བུད་མེད་ཀྱི་སེམས་ཚོར།

images/stories/111.jpgང་བུད་མེད་ཅིག་ཡིན། འོན་ཀྱང་དུད་འགྲོ་ཞིག་མིན། ཆུང་དུས་ཕ་ཡུལ་དུ་བུ་ཁྱུ་ཞིག་གིས་དོན་མེད་ང་ལ་རུབ་རྡུང་བཏང་མྱོངས། ངའི་ཁའི་ཟུར་ནས་ཁྲག་ཕྱིར་དོན་བཞིན་ཁོ་ཚོའི་མདུན་ནས་བཙན་གྱིས་འཛུམ་ཞིག་བཙིར་རྗེས་མིག་ནང་མཆི་མས་ཁེངས་ཀྱང་དེ་ཚོའི་མདུན་ནས་ཤུགས་ཀྱིས་གད་མོ་ཤོར་བ་ཡིན། སྐབས་དེར་ཁོ་ཚོ་ང་ལ་ཧད་དེ་ལུས་འདུག ཧ་ལས་རྒྱུ་ག་རེ་འདུག ཁྱོད་ཚོས་རྡུང་ཐུབ་པ་བྱུང་བ་དེ་ངའི་གཟུགས་ཕུང་ཙམ་རེད། དོན་དངོས་ཐོག་སྐབས་དེར་ངས་སེམས་ནས་བུ་ཁྱུ་ཚོགས་རོ་འདྲ་ཞིག་རྫོག་ཚར་བ་ཁྱོད་ཚོས་ཤེས་སམ།

ང་བུད་མེད་ཅིག་ཡིན། འོན་ཀྱང་ནུས་མེད་ཅིག་མིན། ངས་གནའ་དེང་གཉིས་ཀྱི་གོམས་གཤིས་རྙིང་རུལ་དེ་དག་དོར་ཐབས་ཀྱིས་སྐད་ངག་འདར་བཞིན་རང་གཞན་གཉིས་ཀར་ཕན་ཕྱིར་མི་ཚོགས་དབུས་ནས་སེམས་ཀྱི་སྐད་ཆ་ཚིག་གསུམ་བཤད་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ཁྱོད་ཚོས་ངས་རྫུན་མ་བཤད་ཀྱི་འདུག ངས་གཡོ་སྒྱུ་འཁྲབ་སོང་ཟེར་འཕྱ་དམོད་ཚད་མེད་ཅིག་བྱས་བྱུང༌། ང་ལ་འགྱོད་པ་མེད། གང་ཡིན་ཟེར་ན་ངས་སོ་སོའི་སེམས་ནང་གི་སྐད་ཆ་དྲང་མོར་བཤད་ཡོད། ཁ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ། ཉན་དང་མི་ཉན་སོ་སོའི་ལག་ལ་ཡོད།

ང་བུད་མེད་ཅིག་ཡིན། འོན་ཀྱང་ཅོལ་ཆུང་ཞིག་མིན། ངས་ཐོག་མའི་དུས་ནས་ང་རང་མི་ཞིག་ཡིན་པའི་འདུ་ཤེས་འོག་འཚོ་དགོས་བསམ། འོན་ཀྱང་ཁྱོད་ཚོས་ངེས་པར་དུ་ང་ལ་ཕྱིའི་བཟོ་ལྟ་དང་ནང་གི་བསམ་བློ། མཐའ་ན་ངའི་འགྲོ་འདུག་སྤྱོད་སྟངས་ཚུན་ཆད་ནས་འདྲ་དབྱིབས་གཅིག་ལྟར་བཟོ་དགོས་དོན་ཅི་རེད། ད་དུང་ངས་སོ་སོའི་ཚེ་སྲོག་ལ་མཁོ་ཞིང༌། འགྲོ་བ་མིའི་རིགས་ལ་གཅིག་མཚུངས་དགོས་པའི་རང་དབང་གི་གདམ་ཁ་ཞིག་བྱེད་མི་བཅུག་པར་ངེས་པར་དུ་་སྡོམ་རྒྱ་ཞིག་ནང་བཙུད་དགོས་དོན་འདི་ག་རེ་རེད།

ང་བུད་མེད་ཅིག་ཡིན། འོན་ཀྱང་བསམ་མེད་ཅིག་མིན། ངས་ཁྱིམ་མི་ཚོའི་ཆེད་དུ་སྒེར་གྱི་མ་འོངས་པའི་མདུན་ལམ་བློས་བཏང་བྱས་ཟིན། དེ་ཡིན་ཡང་ཁྱིམ་མི་གཙོས་གླད་མེད་ཀྱི་ཁྱོད་ཚོས་ད་དུང་ང་ཁྱིམ་མི་ཚོའི་གཡོག་མོ་དྭངས་མ་ཞིག་གི་འདུ་ཤེས་ལས་འཛིན་མི་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན། ཁྱོད་ཀྱིས་འཁྲབ་ཤེས་པ་དེ་ཚོ་ཚང་མ་ངས་ཀྱང་ཤེས་ཀྱི་ཡོད། འོན་ཀྱང་ངས་ད་དུང་ཡང་སྡུག་གི་འཁུར་པོ་འཁུར་ནས་ཁྱིམ་མིའི་བདེ་དོན་ལ་སྒོམ་ཡོད་པར་ཤེས་སམ། ང་ལ་ཞེན་པ་ལོག་མ་འཇུག་རོགས།

ང་བུད་མེད་ཅིག་ཡིན། འོན་ཀྱང་བླུན་མོ་ཞིག་མིན། ང་སྤྱི་ཚོགས་ཀྱི་མདུན་དུ་མངོན་མཚན་ཅན་མ་ཙམ་གྱུར་བར་ཕྱོགས་བཞི་མཚམས་བརྒྱད་ནས་གནོན་ཤུགས་གང་མང་སྤྲོད་དགོས་དོན་ཅི་རེད། ངས་བསམ་བློ་རྒྱུན་རིང་བཏང་ནས་བཤད་པའི་སྐད་ཆ་དེ་དག་ལ་སྣང་མེད་འཇོག་དགོས་དོན་ག་རེ་རེད། ཁྱོད་ཚོས་ཁྱད་འཕགས་ཀྱི་སྐྱེ་བོ་ཡིན་བསམ་པ་མ་དྲན། ང་ལ་མིང་མེད་པ་ལས་ཁྱོད་ཀྱིས་བྱས་པ་དེ་དག་ངས་མི་འཇོན་ས་གཅིག་ཀྱང་མི་འདུག ང་ལ་མཐོང་ཆུང་དང་དམའ་འབེབས། ཟུར་ཟ་དང་འཕྱ་དམོད་ད་ནས་མཚམས་བཞག་ན་དགའ།

ང་བུད་མེད་ཅིག་ཡིན། འོན་ཀྱང་ཕོའི་ཟུར་རྒྱན་ཙམ་མིན། ངས་ལས་ལ་ཧུར་ཞིང་འབད་པ་སྟོང་གིས་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་འདི་སྔར་ནས་བཟོས་ཟིན། འཇོན་ཐང་ཞེས་པ་དེ་ངས་མ་འཇོན་པ་ཅིག་ཀྱང་མེད། དེ་བས་ང་ལ་ཕོ་ཚོས་མི་འཇོན་སའི་མ་ཡུམ་གྱི་ཁྱད་འཕགས་འདི་ལྡན། ལས་དོན་གཅིག་མཚུངས་སྒྲུབ་ཅིང༌། གྲུབ་འབྲས་གཅིག་མཚུངས་ཐོན་ཟིན། ཤེས་འཇོན་གཉིས་དོ་མཉམ་པའང་བཟོས་ཟིན། འཛམ་གླིང་གི་གྲགས་ཅན་མ་ཞིག་གིས། ཕྱིའི་ཆབ་སྲིད་འདྲ་འཁྲབ་དགོས་ན་སྐྱེས་པ་འཚོལ། ལས་དོན་ལ་དངོས་སུ་འཇུག་དགོས་ན་བུད་མེད་འཚོལ་ཞེས་པ་འདི་ཅིས་མི་བདེན། ཐོབ་ཐང་རྩོད་མི་ཆོག་པ་ག་རེ་ཡིན་ནམ། ཕོ་མོ་སུའི་མདུན་དུ་ཡིན་ཡང་ཐོབ་ཐང་སྐོར་གླེང་བ་ཙམ་གྱིས་དོགས་འདྲོགས་དགོས་དོན་ཅི་ཡིན། བུད་མེད་ཀྱིས་འཇོན་ཐུབ་པའི་གོ་དབང་ཞིག་ངེས་པར་དུ་སྐྱེས་པ་ཚོས་བཙན་བཟུང་དགོས་དོན་ཅི་རེད།

ང་བུད་མེད་ཅིག་ཡིན། འོན་ཀྱང་འཆོལ་མོ་ཞིག་མིན། ངས་དགའ་རོགས་ནས་བཟུང༌། དེ་ནས་བཟའ་ཟླ་དང་བུ་རྒྱུད་ཀྱི་ལ་རྒྱ་ལ་ཤི་འཐམ་རོ་འཐམ་གྱིས་བཟང་སྤྱོད་ལ་བརྩི་སྲུང་བྱེད་ཀྱི་ཡོད་པ་ཨེ་ཤེས། འོན་ཀྱང་བཟའ་ཟླ་དང་བུ་ཕྲུག་ཚོའི་ཁྱིམ་ཚང་གི་དོན་ལ་ཅི་མི་སྙམ་པར་ནང་གི་ཆུང་མ་ཟུར་ལ་བསྐྱུར་ཏེ་གོ་སྐབས་ནམ་བྱུང་དུ་བུད་མེད་སྣང་བ་འགྲོ་ཚད་ལ་དངུལ་དངོས་རྒྱུད་གསུམ་གྱིས་ངོ་དགའ་སྤྲད་ལད་གང་ཐུབ་འཁྲབ་དོན་ཅི་རེད། དེ་ལྟར་ཡང་མི་ཚོས་ཁྱོད་ལ་འཆོལ་ཕོ་ཞེས་འབོད་ཅིང་ངོ་ཚ་མི་བཟོ་བ་ག་རེ་ཡིན་ནམ། ང་བུ་རྒྱུད་ལྔའི་ཨ་མ་ཡིན་ཡང་ང་ལའང་དགའ་མཁན་ཡོད་པ་ཤེས་པར་གྱིས། ངས་ཁྱོད་ཀྱི་སྤྱོད་ངན་ལ་བརྡ་ལན་ཞིག་སྤྲོད་ཕྱིར་ཕོ་གཅིག་དང་ཉེ་ཉེ་ཙམ་བྱས་པར་ང་ལ་འཆོལ་མོ་ཞེས་མིང་འདི་ཡོངས་གྲགས་ཀྱིས་བཏགས་དགོས་དོན་ཅི་རེད། ཡིད་ཆེས་ན་མ་ཆེས་ན། ངས་ཁྲལ་མེད་ཀྱི་ཁྱོ་ག་ཁྱོད་འདྲར་སེམས་གཏིང་ནས་སྐྱུག་མེར་ལང་བཞིན་ཡོད།

ང་བུད་མེད་ཅིག་ཡིན། འོན་ཀྱང་གཡོ་སྒྱུ་ཅན་ཞིག་མིན། ངས་སྤྱི་ལ་ཕན་པའི་བསམ་བློ་ཐེངས་མང་བསྐོར་ནས་བསམ་ཚུལ་ཁ་རུ་ཁ་ཐུག་བཤད་དུས་ཁྱོད་ཚོས་ང་ལ་ཚིག་དམད་དང་ཟུར་ཟ་གང་ཐུབ་བྱེད་ཀྱི་འདུག ཁྱོད་ཚོའི་བདག་འཛིན་གྱི་ཁེངས་དྲེགས་མེ་ཆུ་ལྟར་འཕྱུར་བཞིན་ད་དུང་ཤེས་ལྡན་ཡིན་མདོག་ཏུ་རློམ་ཞིང་ནང་དུ་ཕུང་དཀྲུག་བྱས་ན། རང་སེམས་གཉིས་ཀ་ཕུང་ལ་སྦྱོར་བ་ཤེས་ལྡན་ཡིན་ཁུལ་ཚོས་ཤེས་མི་འདུག་ཟེར་རྒྱུ་ཡིན། ཡིད་ཆེས་ན་མ་ཆེས་ན། ངས་ངན་རུལ་ཅན་ཁྱོད་ཚོར་སྙིང་རྗེ་སྐྱེ་བཞིན་ཡོད།

ང་བུད་མེད་ཅིག་ཡིན། འོན་ཀྱང་འཇོན་མེད་ཅིག་མིན། བྱས་རྗེས་མང་པོ་ང་དང་ཐད་ཀར་འབྲེལ་བ་ཡོད་པ་ཤེས་བཞིན་དུ། རྣོ་ངར་ཆེན་པོས་ང་ཚང་མའི་མིག་གི་རྒྱ་མོ་ནས་འདོར་གང་ཐུབ་བྱེད་པ་དེ་རྒྱུ་མཚན་ཅི་ཞིག་གི་ཆེད་དུ་རེད། སྤྱི་ཚོགས་ནི་ཁྱིམ་ཚང་རེ་རེའི་གྲུབ་པའི་དངོས་ཡོད་གནས་སྟངས་ཁས་ལེན་ན། ཁྱིམ་ཚང་རེ་རེར་བདེ་སྐྱིད་དང་བརྩེ་བ། ལྷིང་འཇགས་དང་ཞི་བདེ་སྐྲུན་མཁན་གཙོ་བོ་ང་ཚང་མའི་མིག་མདུན་ནས་སྣང་མེད་ཅིའི་ཕྱིར་གཏོང་གི་ཡོད། ང་ལ་ཁ་ཙམ་གྱིས་ཆེ་མཐོང་སྤྲོད་པ་ལའང་ཁྱོད་ཚོ་ངོ་གནོང་མདོག་མདོག་འདྲ་བྱེད་དགོས་དོན་ཅི་ཡིན་ནམ། ད་ནས་བཟུང་ཕོ་མོ་སུ་ཡིན་ཡང་ཐོག་མར་ང་མི་ཞིག་ཡིན་ཞིང༌། ངས་ཅི་བྱས་ཤིང་གང་ཞིག་འཇོན་པ་དེ་ལ་སྤྱི་ཚོགས་ཡོངས་ནས་ཁ་ཞེ་གཉིས་མེད་ཀྱིས་ངོས་ལེན་དང་གདིང་འཇོག་གཙང་མ་ཞིག་བྱ་དགོས་ཀྱི་ཡོད།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།