིན་ཧྥུ་ཡོ།
མ་རྩོམ་འབྲེལ་ཐག

http://cn.nytstyle.com/health/20151026/t26sugary/

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།