བོད་ཡིག་ལག་ཐོག་ཁ་པར་སྟེང་འབྲི་ཐུབ་པ་བྱུང་འདུག།

གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་ཉི་ཧོང་གི་ཨོ་ཐ་ནེས་མཐོ་སློབ་ཁང་དང་ཀུ་ཤུ་གློག་ཀླད་བཟོ་གྲྭ་གཉིས་དང་མཉམ་འབྲེལ་ཐོག སྨོན་ལམ་བོད་ཡིག་གསུམ་པ་དེང་རབས་ཀྱི་འཕྲུལ་ཆས་གསར་པའི་སྟེང་བེད་སྤྱོད་ཀྱི་ཚོད་ལྟ་ལེགས་འགྲུབ་བྱུང་འདུག་པའི་གནས་ཚུལ་ཐོན་སོང་། འདི་ནི་ངས་བོད་ཡིག་གི་ཚེ་སྲོག་ལ་ཕན་འབྲས་ཧ་ཅང་ཡོད་པའི་རེ་བ་དང་འབྱུང་འགྱུར་བོད་ཡིག་གི་ལམ་ནས་བོད་རིགས་ན་གཞོན་རྣམས་མི་རིགས་གཞན་ལྟར་དེང་རབས་གསར་པའི་གོམ་ཆེན་མཉམ་སྤོ་བྱེད་ཐུབ་པའི་ལམ་སྣེ་སྟོན་པ་ཞིག་ལ་ངོས་འཛིན་བྱས་བཞིན་ཡོད། 


དེ་ཡང་ཁོང་ཉི་ཧོང་དུ་རྟེན་གཞི་བྱས་པའི་ཨོ་ཐ་ནེས་མཐོ་སློབ་ཁང་ Otani University དང་ཀུ་ཤུ་བཟོ་གྲྭ་ Apple Inc.  གཉིས་དང་མཉམ་འབྲེལ་ཐོག་ iphone ཁ་པར་དང་ ipad དང་ ipod བཅས་སུ་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཐོག་ཡོད་པའི་སྨོན་ལམ་བོད་ཡིག་གསུམ་པ་ཚོད་ལྟ་ལེགས་འགྲུབ་བྱུང་སྟེ། བོད་སྐད་ཡིག་འདི་བཞིན་འཛམ་གླིང་གི་དེང་རབས་ཀྱི་ཐོན་རྫས་གསར་བའི་ནང་དུ་བེད་སྤྱོད་གཏོང་ཐུབ་པར་གྱུར་འདུག།

ཁོང་གིས་གསུངས་དོན། ཉེ་ཆར་ངས་ཉི་ཧོང་ཨོ་ཐ་ནེས་མཐོ་སློབ་ཁང་དང་ཀུ་ཤུ་གློག་ཀླད་བཟོ་གྲྭ་གཉིས་དང་མཉམ་འབྲེལ་ཐོག ཡུན་རིང་ཚོད་ལྟ་བྱས་པ་བརྒྱུད་ད་ལྟ་སྨོན་ལམ་བོད་ཡིག་གསུམ་པ་དེང་རབས་ཀྱི་ཐོན་རྫས་གསར་བ་ iphone དང་ ipad དང་ ipod  བཅས་སུ་ནང་འཇུག་ལེགས་འགྲུབ་བྱུང་ཡོད་པས། འཕྲུལ་ཆས་འདིའི་རིགས་ནང་ད་ནས་བཟུང་བོད་ཡིག་བེད་སྤྱོད་གཏོང་རྒྱུར་དཀའ་ངལ་གང་ཡང་མེད་ཅེས་དང་། མཉེན་ཆས་དེ་དག་ནང་བོད་ཡིག་ལེགས་འགྲུབ་བྱུང་སྟབས། རྗེས་ཕྱོགས་ iphone ཁ་པར་ནང་ཡིག་ཆ་བསྔོག་པ་དང་དྲ་རྒྱ་བསྔོག་པ། ཡིག་ཆ་ཡར་མར་ཕབ་ལེན་བྱེད་པ་སོགས་བྱེད་ཐུབ་ཀྱིན་ཡོད། དེར་བརྟེན་དེས་གློག་ཀླད་ལྟར་བོད་ཡིག་དྲ་རྒྱ་སོགས་སྤྱོད་རྒྱུར་ཧ་ཅང་གི་སྟབས་བདེ་བོ་ཆགས་ཡོད་པས། སྤྱི་ཡོངས་ཀྱི་ཆ་ནས་འདིས་མ་འོངས་པར་ང་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཅེས་གདེང་ཚོད་ཆེན་པོས་གསུངས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།