དུད་འགྲོ་དང་འཇིག་རྟེན།

animailདུད་འགྲོའི་རང་དབང་ཚོགས་ཆུང་གི་འགྲན་རྩོམ་ཐོག་སྤེལ། དེང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཐོབ་ཐང་དང་རང་དབང་གི་འགྲན་རྩོད་བསྟུད་མར་བྱེད་ཅིང་ཚན་རིག་དང་མཐུན་པའི་མིའི་བསམ་བློའི་ཤེས་རིག་གོང་འཕེལ་དུ་འགྲོ་དང་འགྲོ་བཞིན་པའི་སྐབས་འདིར་ཡང་དུད་འགྲོའི་རང་དབང་ཚོགས་ཆུང་ཟེར་བ་ཞིག་གིས་བརྙན་འཁོར་དང་བརྙན་དེབ་གང་རུང་བརྒྱུད་འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཉེས་མེད་དུད་འགྲོ་ཚོའི་ཚབ་བྱས་ཏེ་ཚེ་སྲོག་གི་རང་དབང་དགོས་ཚུལ་དང༌།

ཤ་ཟོས་པའི་ཉེས་དམིགས་སོགས་གསལ་འདེབས་དང་རེ་འདོད་མཛད་མུས་ལ། བདག་སྔོན་ནས་རྗེས་སུ་ཡི་རངས་ཀྱི་འདུན་པ་ཤུགས་དྲག་ཡོད་ན་ཡང་ཁོར་ཡུག་དང་སྦྱིན་ལུགས་ཀྱི་དབང་གིས་ད་བར་དུ་འདིའི་སྐོར་ལ་བསམ་ཚུལ་ཞིག་འདོན་རྒྱུ་བྱུང་མ་སོང༌། ད་ཐེངས་འགྲན་རྩོམ་འདིས་གླེང་སློང་བ་ལ་བརྟེན་ནས་གཟུར་གནས་དཔྱོད་ལྡན་དག་གི་སྤྱན་ལམ་དུ་བསམ་ཚུལ་ཕྲན་བུ་ཞིག་གི་གླེང་སྟེགས་འདི་དྲི་མེད་ཀྱི་ལྷ་རྫས་ཤིག་གི་ཚབ་ཏུ་ཐོག་མར་འཇོག
འཁོར་ཡུག་སྲུང་སྐྱོབ་ལ་གནོདཔ།
ཡ་ཐོག་བསྐལ་བ་ནས་མི་རྣམས་ནི་སྲོག་ཆགས་གཞན་དང་ཁྱད་པར་མེད་པར་འཚོ་བཞིན་ཡོད་ནའང་བར་སྐབས་དུས་རབས་ཀྱི་འགྱུར་འགྲོས་དང་བསྡུར་ནས། མི་རྣམས་ནི་སྲོག་ཆགས་གཞན་ལས་སྟོབས་དང་རིག་པ་གྲུང་བོ་ཡོད་པས་འཇིག་རྟེན་དབང་དུ་བྱས་ཤིང་སྲོག་ཆགས་གཞན་རྣམས་ཀྱི་ཤ་ཟ་བ་དང་བཀོལ་སྤྱོད་ཀྱི་ལས་སྣ་ཚོགས་བྱེད་ཤེས་པའི་ཐབས་རྩལ་ལྡན། རྡོ་ཆས་རྙིང་མའི་དུས་རབས་ནས་བཟུང་མི་རྣམས་ཀྱིས་ས་སྟེང་གི་སྲོག་ཆགས་བསད་ནས་ཁ་ཟས་བྱས་པ་རེད། འོན་ཀྱང་མིའི་གྲངས་འབོར་ཧ་ཅང་མང་པོ་མེད་པའི་རྐྱེན་གྱིས་སྐབས་དེའི་ས་སྟེང་གི་སྲོག་ཆགས་རྩ་སྟོངས་སུ་སོང་མེད་པ་ཡིན། བར་སྐབས་ཤིག་བོད་ས་ཁུལ་དུ་མཚོན་ན་ལོ་ངོ་དྲུག་སྟོང་ལྷག་གི་སྔོན་ནས་རི་དྭགས་རྣམས་གཡུང་ལ་ཕབས་ཏེ་སྒོ་ཕྱུགས་བྱས་ཤིང༌། སྲོག་ཆགས་དུད་འགྲོ་རྣམས་བཀོད་སྤྱོད་དང་ཁ་ཟས་བྱེད་འགོ་ཚུགས་པ་རེད། འདི་ལྟར་ཁ་ཟས་དང་བཀོལ་སྤྱོད་རྒྱུན་རིང་སོང་མཐར་ས་སྟེང་གི་གཅན་གཟན་དང་རི་དྭགས་རྣམས་གྲངས་ཉུང་བར་སོང་བ་རེད། ད་དུང་སྔོན་གྱི་མི་རྣམས་ནི་སྲོག་ཆགས་ཀྱི་ཤ་ཟ་བའི་ཕྱིར་གསོད་པ་གཅིག་པུ་མ་ཡིན་པར་རྔོན་རྒྱག་གི་ལས་བྱེད་མཁན་ནི་བརྒྱ་ཆའི་ལྔ་བཅུ་ཙམ་ཟིན་པ་རེད། དེ་ལྟར་བྱས་པའི་མཇུག་འབྲས་ཀྱིས་བོད་ས་ཁུལ་དུ་རི་དྭགས་དང་གཅན་གཟན་གྱི་གྲངས་འབོར་ཉུང་དུ་ཕྱིན་པ་རེད། ཚུལ་འདི་དག་ལ་དགོངས་ཏེ་བོད་སིལ་བུའི་སྐབས་གཙང་བ་སྡེ་སྲིད་བསྟན་སྐྱོང་དབང་བོའི་ཞལ་ལྕེ་བཅུ་དྲུག་དང་༧གོང་ས་ལྔ་བ་ཆེན་མོའི་ཞལ་ལྕེ་བཅུ་གསུམ་ནང་དུ་ས་ཐོག་གི་གཅན་གཟན་རི་དྭགས་སྲུང་སྐྱོབ་བྱེད་དགོས་པའི་ཁྲིམས་ཡིག་གཏན་འབེབས་བྱས་ཡོད། དེ་ནི་སྔོན་གྱི་མི་རྣམས་ཀྱིས་རྔོན་རྒྱག་དང་སྲོག་ཆགས་གཡུང་བཀོལ་བྱས་དྲག་པས་མཐའ་འབྲས་བྱུང་བ་རེད། རི་དྭགས་སྲོག་ཆགས་དོན་མེད་གསོད་པ་དང་གཡུང་བཀོད་བྱས་བའི་མཐའ་འབྲས་ནི་འཛམ་གླིང་མི་དམངས་ལ་བློ་འཚུབ་སྐྱེ་དགོས་བའི་གནས་སུ་གྱུར་པ་རེད། དཔེར་ན་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་ནང་གསར་འགོད་པ་དང་ཚན་རིག་པ། དེ་བཞིན་མི་སྣ་གྲགས་ཅན་མང་པོས་འཁོར་ཡུག་སྲུང་སྐྱོབ་ཐད་བསམ་ཚུལ་མང་པོ་བཏོན་ཅིང༌། རང་བྱུང་འཁོར་ཡུག་ཐེབས་རྩ་དང༌། རྒྱལ་སྤྱིའི་སྲོག་ཆགས་ཐེབས་རྩ། འཛམ་གླིང་འཁོར་ཡུག་མཉམ་འབྲེལ་ཐེབས་རྩ་སོགས་གསར་འཛུགས་གནང་ཞིང༌། སྤྱི་ལོ་ ༡༩༦༠ ལོར་སྟོངས་སུ་ཉེ་བའི་རྩ་ཆེའི་རི་དྭགས་སྲུང་སྐྱོབ་དང་སྐྱེ་དངོས་སྲུང་སྐྱོབ་སྐོར་གྱི་རྒྱལ་སྤྱིའི་ཆིངས་ཡིག་འཇོག་རྒྱུར་གྲོས་འགོ་བཏོན་ཡོད། ལོ་རབས་བདུན་བཅུ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐད་ཨ་རི་དང་ཡོ་རོབ་གླིང་དུ་རྔམ་སྟོན་ཁྲོམ་སྐོར་བྱུང་ཡོད་ལ། སྤྱི་ལོ་ ༡༩༧༠ ལོའི་སྤྱི་ཟླ་ ༤ ཚེས་ ༢༢ ཉིན་༼འཛམ་གླིང་ས་དཀྱིལ་ཉིན་མོ་༽།ཞེས་པའི་དུས་སྟོན་ལས་འགུལ་ནང་སློབ་གྲྭ་ ༢༥༠༠ ཙམ་དང༌། རྒྱལ་ཚོགས་ཀྱི་ཚོགས་མི་དང༌། ལས་བཟོ་པ། སློབ་མ་བཅས་མི་གྲངས་བྱེ་བ་གསུམ་ཙམ་ཞུགས་ཡོད། འདི་ནི་མི་རབས་ཀྱི་མངོན་འདོད་དང་རི་སྐྱེས་སྲོག་ཆགས་སྟོངས་སུ་འགྲོ་བཞིན་པའི་གནས་སྟངས་གསལ་འདོན་བྱས་ཡོད། རི་སྐྱེས་སྲོག་ཆགས་ནི་ས་གཞིའི་སྟེང་གི་དངོས་པོ་རྩ་ཆེན་ཡིན་པ་མ་ཟད། ཁོང་ཚོའི་སྐྱག་བྲུན་དང་རྩིད་ཁུལ་སོགས་ཀྱིས་ཀྱང་ས་གཞིའི་དངོས་བཅུད་ཡོད་ཚད་མཁོ་འདོན་བྱེད་ཐུབ་ཀྱི་ཡོད། དེར་མ་ཟད་སྤུ་དང་རུས་ཀོག་དང་རྭ་ཅོ་སོགས་ས་གཞི་རུ་འཐིམས་ཚེ་དེ་བས་སྟོབས་འཕར་གྱིས་སའི་བཅུད་འཕེལ་ཞིང་རྩི་ཤིང་ནགས་ཚལ་རྒྱས་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ཡིན། རྩི་ཤིང་ནགས་ཚལ་ནི་མཚར་ལོངས་སྟོབས་འཕེལ་བྱུང་མིན་རྒྱུ་ལུད་རྫས་ལ་རག་ལས་ཡོད་པས། ས་གཞིའི་སྟེང་དུ་རི་དྭགས་སེམས་ཅན་གྱི་སྐྱག་བྲུན་མང་པོ་བབས་པས་བརྒྱ་ཆ་བདུན་ཅུ་ཙམ་འཕེལ་འགྱུར་མགྱོགས་ཤིང་ས་བཅུད་འཕེལ་བ་ཡིན། ད་དུང་ནད་ཡམས་དང་མཁའ་རླུང་མི་གཙང་བའི་རིགས་འགོག་ཐུབ་པ་དང་ཆར་རླུང་དང་ཚ་གདུང་སེལ་བའི་ནུས་པ་ནི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལས་གཞན་གང་གིས་ཀྱང་སེལ་ཐུབ་པའི་ནུས་པ་མེད། དེ་བས་ང་ཚོའི་གཅེས་སུ་འོས་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་འགན་ནི་འཛམ་གླིང་མི་དམངས་ཚང་མས་འགན་འཁུར་དགོས་པ་ཡིན། འདི་ནི་ལུང་པ་གཅིག་གི་ཉེན་ཚབ་ཀྱི་གནས་ཚུལ་མ་ཡིན་པར་འཛམ་གླིང་མི་དམངས་ཚང་མས་དོ་སྣང་དང་ཡིད་གཟབ་བྱེད་དགོས་པ་རེད། ཇི་ལྟར་ཞེ་ན་ང་ཚོ་སྡོད་སའི་ལུང་པ་ནི་ས་ཡི་གོ་ལའི་སྐར་མ་འདི་ཉིད་ཡིན་ཞིང༌། གལ་སྲིད་སྐར་མ་འདིའི་ཚེ་སྲོག་ལ་རྐྱེན་ངན་འཕྲད་ཚེ། འཛམ་གླིང་མི་དམངས་ལ་རྐྱེན་ངན་འཕྲད་ངེས་རེད་ལ། རང་སོ་སོ་སྡོད་སའི་ལུང་པ་ཡང་འཕྲོ་བརླགས་སུ་འགྲོ་ངེས་རེད། དེས་ན་ང་ཚོས་ངེས་པར་དུ་གཅེས་སུ་འོས་པའི་སྲོག་ཆགས་སྲུང་སྐྱོབ་བྱེད་དགོས་པ་ནི་འཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འོས་འགན་ཡིན།།
གཅིག དུད་འགྲོ་སྲུང་སྐྱོབ་ནི་འགྲོ་བ་མིའི་རིགས་ཀྱི་ལས་འགན་ཡིན།
འཛམ་གླིང་གོ་ལ་འདི་གཅིག་པུ་མ་ཡིན་པར་ང་ཚོའི་ཚན་རིག་པདང་འགྲོ་བ་མི་ཐུན་མོང་ལ་སྣང་བ་ད་ངམི་སྣང་བའི་འཇིག་རྟེན་མང་པོ་ཡོད་ལ་དེའི་ནང་འཚོ་སྡོད་བྱེད་པའི་སེམས་ཅན་ཆེས་མང་ཤོས་ནི་དུད་འགྲོའི་རིགས་ཡིན་ཞིང༌། དེ་ཡང་དུད་འགྲོ་རྣམས་ནི་རིགས་མང་ཞིང་འབྱུང་ཁུངས་གཙོ་བོ་ནི་རྒྱ་མཚོ་ཡིན་ལ་སྐམ་སར་ཡོད་པའི་དུད་འགྲོ་རྣམས་ནི་དུད་འགྲོ་ཁ་འཐོར་བ་རེད། དུད་འགྲོ་ནི་འབྱམས་ཀླས་ཤིང་མུ་མེད་པ་རྡུལ་གྱི་གྲངས་དང་མཉམ་པ་ཡོད་ལ། ཚན་རིག་པས་ནི་རྒྱ་མཚོའི་ནང་དུ་འཚོ་བའི་སེམས་ཅན་ལ་རིགས་བཀར་ན་ཁྲི་ཕྲག་ལྔ་ཙམ་ལས་བཀར་ཐུབ་མེད། ད་དུང་རི་རབ་དང་བྲག་རྡོ་སོགས་ཀྱི་ཁོང་གསེང་དུ་འཚོ་བའི་སེམས་ཅན་ནི་བགྲང་དུ་མེད་པ་ཡོད་ལ། ཧ་ཅང་གཟུགས་ཅན་ཆུང་བའི་མཐར་ཐུག་པ་རྣམས་ནི་བར་སྣང་གི་ཁམས་ཀུན་ལ་ཁྱབ་ནས་ཡོད་ལ་དེ་དག་ནི་སངས་རྒྱས་ཀྱི་ཡི་ཤེས་མ་གཏོགས་སུ་གང་གིས་མཐོང་མི་ཐུབ། གཞན་མཁའ་རླུང་དང་ཆུ་ནང་དུ་གནས་པའི་ཅུང་ཙམ་རགས་པའི་གཟུགས་ཅན་པ་རྣམས་ནི་ཚན་རིག་པའི་ཕྲ་མཐོང་ཆེ་ཤེལ་གྱིས་མཐོང་ཐུབ་པ་མ་གཏོགས། ང་ཚོ་འགྲོ་མི་ཐུན་མོང་གིས་ཉི་ཟེར་རྡུལ་གྱི་བོངས་ཚོད་ཀྱི་སེམས་ཅན་མ་གཏོགས་དེ་ལས་ཆུང་བ་རྣམས་མཐོང་མི་ཐུབ། དེ་ལ་དུད་འགྲོ་རྣམས་ནི་འགྲོ་བ་རིགས་དྲུག་གི་ཁོངས་གཏོགས་ཡིན་པས་ན་ཁོ་ཚོས་མི་ཚེའི་བགྲོད་སྟངས་དང་ཚོར་བ་བདེ་སྡུག་བཏང་སྙོམས་སོགས་ཀྱང་རྐང་གཉིས་མི་ལ་ཇི་ལྟར་ཡོད་པ་ནང་བཞིན་ཡོད་ལ། འབུ་སྲིན་གྲོ་མ་་ཚུན་ཆད་ལ་ངར་འཛིན་གྱི་རྣམ་རྟོག་རང་སྐྱ་བ་རེས་དབང་པོའི་སྒོ་ཀུན་ཡོངས་སུ་བཟུང་ཞིང༌། གཤེ་བ་དང་རྡེག་པ་སོགས་ཀྱིས་མནར་ཚེ་སེམས་ལ་སྡུག་བསྔལ་འབྱུང་བ་དང་གཅེས་གཉོར་དང་བདག་སྲུང་བྱས་ཚེ་སེམས་ལ་བདེ་བ་འབྱུང་བ་ནི་ང་ཚོ་འགྲོ་བ་ཀུན་གཅིག་མཚུངས་ཡིན། ད་དུང་གཡང་སར་ལྷུར་ཉེན་བྱུང་བ་དང་ཆུ་ཆེན་སོགས་ཀྱིས་ཉེན་ལ་ཐུག་ཚེ་ང་ཚོ་མི་ནང་བཞིན་འཇིགས་སྔངས་དང་སེམས་འཚུབས་ལངས་བ་ནི་ང་ཚོ་ལ་མཐོང་ཆོས་མྱོང་འགྱུར་རེད། ད་དུང་ནགས་ཁྲོད་ཀྱི་དུད་འགྲོ་རྣམས་ནི་རི་དྭགས་རྔོན་པ་དང་འཕྲད་ཚེ་སྐྲག་སྣང་དང་བཅས་ཏེ་གནས་ངེས་མེད་དུ་བྲོས་པ་དང་སྲིག་འཚོ་ཐབས་ཀྱི་ཆེད་ནགས་ཤིང་དང་གང་ཕུགས་སོགས་སུ་སྐྱོབས་འཚོལ་བ་ལ་ལྟོས་དང་ཁོ་ཚོ་ཡང་འགྲོ་བ་མི་དང་འདྲ་བར་རིགས་མཐུན་ལ་བརྡ་སྟོན་བྱེད་ཀྱི་ངག་སྒྲ་རང་མཚན་པ་རེད་ཡོད་པ་མ་ཟད་མིག་རིག་རིག་དང་རྣ་བ་ཅོར་ཅོར་བྱེད་སྐབས་ཀྱི་རྣམ་འགྱུར་ལས་ཕན་ཚུན་ལ་མཐུན་ལམ་དང་རོགས་རམ་སོགས་བསམ་བློ་མ་འདྲ་བ་རེད་ཡོད་པའང་དཔོག་ཐུབ། དེ་བས་ང་ཚོས་ངེས་པར་དུ་ཁོ་ཚོ་ལ་གནོད་པ་བྱེད་མི་རུང་ཞིང་ཐོབ་ཐང་དང་རང་དབང་འདྲ་མཉམ་ཡོང་དགོས་པ་དེ་ཡིན། འཇིག་རྟེན་གྱི་ཁམས་འདི་ཡང་ང་ཚོ་མིའི་འཁོར་ཡུག་དང་སྡོད་གནས་གཅིག་པུ་མ་ཡིན་པར་དུད་འགྲོའི་སྡོད་གནས་ཀྱང་ཡིན་ལ། འཇིག་རྟེན་གྱི་སྐྱིད་དགའ་ལོངས་སྤྱོད་ཐམས་ཅད་ཡང་མི་དང་དུད་འགྲོ་གཉིས་ཀར་དབང་དགོས་པ་མ་ཟད། དར་ཚུལ་དང་འཕེལ་རིམ་གྱི་ཆ་ནས་ཀྱང་འགྲོ་བ་མིའི་རིགས་མ་དར་བའི་ཡར་སྔོན་ནས་ཁོ་ཚོ་དར་བ་ཡིན་ལ། དུས་རབས་ཀྱི་ཆ་ནས་བཤད་ན་ང་ཚོའི་མེས་པོར་བརྩིས་ཆོག འཇོན་ཐང་དང་འཕེལ་རྒྱས་ཀྱི་དབང་གིས་ཁོ་ཚོ་ནི་འགྲོ་བ་མིའི་རིགས་ཀྱི་བྲན་གཡོག་དང་ཁ་ཟས་ལྟ་བུར་གྱུར་ན་ཡང༌། འཚོ་གནས་བདེ་སྐྱིད་ནི་ཁོ་ཚོ་ལ་ཡང་ངེས་པར་མཁོ་བ་ཡིན་མོད། ང་ཚོས་ཁོ་ཚོའི་རང་དབང་གི་བདེ་སྐྱིད་འཕྲོག་པ་མ་ཟད་བཙན་གནོན་དང་བཀོལ་སྤྱད་ཀྱི་ལས་འབའ་ཞིག་བྱེད་བཞིན་ཡོད། ལར་བདག་ནས་འབོད་སྐུལ་ཞུ་རྒྱུ་ནི་དུད་འགྲོ་རྣམས་ནི་ང་ཚོ་ལྟར་ཆགས་སྡང་ཅན་དང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ཕྱིན་ཁོ་ཚོ་ལ་ཕན་པ་མ་བསྒྲུབ་ན་ཡང་གནོད་པ་སྐྱེལ་མི་རུང་བ་ཤེས་དགོས། ང་ཚོས་རང་ལ་ཆ་ཞོག་དང་སྲོག་ཉེན་ལ་ཐུག་ཚེ་ཉེ་དུ་དང་འཇིག་རྟེན་གྱི་སྐྱིད་དགའ་ལོངས་སྤྱོད་ལ་སེམས་འཁྲེངས་ནས་མིག་མཆི་མས་བརྣངས་པ་དང་སྨྲེ་ངག་དང་འོ་དོད་འབོད་པ་བཞིན། ཁོ་ཚོ་ལ་ཡང་ཕྲུ་གུ་དང་ཕ་མའི་བརྩེ་མདང་ལོས་ཀྱང་ཡོད་ལ་སྲོག་ལས་གཅེས་བ་ཞིག་དེ་བས་མེད་ན། ང་ཚོས་བསམ་བཞིན་ཚེ་སྲོག་བཅད་ནས་ཕ་མ་དང་ཕྲུ་གུ་ཁ་གཏོར་ཏེ་ཁ་ཟས་བྱེད་པ་དང་ཕྲུ་གུ་དང་ཕ་མའི་བར་སྡུག་བསྔལ་ཚབ་ཆེན་བྱེད་དུ་འཇུག་པ་དང༌། ཉེས་མེད་ཀྱི་རྩ་གཟན་ཚོ་རི་ལས་ཕབ་ཏེ་སྐེ་གསོན་འབྲེག་བྱེད་པ་ལ་དོན་དངོས་གནས་ལུགས་ཤིག་བགྲང་རྒྱུ་ག་ལ་ཡོད། དེས་ན་མི་རེ་རེར་དུད་འགྲོ་སྲུང་སྐྱོབ་ཀྱི་ལས་འགན་ཡོད་ལ། ཁོ་ཚོ་ལ་ཕན་པ་མ་བསྒྲུབ་ན་ཡང་གནོད་པ་མི་སྐྱེལ་བ་བྱེད་དགོས་པ་འཇིག་རྟེན་འདིའི་སྟེང་གི་གོམས་སྲོལ་དང་བོར་བརྩི་དགོས། སྡོད་སའི་ཇིག་རྟེན་འདི་ཡང་འགྲོ་བ་རིགས་དྲུག་ཐུན་མོང་གི་འཚོ་གནས་ཡིན་པ་ལས། མིའི་འགྲོ་བ་གཅིག་པུ་ལ་བཞེངས་བཀོད་པ་མིན་ལ། འགྲོ་བ་མིའི་རིགས་གཅིག་པུས་དབང་བསྒྱུར་བྱེད་དགོས་པའི་འཚོ་གནས་ཀྱང་དེ་བས་མིན། ཁོ་ཚོ་ཡང་ང་ཚོ་མི་དང་འདྲ་བར་བདེ་སྐྱིད་དང་འཇིག་རྟེན་མཐུན་འཇུག་གི་འཚོ་གནས་དབང་དགོས་པ་ཡིན་ལ། ཁོ་ཚོར་ད་དུང་སྲུང་སྐྱོབ་དང་རང་དབང་གི་ཐོབ་ཐང་སྤྲོད་རྒྱུ་ནི་གནས་ལུགས་ཀྱི་དྭངས་མ་རེད།

ང་ཚོའི་འཛམ་པོའི་གླིང་འདིར་གཅིག་ལ་གཅིག་བརྟེན་གྱི་སྲོལ་རྒྱུན་དང་བཙན་པོར་མགོ་གནོན་དང་གཉོམ་ཆུང་ལ་ཡང་འཐེན་བྱེ་རྒྱུའི་ལམ་ལུགས་ཤིག་དགོས་ཕྱིན། ཉམ་ཆུང་དུད་འགྲོའི་རིགས་ལ་བདག་སྐྱོང་དང་ཐོབ་ཐང་སྤྲོད་རྒྱུ་ལས་སྲོག་གཅོད་དང་ཁ་ཟས་བྱེད་མི་འོས་ཞིང་འཇིག་རྟེན་གྱི་མི་ཚང་མ་ཉམ་ཐག་དུད་འགྲོ་རྣམས་ལ་རང་དབང་གི་ཐོབ་ཐང་སྤྲད་རྒྱུ་དང་སྲུང་སྐྱོབ་བྱེད་རྒྱུའི་ལོས་འགན་ཀྱང་འཁུར་དགོས་པ་ཡིན།
གཉིས།  རང་ལས་གཞན་གཅེས་དགོས་ཚུལ།
རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོའི་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་རྣམས་རྣམ་གྲོལ་གྱི་ལམ་ལ་བཀོད་ཏེ། ང་ཚོ་འཇིག་རྟེན་གྱི་ཁམས་ཀྱི་འགྲོ་བ་སེམས་ཅན་སྤྱི་ལ་ཐག་པ་ཆེན་པོའི་ཆོས་ཇི་སྙེད་ཅིག་བཀའ་བརྩལ་ཞིང་སྐྱབས་འགྲོ་དང་བདེན་བཞིའི་འཇུག་ལྡོག་གི་ལམ་ནས་ལས་རྒྱུ་འབྲས་དང་འབྲས་བུ་སྐུ་གཉིས་དང་བདག་གཞན་མཉམ་བརྗེ་སོགས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕབ་ཏེ་འཇིག་རྟེན་གྱི་ཁམས་འདིར་ཞི་བདེ་དང་ལྷིང་འཇགས་ཀྱི་འཁོར་ཡུག་བསྐྲུན་ཡོད་ལ། དུས་རབས་ངེས་ཅན་ཞིག་ནས་བོད་ན་རྣམས་ནི་ལས་རྒྱུ་འབྲས་བརྩི་སྲུང་དང་ནང་ཆོས་ལ་དགའ་བའི་མི་རིགས་ཤིག་ཏུ་གྱུར་ཡོད་མོད། མགོ་མཇུག་མི་མཚུངས་པ་ཞིག་ནི་ཟོག་ལུག་ར་ཕག་སོག་སཀྱི་སྲོག་བཅད་ནས་ནམ་ཡང་དམར་ཟས་རྒྱུན་སྤྱོད་བྱེད་པ་འདི་རེད། སྤྱིར་ན་ནང་པའི་ཆོས་གཞུང་དུ་བདག་གཞན་མཉམ་བརྗེ་དང༌། སེམས་ཅན་ཐམས་ཅད་ལ་རང་གི་མ་ལྟ་བུའི་འདུ་ཤེས་བཞག་ནས་སེམས་ནས་སེམས་ཅན་ལ་ཕན་པ་བསྒྲུབ་དགོས་པ་ལས་གནོད་པ་བྱེད་མི་རུང་ཞིང་རང་ལས་གཞན་གཅེས་དགོས་ཚུལ་སོགས་གསུངས་ཡོད་དེ། དཔེར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ལས་ཀྱང༌། མ་གྱུར་འགྲོ་བའི་སྡུག་སྒྲིབ་སྡུག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང༌།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། ཞེས་དང་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་བཀའ་སློབ་ལས་ཀྱང༌། སྡོད་སའི་ལུང་པ་འདིའིནང་གཅིག་གི་གཅིག་ལ་གུས་བརྩེ་དགའ་ཞེན་དང་ཤ་ཚའི་བསམ་བློ་དེ་བརླག་ཚེ་མི་ཚེ་སྙིང་པོ་མེད་པར་འགྱུར་རྒྱུའི་ཉེན་ཁ་ཡོད། ཞེས་སོགས་གསུངས་བ་འདི་དག་ང་ཚོའི་ཁུངས་ལུང་གི་ཡིག་ཆ་རེད། ཡང་གཅིག་བཤད་ན་འཇིག་རྟེན་གྱི་ཁམས་འདིར་མི་དང་མིའི་བར་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་མི་དང་དུད་འགྲོའི་བར་གང་ཡིན་ཀྱང་རང་ལས་གཞན་གཅེས་པར་འཛིན་པའི་བསམ་བློ་ཞིག་ཡོད་ཚེ། གནས་དེར་ཞི་བདེ་དང་དྲང་བདེན་གྱི་འཚོ་གནས་ཤིག་ཡོད་ལ། བདེ་སྐྱིད་དང་སྤྲོ་སྣང་གི་འཚོ་གནས་ཤིག་ངེས་བར་ཡོད་པ་ཡིན། གཞན་གྱི་ཕུན་ཚོགས་དང་གཞན་གྱི་འཚོ་གནས་ནི་རང་གཞན་གཉིས་ལ་དབང་ཞིང་གཞན་གྱི་སྟོབས་འབྱོར་དང་མངའ་ཐང་མེད་ན་རང་གི་ཕུན་ཚོགས་ཀྱང་རྒྱས་མི་སྲིད། དེའི་ཕྱིར་རང་གི་འཚོ་གནས་ནི་གཞན་གྱི་རམ་འདེགས་ལ་བརྟེན་ཞིང༌། གཞན་ཐམས་ཅད་ཉམས་དམུས་སུ་སོང་བས་རང་ཉམས་དམས་སུ་འགྲོ་བ་ཆོས་ཉིད་ཡིན། དཔེར་ན། དུད་ཁྱིམ་གཅིག་ལ་ཆ་བཞག་ན་ནང་མི་ཚང་མའི་དོན་དེ་རང་གི་དོན་ཀྱང་ཡིན་ལ་ནང་མི་ཚང་མིའི་དོན་མ་འཁྱོངས་ན་རང་ཡང་སྐྱིད་པོ་ཡོང་ཐབས་མེད་པ་དང༌། ནང་མི་ཚོ་བདེ་པོ་ཆགས་ན་རང་ཡང་སྐྱིད་པོ་ཡོང་བ་ནང་བཞིན་ཡིན། དེ་ལྟར་ཁྱིམ་མི་ནས་རྒྱལ་ཁབ་དང༌། དེ་ལས་འཛམ་པོའི་གླིང༌། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་གང་དུ་སྐྱེས་ཀྱང་ཕན་ཚུན་ལ་མཐུན་པོ་དང༌། གཞན་གཅེས་སྐྱོང་བྱེད་དགོས་པས་ན་ང་ཚོས་རང་གཅིག་པའི་ཁེ་ཕན་གྱི་ཆེད་དུ་ཉམ་ཐག་དུད་འགྲོ་ཚོའི་འཚོ་གནས་ལ་རྒོལ་བ་ནི་ཆས་མི་མཛེས་པ་དང་གནས་ལུགས་མེད་པ་ཞིག་ཡིན་པ་སྨྲས་མེད་རེད།
གསུམ། བྱམས་སྙིང་རྗེ་ནི་མེད་དུ་མི་རུང་བའི་དངོས་པོ་རེད།
འཇིག་རྟེན་གྱི་ཁམས་འདིར་འཚོ་སྡོད་བྱེད་པའི་འགྲོ་བ་སུ་ཡིན་ཀྱང་ཕན་ཚུན་ལ་བྱམས་སྐྱོང་དང་མཐུན་ལམ་གྱི་སྒོ་ནས་འདྲེས་ཟབ་དང་འདུས་སྡོད་བྱེད་ཐུབ་ཀྱི་ཡོད་པ་ལས། བཙན་གནོན་དང་འགྲན་སེམས་ཀྱིས་ཀུན་ནས་བསླངས་ཏེ་མཐུན་ལམ་ཡོངས་མི་ཐུབ་པ་དངོས་པོའི་གནས་ཚོད་ཡིན་ལ། གཅར་རྡུང་དང་བཙན་དབང་གི་འོག་ཏུ་འགྲོ་བ་སུ་ཡིན་ཀྱང་བདེ་སྣང་དང་སྤྲོ་སྣང་ཡོང་མི་སྲིད་ལ་ཕན་ཚུན་ལ་མཐུན་ལམ་དང་གུས་བརྩི་ཞིག་དེ་བས་ཀྱང་ཡོང་ག་ལ་སྲིད། གནས་ལུགསའདི་དག་གི་ཕྱིར་ན་ང་ཚོས་ཉམ་ཐག་དུད་འགྲོ་རྣམས་ཀྱི་སྲོག་དབང་ལ་རྒོལ་བ་ནི་བཙན་གནོན་དང་སྙིང་རྗེའི་འཁོར་ཡུག་བརླག་པ་ལས་བདེན་ལུགས་དང་འགྲེལ་བཤད་གཞན་བཤད་རྒྱུ་མེད་པ་རེད། སྤྱིར་སྒོ་ཕྱུགས་དང་ཉ་རིགས་ཀྱི་ཤ་ཟ་བ་དང་པགས་པ་གྱོན་པའི་སྲོལ་རྒྱུན་ནི་གནའ་སྔ་མོ་ནས་དར་བ་ཞིག་ཡིན་ནའང༌། ཤ་ཟ་བ་དང་པགས་པ་གྱོན་མཁན་ནི་ཕལ་ཆེར་བོད་པ་མ་གཏོགས་ཉུང་ཉུང་ཡིན་ཞིང་ཤ་གཟན་དང་རྩམ་གཟན་ཞེས་གནའ་བོའི་ཡིག་ཆ་དག་ཏུ་འཁོད་ཡོད་པར་གཞིག་ན་གནའ་རབས་ནས་ང་ཚོ་བོད་པ་རྣམས་ནི་ཤ་ལ་དགའ་ཞིང་ཁྲག་ལ་རོལ་མཁན་ཟིག་ཡིན་པ་ལས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཤ་ཟ་བའི་མི་རིགས་མང་པོ་མེད་པ་རེད། དེས་ན་ང་ཚོ་བོད་པ་རྣམས་ཀྱིས་ཕྱོགས་གཅིག་ནས་ནང་པ་སངས་རྒྱས་པའི་ཆོས་ཉམས་སུ་ལེན་ཞིང་གནས་ལུགས་དང་དྲང་བདེན་ལ་དགའ་ཡང་ཕྱོགས་གཅིག་ནས་དུད་འགྲོ་སྒོ་ཕྱུགས་མང་པོ་ཉར་ཏེ་འཛེམ་མེད་ངང་ཤ་དམར་ཟ་དང་ཁྲག་དམར་མཆོད་བྱེད་པ་ནི་ཆོས་ལུགས་པ་དང་ཚན་རིག་སུས་ཀྱང་འགྲེལ་བཤད་རྒྱག་མི་ཐུབ་པ་ཞིག་ཞགས་ཡོད། ཁ་ཅིག་བོད་པ་རྣམས་ནི་འཁོར་ཡུག་རི་སྒང་ཡིན་ཞིང་སྔོ་ཚོད་དང་འབྲུ་རིགས་ཀྱི་ཐོན་ཁུངས་མེད་རྐྱེན། ས་ཁོ་ན་ཟ་བའི་སྲོལ་བྱུང་བ་ཡིན་ཞེས་འགྲེལ་བཤད་བདེ་པོ་གནངས་ལགས་ནའང༌། དེ་ནི་གནའ་བོའི་སྤྱི་ཚོགས་ཀྱི་གོམས་སྲོལ་ལྟར་བཤད་འབྱོར་ན་ཡང༌། དེང་གི་སྤྱི་ཚོགས་དང་འཁོར་ཡུག་འདིའི་ཁྲོད་འོས་འཚམ་གྱི་སྐད་ཆ་མིན། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ལ་བསམ་ཀྱང༌། ཕན་ཚུན་ལ་བྱམས་པ་དང་བརྩེ་བ་འཛིན་དགོས་པ་ལས་འཚེ་བ་དང་གནོད་པ་བྱེད་མི་རུང་བ་ལྟོས་བཅས་ཀྱི་བགྲོད་ལམ་ཡིན། དཔེར་ན་སྒོ་ཕྱུགས་དང་སྒོ་ཁྱི་གང་ཞིག་ཡིན་ཀྱང་ཁོ་ཚོ་ལ་ཡང་བྱམས་པ་དང་གཅེས་སྐྱོང་མཁོ་ལ། སུ་ཞིག་གིས་རྡོ་དང་དབྱུ་གུས་རྡུང་ན་ཕྱིར་རྒོལ་ལན་སྤྲོད་པ་དང༌། བདག་སྐྱོང་དང་ཀ་ཟས་སྤྲད་པ་ཡིན་ན་ཚུར་རྣམ་འགྱུར་ཡག་པོ་སྟོན་ཞིང་མགོ་གུས་གུས་དང་ངག་ཞུམ་ཞུམ་བྱེད་པ་སོགས་ཀྱིས་ང་ཚོས་བྱམས་སྐྱོང་དང་སྙིང་རྗེའི་ནུས་མཐུ་སྟོན་དགོས་པ་ར་སྤརོད་པ་ཡིན། ད་དུང་འབུ་སྲིན་གློག་སྦུར་ནས་སེངྒེ་དང་གླང་ཆེན་སོགས་ལ་ཐུག་པའི་བར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ། བྱམས་ན་དགའ་ཞིང་སྡང་ན་མི་དགའ་བ། ཐོབ་ན་དགའལ་མ་ཐོབ་ན་མི་དགའ་བ། སྐྱིད་ན་འདོད་ཅིང་སྡིག་ན་མི་འདོད་པ་སྤྲོ་སྐྱིད་དང་རང་དབང་ལ་དགའ་ཞིང་བཙན་གནོན་དང་འཇིགས་སྐྲག་ལ་མི་དགའ་བ་ནི་ང་ཚོ་འགྲོ་བ་མི་དང་གཅིག་མཚུངས་ཡིན་པས། ང་ཚོས་དུས་ནམ་ཡང་ཁོ་ཚོའི་སྲོག་དབང་འཕྲོག་མི་རུང་པ་མ་ཟད་བྱམས་པ་དང་སྙིང་རྗེས་སྐྱོང་དགོས་ལ་འཛམ་གླིང་ཞི་བདེ་དང་འཁོར་ཡུག་བདག་སྐྱོང་གི་ལོས་འགན་དེ་བས་ཀྱང་འཁུར་དགོས་པ་ཡིན། དེས་ན་བྱམས་སྙིང་རྗེ་ནི་འཛམ་གླིང་ཞི་བདེ་འབྱུང་པའི་གཞི་རྩ་དང་འཇིག་རྟེན་གྱི་ཁམས་འདིར་རིང་ཐང་བྲལ་བའི་དངོས་པོ་རེད་ཅེས་བརྗོད་ཆོག དེའི་ཕྱིར་མི་སུ་ཡིན་ཡང་བྱམས་སྙིང་རྗེ་དང་འབྲལ་མི་རུང་ཞེས་སྡོམ་ཚིག་ཞིག་ཀྱང་བཀོད་དོ།
བཞི། བོད་ཀྱི་སྲོལ་རྒྱུན་ལྟར་དུད་འགྲོ་ལ་སྲུང་སྐྱོབ་བྱ་ཚུལ།
དུད་འགྲོ་རྣམས་ནི་ང་ཚོའི་འཇིག་རྟེན་འདིར་མེད་དུ་མེད་རུང་བའི་སྲོག་ཆགས་ཡིན་ལ། འཁོར་ཡུག་གི་མཛེས་པ་དང་བདོག་པ་རྩལ་ཆེ་ཞིག་ཀྱང་ཡིན། ད་དུང་ཚན་རིག་པས་ཞིག་འཇུག་ལྟར་ན་རི་སྐྱེས་སྲོག་ཆགས་དང་ཤིང་ནགས་སྐྱེ་དངོས་ཐམས་ཅད་སྲུང་སྐྱོབ་བྱེད་དགོས་ལ། ལོ་རེར་ནས་ལོ་རེར་ཆར་ཆུ་དུས་སུ་མི་སྙོམས་པ་དང་ཐན་པ་ཆེ་ཞིང་རྩི་བཅུད་མི་འཕེལ་བ། ག་ས་གང་དུ་ཆུ་ལོག་དང་མེ་སྐྱོན་འཆོར་བ་དང་རླུང་འཚུབ་ཀྱིས་གནོད་སྐྱོན་ཐེབ་པ་སོགས་ནི་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མ་བྱས་པའི་གནད་ལ་ཐུག་པ་ཡིན་ཚུལ་སོགས་འགྲེལ་བརྗོད་བྱས་ཡོད། དེས་ན་ང་ཚོས་དུད་འགྲོའི་རིགས་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་གཅེས་སྐྱོང་བྱ་དགོས་པ་ཡིན། ལྷག་པར་སྒེར་གཞུང་གང་རུང་གིས་གཉེར་བའི་བྱ་གསོ་རྭ་བ་སོགས་དང་ཕག་དང་བ་ཕྱུགས་ཀྱི་བཤས་རྭ་ཉར་བ་སོགས་རྩ་བ་ནས་མེད་པར་གཏོང་རྒྱུ་དང་ཆུ་ནང་དུ་ཉ་སྲམ་དང་རི་སྐྱེས་སྲོག་ཆགས་ལྐོག་གསོད་བྱེད་པ་དང༌། ཀོ་ལྤགས་ཀྱི་ཚོང་ལས་བྱེད་མཁན་ལ་ཉེས་ཆད་དྲག་པོ་གཅོད་རྒྱུ་དང༌། དེ་དག་རྩ་བ་ནས་མེད་པར་གཏོང་དགོས་པ་ཡིན། མི་སྒེར་དང་སྤྱི་གཞུང་བ་སུ་ཞིག་ཡིན་རུང༌། དེ་རིགས་ལ་དོ་སྣང་ཟབ་མོ་སྤྲད་དགོས་པ་ཡིན། འདས་བའི་ལོ་ངོ་འདི་དག་རིང་ལ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཉ་སྲམ་དང་གླང་ཆེན་གཟིག་ལ་སོགས་པའི་སྲོག་ཆགས་མང་པོ་ལྐོགས་གསོད་བྱེད་པ་དང་དེ་དག་གི་ཚོང་ལས་རྒྱ་ཆེན་གཉེར་མཁན་ད་དུང་ཨ་རི་དང་དབྱིན་ཇིའི་རྒྱལ་ཁབ་སོགས་སུ་དེ་དག་གིས་ལས་འཛེམས་མེ་བྱེད་པ། ལྷག་པར་རྒྱ་མིའི་ནང་ལོག་ཏུ་ཡང་དེ་རིགས་མང་པོ་གཉེར་ཡོད། ས་ཁུལ་ཀུན་ཏུ་ཡང་ཟོག་ལུག་གི་བཤས་རྭ་དང་ཀོ་ལྤགས་ཀྱི་ཚོང་ལས་བྱེད་མཁན་ཡང་མང་དུ་ཡོད། དེ་ལ་ཡང་ལ་ལས་ང་ཚོ་བོད་པ་རྣམས་ནི་རི་ཐང་ལུང་ཀོག་དུ་ཡོད་ཕྱིན་ཕྱུགས་རིགས་གཉེར་བ་དང་ཤ་ཚོང་དང་ཀོ་ཚོང་མ་བྱས་ཐབས་མེད་ཡིན་ཚུལ་གྱི་གཏམ་འུ་ཐུག་མང་པོ་བཤད་ཀྱི་ཡོད་ན་ཡང༌། དེ་དག་བསམ་བློ་དང་ཤེས་རྒྱ་ཆུང་བའི་ལན་སྐྱོན་ཁོ་ནི་རེད། གང་ཡིན་ཟེར་ན། འདུལ་པ་ལུང་ལས། པུ་ཝང༌། གླིང་བུ། ཚོང་རྔ་མཁན། ཆང་འཚོང་བ། ཕྱུགས་འཚོ་བ། འབྲེག་མཁན། འབྲུ་མར་འཚུར་བ། མགར་བ། ཤིང་མཁན། ཕྱྭ་མཁན། ཐ་ག་བ། གོ་ལྤགས་མཁན། རྫ་མཁན། ཕྲེང་མཁན། སྐྱལ་ཆེན་པ། བརྩོ་བླག་མཁན། སྨྱུག་མ་མཁན། བཤན་པ། གདོལ་བའི་ལས་ལ་སོགས་པའི་འཇིག་རྟེན་ལུགས་ཀྱི་བསྟན་བཅས་དང་འཇིག་རྟེན་སྐྱོང་ཐབས་ཀྱི་བཟོའི་བྱེ་དྲག་བཅོ་བརྒྱད་སོགས་གསུངས་ཡོད་པས་ན་དུད་འགྲོ་འཚོ་སྐྱོང་དང་ཤ་དང་ཀོ་ལྤགས་ཀྱི་ལས་འབའ་ཞིག་བྱེད་དགོས་པ་ག་ལ་ཆགས་ཡོད། ད་དུང་དེང་རབས་ཀྱི་ཚན་རིག་དང་འབྲེལ་བའི་འཕྲུལ་ཆས་དང་བཟོ་གྲྭ་སྣ་ཚོགས་ཀྱི་ལས་ཀའི་རྣམ་གྲངས་མཐའ་ཡས་བ་ཡོད་བ་ཡོད་པས་ན། ཕྱུགས་ཟོག་འཚོ་སྐྱོང་གཅིག་པུ་ལ་བསམ་བློ་གཏོང་དགོས་དོན་མེད། དཔེར་མཚོན་ཅུང་ཙམ་ཞིག་བཀོད་ན་འཇིག་རྟེན་སྐྱོང་ཐབས་ཀྱི་ལས་ཀའི་རྣམ་གྲངས་མཐའ་ཡས་པ་ཡོད་དེ། ཤིང་བཟོ་དང༌། རྡོ་བཟོ། ལྕགས་བཟོ་བ། རྫ་བཟོ་བ། དངུལ་མཁར་བ། རྩིག་རྒྱག་པ། ཁང་བ་སོགས་ཀྱི་འཆར་འགོད་པ། རས་བཟོ་དང༌། ལྷམ་བཟོ་བ། གྲུ་གཏོང་མཁན། སོ་སྲུང་བ། ཡིག་སྐྱེལ་བ། སྒྱུ་རྩལ་པ། གློག་ཀླད་རྩིས་འཁོར་བ། ཡིག་བསྒྱུར་མཁན། ཟམ་པ་སོགས་ཀྱི་ཇུས་འགོད་པ། གསར་འགོད་པ། དྲུང་ཡིག་པ། ཡིག་འབྲི་སོགས་ལས་ཀའི་རྣམས་གྲངས་བགྲང་གིས་མི་ལང་བ་ཡོད་ན། ང་ཚོས་མཐའ་གཅིག་དུ་སྒོ་ཕྱུགས་ཀྱི་ཚོང་ལས་དང་ཤ་ཟ་བ་མ་གཏོགས་མི་ཤེས་པ་ཅི་རེད། གྲོང་བརྡལ་བ་དང་གྲོང་ཁྱེར་པ་གང་ཞིག་ཡིན་ཀྱང་ཉྭ་དང་པགས་རིགས་འགྲ་མིན་གྱི་ཚོང་གཉེར་བ་ཚོས་ངེས་པར་བསམ་བློ་གཏོང་དགོས། དེ་ལྟར་སྒོ་ཕྱུགས་ཀྱི་ཚོང་ལས་མ་གཉེར་བ་ཙམ་གྱིས་མི་ཆོག་པར། ང་ཚོས་ངེས་པར་དུ་རྩི་ཤིང་དང་རི་སྐྱེས་སྲོག་ཆགས་སྐོར་ལ་སྲུང་སྐྱོང་བྱེད་དགོས་བ་མ་ཟད། ཁོ་ཚོ་ལ་བདེ་སྐྱིད་དང་རང་དབང་གི་ཐོབ་ཐང་སྲད་དགོས་པ་དང༌། དུད་འགྲོ་རྣམས་ནི་ང་ཚོའི་འཁོར་ཡུག་གི་ཕུན་སུམ་ཚོགས་པའི་ཆ་ཤས་སུ་མོས་ཏེ་གཅེས་སྐྱོང་བྱ་དགོས་པ་སྐབས་འདིའི་མདོ་རྩ་གཅིག་བསྡུས་ཀྱི་སྙིང་བོ་ཡིན།
ལྔ༌། བྱེ་དྲག་ཏུ་ཤའི་ཉེས་དམིགས་མཚོན་ཙམ་བཤད་པ།
སྤྱིར་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་སྲུན་པོ་གྲོང་ཁྱེར་དུ་ཆོས་གསུངས་ཏེ་སྲུན་པོ་རྣམས་ལ་ཤའི་ཉེས་དམིགས་ཀྱི་སྐོར་མདོ་ལང་ཀར་བཤེགས་པ་བཀའ་བརྩལ་བ་དང་ད་དུང་མདོ་རྒྱུད་མང་པོར་ནེས་དམིགས་ཐན་ཐུན་མང་པོ་གསུངས་ཡོད་ནའང༌། འདི་རེ་རེ་ནས་ཚིག་དང་བསྒྲུབ་བྱེད་མང་པོ་སྤྲོས་བས་ག་ལ་ལང༌། མཚོན་ཙམ་ཞིག་བཀོད་ན། མདོ་དེ་ཉིད་ལས། ཁེ་ཡི་ཕྱིར་ནི་སེམས་ཅན་གསོད།། ཤ་ཡིས་ཕྱིར་ནི་ནོར་སྦྱིན་བྱེད།། དེ་དག་གཉིས་ཀ་སྡིག་པ་ཅན།། ངུ་འབོད་བྱེད་ལ་སོགས་པར་བརྩོ།། གང་གིས་ཐུབ་པའི་ཚིག་འདས་ཏེ།། བསམ་པ་ངན་པས་ཤ་ཟ་ན།། འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར།། ཤཱཀྱའི་བསྟན་ལས་བརྟུལ་ཞུགས་བསླངས།། ཤིན་ཏུ་མི་བཟད་དམྱལ་བར་ཡང༌།། སྡིག་པའི་ལས་ཅན་དེ་དག་འདོང༌།། མ་རུངས་ངུ་འབོད་ལ་སོགས་སུ།། ཤ་ཟ་དེ་དག་བཙོ་བར་འགྱུར། ཞེས་དང་ཡང་དེ་ལས།། སེམས་ཅན་གཅིག་ལ་གཅིག་ཟ་བ།། དྲི་མི་ཞིམ་ཞིང་སྨད་པ་དང༌། སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར།། གདོལ་བ་སྨྲི་ཤ་ཅན་རིགས་དང༌། བཙོ་བླག་མཁན་དུ་ཡང་ཡང་སྐྱེ།། ཞེས་དང་ཡང་དེ་ཉིད་ལས།། ཐར་པའི་ཆོས་དང་འགལ་བའི་ཕྱིར།། མི་རྣམས་དངངས་བར་འགྱུར་བའི་ཤ། དེ་ཕྱིར་བཟའ་བར་མི་བྱ་སྟེ།། འདི་ནི་འཕགས་པའི་རྒྱལ་མཚན་ནོ།། ཞེས་གསུངས་པ་དང༌། རྒྱལ་བ་ཀློང་ཆེན་རབ་འབྱམས་པས་ཀྱང༌།། བཟས་པ་གནོད་པའི་སྡིག་པ་ལ།། ཁྱད་པར་ཡོད་ན་གད་མོ་བྲོ།། ཞེས་དང་རྗེ་མི་ལ་རས་པའི་ཞལ་ནས་ཀྱང༌།། ཤ་ཟ་བའི་མི་ལ་སྙིང་རྗེ་མེད། ཞེས་དང༌། ཡད་དེ་ཉིད་ལས། སེམས་ཅན་ཡོངས་ལ་འཚེ་བ་འདོད། ཤ་དང་ཁྲག་ལ་ཟ་བར་འདོད།། གསོད་གཅོད་དབུགས་ལེན་སིན་དུ་ཁྲོད།། ལས་ངན་ཡི་དྭགས་ནང་དུ་སྐྱེ།། ལས་ངན་སྤྱད་ཅིང་དམྱལ་བར་སྐྱེ།། ཞེས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས་ཀྱང༌། ང་ཚོ་མིའི་ལུས་རྟེན་ཙམ་ཐོབ་པ་ལས་སེམས་ཀླ་ཀློས་ཤ་ཟ་དང༌། སེམས་ཅན་དེ་དག་གི་གཤེད་མ་ཁོ་ན་ཡིན་པ་ལས་ང་ཚོ་ལས་ལྷག་པའི་གཅན་གཟན་གཏུམ་སྤྱོད་ཅན་ཞིག་གང་དུ་འདུག་གམ། ཁ་ནས་དམ་ཆོས་ཤོད་བཞིན་དང༌། བླ་མའི་མདུན་དུ་གདམས་ངག་གང་ཟབ་ཞུ་བ་བཞིན་དུ་གཞན་གྱི་སྡུག་བསྔལ་མངོན་སུམ་དུ་འདོར་བ་དང༌། གཞན་ལ་འཚེ་བར་བྱེད་པར་བྱེད་པ་འདི། ལས་རྒྱུ་འབྲས་ཁ་ནས་བཤད་ཐུབ་ཙམ་མིན་ན་གང་ཡིན་ཞེས་སོགས་མང་དུ་གསུངས་ཡོད། ང་ཚོས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དམ་པའི་ཆོས་ཀྱི་ཚུལ་ལ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་བ་ཞེས་ཆོས་བཤད་ཁ་ཕོ་རི་ལས་མཐོ་ཡང༌། དོན་ལ་ཉམས་ཐག་སེམས་ཅན་གྱི་སྲོག་གཅོད་རྒྱུར་འཛེམས་པ་གཅུང་ཙམ་མི་བྱེད་པ་ནི་ཁྱད་མཚར་ཞིག་མ་རེད་དམ། འདིའི་སྐོར་ལ་བླ་མ་དང་གྲྭ་བ་ཚོས་ལྷག་པར་རྒྱབ་སྐྱོར་དང་བསམ་གཞིག་རེ་གནང་རྒྱུ་ནི་མཁོས་ཆུང་བ་བདག་གི་རེ་སྐུལ་ཡིན། སྤྱན་ཡངས་ཀློག་མཁན་རྣམ་པ་ཆ་ཚོས་ཁ་ནས་མ་ཎི་བགྲང་ཞོར་སེམས་ཅན་ལ་འཚེ་བ་བྱེད་པ་ནིཆེས་མི་མཛེས་བ་ཞིག་དང་ཡིད་རྟོན་མེད་པ་ཞིག་རེད། ད་དུང་ངན་སོང་དུ་འགྲོ་བ་སོགས་ཀྱིས་མི་ཚད་ཏེ། སྨན་རིམས་པ་དང་ཚན་རིག་པ་ཚོས་འགྲེལ་བརྗོད་ལྟར་ན། ཤ་ཟོས་བས་མིའི་ཚེ་ཐག་ཐུང་རུ་འགྲོ་བ་དང༌། གཟུགས་པོའི་ནང་གི་ཕྲ་ཕུང་ལ་གནོད་པ་དང་དྲན་རིག་སོགས་ཉམས་པ། ཁྲག་ཤེད་ཆེ་རུ་འགྲོ་བ་དང༌། དུད་འགྲོ་ནང་ཅན་གྱི་ཤ་ཟོས་པས་པགས་ནད་དང་གློ་ནད་འགོར་བ་དང་ཤ་མང་པོ་ཟ་བའི་མི་ལ་སྙིང་རླུང་དང་བད་ཀན་གྱི་ནད་འབྱུང་བི་ཡོ་དཔར་འགྲེལ་བརྗོད་བྱས་ཡོད། དེས་ན་ང་ཚོ་དམར་ཟས་ལ་རྔམས་མཁན་ཚོས་ཤའི་ཉེས་དམིགས་ཐམས་ཅད་ལ་བསལ་བློ་རེ་བཏང་ནས་འཇིག་རྟེན་ཁམས་ཀྱི་འཚེ་བ་དང་བཙན་དབང་དོར་ནས་ཟི་བདེ་དང་དྲང་བདེན་གྱི་འཇིག་རྟེན་གསར་བའི་ལམ་ཆེན་དུ་བགྲོད་ཅི་ཐུབ་བྱེད་རྒྱུ་དང་དམར་མཆོད་སྤངས་ཏེ་དཀར་ཟས་ཀྱི་འཚོ་རྟེན་གསར་བ་ཞིག་གི་འཇིག་རྟེན་ལ་རེ་འདོད་དང་རྒྱང་ལྟ་བྱེད་ཐུབ་ན་ཅི་མ་རུང༌།།

སྨྲོས་པ། མདོར་ན་འཇིག་རྟེན་ཉམ་ངའི་སེམས་ཅན་རྣམས།།
མི་འདོད་སྲོག་གི་ཁྲལ་ཆེན་ལས་གྲོལ་ཏེ།།
འཇིག་རྟེན་བདེ་དགའི་ཕ་ས་དྲོན་མོ་རུ།།
བཙན་དབང་གཟེབ་ཀྱི་གནས་ལས་ཐར་བ་ཤོགས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ང་རང་རྒྱུན་དུ་ཤ་དང་སྒོ་ང་མ་ཟ་མཁན་ཞིག་ཡིན་ལ། དུད་འགྲོའི་རིགས་ལ་དེ་བས་དགའ་མོས་ཆེན་པོ་བྱེད་མཁན་ཞིག་ཀྱང་ཡིན།
ཕྱག་ལས་ཡག་པོ་ཞེས་དྲག་གནང་བཞག་རྗེས་སུ་ཡང་དེ་རིགས་མང་ཙམ་གནང་བའི་རེ་བ་ཡོད



བརྗོད་གཞི་གཞན་ཁག་ལ་གཟིགས།