གལ་ཏེ་ཁྱེད་རང་ང་ལ་དགའ་ན།

གྲོགས་མོ་ཞིག་ལ་མཚར་གཏམ་གྱི་ཚུལ་དུ།
གལ་ཏེ་ཁྱེད་རང་ང་ལ་དགའ་ན་དཀྱུས་རིང་འདྲེན་བྱེད་ཟུར་གྱིས་ལྟོས།།
གངས་དཀར་སེམས་ཀྱི་དབང་རྩའི་སྦུབས་སུ་ཁོ་བོའི་གཟུགས་རིས་གཏེར་དུ་སྦས།།
གར་སོང་འགྲོ་བའི་ལམ་བར་རེ་ནས་དྲན་པའི་རི་མོ་གཟུགས་སུ་སྒོམ།།
ང་རང་ཁྱོད་ལ་ཐོབ་པར་འདོད་ན་བརྩེ་དུང་ཟབ་མོའི་བདེན་དབང་དགོས།།

གལ་ཏེ་ཁྱེད་རང་ང་ལ་དགའ་ན་དགྱེས་འཛུམ་དྲོན་མོའི་ཐུ་འོག་ནས།།
ན་ཆུང་བུ་མོའི་གསང་བའི་སྒོ་མོ་ཁོ་བོ་དགྱེས་པའི་རྟེན་དུ་ཤོམས།།
སུ་དང་གང་གིས་ལོངས་སུ་མ་སྤྱོད་མ་སྨན་ལང་ཚོ་གསར་བ་ཉིད།།
ཡང་དག་དོན་གྱིས་ཁོ་བོ་དགའ་བའི་འདོད་པའི་ལོངས་སྤྱོད་དྭངས་མར་ངེས།།

གལ་ཏེ་ཁྱེད་རང་ང་ལ་དགའ་ན་གདོང་གི་སྐག་ཚོས་དབྱི་བར་གྱིས།།
ཁ་དང་ལག་སེན་ཚོན་གྱི་བཏུམས་པའི་བཅོས་མའི་གར་གྱིས་བདག་མི་ཚིམ།།
ལྷད་མེད་སེམས་ཀྱི་དུངས་ཀ་མེད་ན་བདག་ལ་མཐུན་པའི་རེ་བ་མེད།
གོས་དང་རྒྱན་གྱིས་འཁྱོར་སྒེག་ངོམ་པ་སྒྱུ་མའི་ཟློས་གྱིས་བདག་མི་མགུ།

གལ་ཏེ་ཁྱེད་རང་ང་ལ་དགའ་ན་ང་ཡི་གཤིས་ལ་རྒྱུན་ལོན་གྱིས།།
ཕྱི་ལ་འཇོན་པའི་རྒྱུ་ནོར་མེད་ཀྱང་ནང་ན་བརྩེ་བའི་ལེགས་སྐྱེས་ཡོད།
ཡ་ཆུང་སྙིང་གི་ཟུངས་ཁྲག་རྒྱུ་བ་གསང་བའི་གྲོང་ཚོ་རེ་རེ་ན།།
ཁྱེད་ལ་དུང་བའི་མངར་ཁ་སྟེར་བའི་ཅི་འདོད་ནོར་བུ་དགའ་འཁྱིལ་ཡོད།།
༼རང་ཉིད་གླེང་བ༽

ཁོ་བོའི་ཁ་ན་ཚིག་སྙན་མེད་ཀྱང་གཡོ་སྒྱུ་ཝ་མོའི་ཟློས་གར་མེད།།
ཕྱི་ཡི་ལུས་བོའི་ཟོ་མདོག་རྩུབ་ཀྱང་ནང་གི་ཀུན་སློང་བལ་ལས་འཇམ།།
ཟློས་གར་སྙན་ཚིག་རོ་འཛིན་མེད་ཀྱང་ཚིག་གསུམ་གཏམ་ལ་རིན་ཐང་ཡོད།།
རིག་པའི་གཞུང་ལ་མཁྱེན་རྒྱ་མེད་ཀྱང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཡོད།།

ཕྱི་ལ་འཇོན་པའི་རྒྱུ་ནོར་མེད་ཀྱང་ནང་ན་མི་རིགས་ལ་རྒྱ་ཡོད།།
སྤྱི་དོན་བསྒྲུབས་པའི་གོ་གནས་མེད་ཀྱང་དམངས་ལ་བརྩེ་བའི་སེམས་པ་དཀར།།
སྟོབས་དང་འབྱོར་བ་སྟོན་རྒྱུ་མེད་ཀྱང་རང་ནུས་འཇོན་པའི་གདེངས་ཚོད་ཡོད།།
རྒྱ་ཆེན་དམིགས་ཡུལ་བགྲང་རྒྱུ་མེད་ཀྱང་བསྒྲུབས་རྒྱུའི་ལས་དོན་ཅུང་ཙམ་ཡོད།།

དྲང་བདེན་སྐྱོང་བའི་སྤྱི་ཚོགས་མེད་ཀྱང་སྡོད་སའི་འཁོར་ཡུག་ཆུང་ཆུང་ཡོད།།
ཕྱི་ན་འགྲོ་སའི་རྒྱལ་ཁབ་མེད་ཀྱང་ནང་ལ་ཕ་མ་སྤུན་ཟླ་ཡོད།།
ས་མཐར་ཉུལ་བའི་འཁྱམས་པོ་ཡིན་ཡང་འཚོ་བའི་ཉམས་མྱོང་རྒྱུས་ལོན་ཡོད།།
གནས་ལུགས་ཡོད་ཚད་རྟོགས་མྱོང་མེད་ཀྱང་གང་ཞིག་བཤད་ཀྱང་བརྗོད་བྱ་ཡོད།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ང་རང་རྟག་པར་ཁྱོད་ལུ་དགའ་བ་ཡོད་ རྣམ་བསྐོས་ཡོངས་གི་རེད་ ངེས་ཁྱེད་ལ་ཡིག་འཕྲིན་བསྐུར་བ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།