བོད་པས་བོད་པར་སྐད་སྒྱུར།

བོད་པ་ནང་ཁུལ་ལ་སྐད་སྒྱུར་དགོས་པ་ནི། བོད་འདི་ད་དུང་ཉལ་ས་ནས་ལང་མེད་པའི་མཚོན་རྟགས་གསལ་ཤོས་དེ་རེད། ངས་རྒྱུན་རིང་ནས་སེམས་ཁོངས་སུ་ཉར་མྱོང་བའི་བསམ་ཚུལ་ཞིག་ཁ་སང་བོད་ཀྱི་བང་ཆེན་ཐོག་ཏུ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་དེའི་སྐོར་ཕྲན་བུ་ཞིག་བྲིས་གནང་སོང་། དེ་དང་འདྲ་བར་ཕྲན་གྱིས་ཀྱང་ཡུན་རིང་གི་བསམ་ཚུལ་འདི་དེ་རིང་ཡུལ་དུས་དང་བསྟུན་ནས་འདིར་བརྗོད་འདོད་བྱུང་།

ཚོགས་སྡེ་སུ་ཡིན་ནའང་བོད་ནས་གསར་དུ་ཕེབས་པའི་ཆོས་ཞུ་བ་ཚོར་དམིགས་བསལ་གྱིས་གཟིགས་སྐྱོང་གནང་བར་རྗེས་སུ་ཡི་རང་གི་སྔགས་བརྗོད་དང་འབྲེལ། ད་དུང་ྋགོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་གི་ཐོག་ནས་གསུང་ཆོས་དང་བཀའ་སློབ་གནང་གི་ཡོད་ཀྱང་། དེ་ལའང་སྐད་སྒྱུར་ཅིག་གོ་སྒྲིག་བྱས་འདུག་པས་སྐད་སྒྱུར་བའི་ལྷག་བསམ་བཟང་པོ་ཞིག་གིས་ཡིན་དུ་ཆུག་ཀྱང་།  དམིགས་རྒྱང་རིང་པོ་ཞིག་དང་། བསམ་བློ་ཞིབ་གཏོང་ཞིག་བྱེད་ན། དེ་ནི་བློ་ཕམ་པའི་རང་བཞིན་ཞིག་དང་། ངོ་ཚ་དགོས་པའི་གནས་སྟངས་ཤིག་ལས་མ་འདས་སོ།།

བོད་ཀྱི་སྤྱི་སྐད་ནི་བོད་ཀྱི་ཡི་གེ་འདི་ཡིན་པ་ལས་གཞན་གང་དུ་ཡང་འཛུབ་མོ་བཙུགས་ས་ཞིག་མེད། དེ་ཡང་ྋགོང་ས་མཆོག་དང་ཟམ་གདོང་བླ་མ་སོགས་ཀྱི་བཀའ་སློབ་དག་རེད།  བོད་ཀྱི་ཡི་གེ་གཞི་བཞག་ཐོག་ནས་གསུང་པའི་བཀའ་སློབ་འདི་དག་མི་གོ་བའི་བོད་མི་དེ་ནི་བོད་ཀྱི་སྤྱི་སྐད་དམ་བོད་ཀྱི་ཡི་གེ་མི་ཤེས་མཁན་ཞིག་ཡིན་པ་བརྗོད་ག་ལ་དགོས།  དེ་འདྲ་བའི་མི་ཅི་ཙམ་མང་བ་དེ་ཙམ་གྱིས་བོད་འདི་ད་དུང་ཡང་བོད་རང་གི་ཤེས་རིག་གི་གཉིད་ལས་སད་མེད་པའི་མཚོན་རྟགས་གསལ་ཤོས་དེ་རེད།

འགའ་ཞིག་གིས་སྐབས་ཁེ་ཕན་ཕྲན་བུ་ཡོད་རྒྱུ་ཟེར་ན། ཁྱོད་ཀྱིས་ད་ལྟ་སྒྱུར་བཞིན་པའི་ཁམས་སྐད་དང་ཨམ་སྐད་ལ་ཉོན་དང་། ཡོད་ལི་རེད་ཟེར་བ་དང་། ཡོད་ནི་རེད་ཟེར་བ་ཙམ་ལས་གཞན་ཁྱད་པ་གང་ཡང་བསྒྱུར་རྒྱུ་ཞིག་མི་འདུག་པས་གནས་སྐབས་ཀྱི་ཁེ་ཕན་ཞིག་སུ་ལ་ཐོབ་བམ། གལ་སྲིད་དེ་ལྟར་རེར་སྒྱུར་དགོས་ན་ཕྱི་རྒྱལ་ནས་ཕེབས་པའི་ཆོས་ཞུ་བ་ཚོར་དབྱིན་བོད་འདྲེས་མའི་སྐད་སྒྱུར་ཅིག་དང་། རྒྱ་གར་དུ་འཚར་བའི་སློབ་ཕྲུག་ཚོར་རྒྱ་བོད་འདྲེས་མའི་སྐད་སྒྱུར་རེ་ཅིའི་ཕྱིར་མི་དགོས།

སྐད་གདངས་ཕྲན་བུ་མི་འདྲ་བ་དང་། ཟུར་ཆགས་པའི་སྐད་ཡུལ་སྐད་རེ་ལ་སྐད་སྒྱུར་རེ་བྱེད་ན་བོད་ཀྱི་སྐད་ཡིག་དེ་གང་འདྲ་ཞིག་ཆགས་བསམ་བློ་གཏང་དགོས། འདི་དག་ལ་བརྩིགས་ངོས་གང་སར་ནས་བོད་སྐད་གཙང་མ་ཤོད་ཅེས་སྦྱར་ཡིག་སྦྱོར་མཁན་གྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལྟ་བུས་བཏང་སྙོམས་སུ་བཞག་པ་ནི་ཁོ་བོ་ཧ་ཅང་གིས་མཚར་རོ།།

ད་དུང་བོད་ནས་གསར་དུ་ཕེབས་པའི་ཆོས་ཞུ་བ་ཚོས་འགྲོ་གྲོན་ཕངས་མེད་ཅིག་བཏང་ནས།  གནས་རྩ་ཆེན་རྡོ་རྗེའི་གདན། ཆོས་རྩ་ཆེན་དུས་འཁོར་དབང་ཆེན། གསུང་རྩ་ཆེན་ྋགོང་ས་མཆོག་གི་གསུང་རེད་དེ། ཁོང་ཚོས་གསུང་རྩ་ཆེན་དེ་རག་གི་མེད་པ་རེད། བོད་ཀྱི་ཁ་དཔེ་ལ་བླ་མའི་ཞལ་མཇལ། བླ་མའི་གསུང་ཐོས། ཞེས་ཟེར་གྱི་ཡོད་ཀྱང་ཞལ་མཇལ་ཡང་གསུང་མ་ཐོས་པ་འདི་ནི་བློ་ཕམ་དགོས་པ་ཞིག་མ་རེད་དམ།

ད་དུང་འཕགས་པ་སྤྱན་རས་གཟིགས་མདུན་དུ་བཞུགས་ནས་གསུང་དངོས་སུ་བྱོན་ཀྱང་།  རང་གི་རྣ་བ་འགྱིག་གིས་རྫོང་ནས་གང་ཟག་ཕལ་པ་ཞིག་གི་སྐད་ལ་ཉན་བཞིན་པ་ནི་ཧ་ཅང་གིས་ཐབས་སྡུག་ཅིག་མ་རེད་དམ།  མ་ཟད་འདི་ནི་བོད་ཀྱི་སྐད་ཡིག་གཏོར་བྱེད་ཀྱི་ཐོར་བ་ཞིག་མ་རེད་དམ། ད་དུང་འདི་དག་ལ་སྐད་སྒྱུར་གྱིས་ལམ་སྣ་ཁྲིད་རྒྱུ་ལས་རང་ཉིད་ཀྱིས་གོམ་ཁ་སྤོ་རྒྱུ་དེ་འཕྲལ་ཕུགས་གང་དུ་བལྟས་ཀྱང་མི་དགའ་འམ་ཞེས་བློ་གྲོས་དང་ལྡན་པ་རྣམས་དྲི་བའི་ཚུལ་གྱིས་གནས་མཆོག་རྡོ་གདན་ནས་ ༢༠༡༢ ་༡ ་༦ ཉིན་ཨ་ཀ་སྤེན་པ་ནས་བྲིས་སོ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།