ཆུ་ངོགས་དང་ཆུ་སྒང་།

ཆུ་ངོགས་དང་ཆུ་སྒང་གཉིས་ནི། ཕྱོགས་མང་པོ་ཞིག་ནས་འདྲ་མཚུངས་ཡོད་པའི་ལོ་རྒྱུས་སམ་གཏམ་རྒྱུད་ཅིག་དང་།ས་ཆའི་གནས་བབ་ཀྱི་ཆ་ནས་བཏགས་པའི་ཆུ་གཉིས་དང་འབྲེལ་བའི་མིང་ཞིག་ཀྱང་ཡིན། ༡༽ ཆུ་ངོགས་གཏམ་རྒྱུད་ནི། མི་ངན་གྱིས་དབང་བཟུང་། གྲི་ངན་གྱི་སོ་དར་ཟེར་བའི་དུས་ཚོད་ངན་པ་དེར། མི་ངན་པ་དཔོན་ལ་བསྐོས་པས། འབངས་མི་སེར་སྡུག་ལ་སྦྱོར། བློ་དཀར་གཞུང་དྲང་གི་ལས་བྱེད་དང་། ཤེས་འཇོན་ལྷག་བསམ་ཅན་གྱི་མི་རྣམས་དྲང་བདེན་མིན་པའི་ཁྲིམས་ཆད་ཤ་སྟག་ཅིག་ཁུར་ནས། ཨ་ཆད་འུ་ཐུག་གིས་ཤ་རུལ་ལ་སྦྲང་མ་འཁོར་བ་བཞིན་མ་གྲོས་བསམ་པ་གཅིག་མཐུན་གྱིས་‘‘ལེང་ཧྲན་མཚོ་གླིང་’’དུ་འཛོམས། ཁོང་ཚོས་མི་ངན་ཚར་གཅོད་དང་། དྲང་པོའི་གཞུང་ཞིག་བསྲང་ཕྱིར། སྐབས་དེའི་དངོས་ཡོད་ལ་ལྟོས་པའི་‘‘བདེན་སྐྱོང་དབུལ་སྐྱོབ་’’ཀྱི་ལས་ལ་འབད་པའི་ཤེས་ཡོན་དང་དྲག་རྩལ་ལྡན་པའི་ཕོ་རྒོད་ཤ་སྟག་ཅིག་རེད་འདུག  འདི་ནི་ལ་ལས་རྟོགས་སྒྲུང་རེད་ཟེར། ལ་ལས་དངོས་ཡོད་ཡིན་ཟེར། གང་ལྟར་ཡོངས་སུ་གྲགས་པའི་གཏམ་བརྒྱུད་རིང་པོ་ཞིག་རེད། ཆུ་བཞི་སྒང་དྲུག་ནི། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མདོ་སྔགས་ཟུང་འབྲེལ་གྱི་སངས་རྒྱས་པའི་བསྟན་པ་ས་དར་རྡོ་དར་གྱི་བོད་གངས་ཅན་ལྗོངས་སུ། ཤར་ཕྱོགས་ཆོས་མེད་སྨྲ་བའི་རིང་ལུགས་པའི་འདྲེ་ལག་རིང་པོ་དེས། བོད་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་འདིའི་སྣོད་བཅུད་གང་སར་ནས་ཡ་ང་བའི་གནས་སྟངས་སྔར་བྱུང་མྱོང་མེད་པ་ཞིག་བཟོས་པ་བརྟེན། གཙོ་བོ་ཆུ་བཞི་སྒང་དྲུག་ནས་མཆེད་པའི་དཔའ་རྒོད་དག་གིས་བཀོད་སྒྲིག་འོག་ཆོལ་གསུམ་གྱི་ཤེས་འཇོན་གཉིས་ལྡན་གྱི་དཔའ་རྒོད་ཐ་དག་མ་བསྡུས་རང་འདུས་ཀྱིས་ཤི་ལ་ཉེ་བའི་བོད་བསྟན་པ་ཆབ་སྲིད་འདིའི་དོན་དུ་ བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས།’’འདི་བཙུགས་པ་ཞིག་རེད། ཡུལ་དུས་ཉག་ཕྲ་བའི་གནས་སྟངས་ཞིག་གི་འོག་ནས་གསར་དུ་ལང་པའི་ཚོགས་པ་འདི་ནི། བཙན་བྱོལ་ནང་གི་ཚོགས་པ་ཐོག་མ་དང་། ལོ་རྒྱུས་རིང་ལ་གལ་འགང་ཆེ་བ། ཕྱི་ནང་ཀྱག་ཀྱོག་གི་ལམ་བུ་མང་པོ་ཞིག་བརྒྱུད་ནས་ཟུངས་ཁྲག་དང་། ཚེ་སྲོག་གི་འགྲོ་གྲོན་བླ་མེད་བཏང་བའི་སྒྲིག་འཛུགས་ཤིག་ཡིན། འདི་ནི་རྟོགས་སྒྲུང་མིན་ལ་ཆོ་འཕྲུལ་ཡང་མིན་པར་མི་དང་མི་ཡིས་བསྐྲུན་པའི་ཞབས་རྗེས་རིང་པོ་ཞིག་ཡིན།

༢༽

ཆུ་ངོགས་ཀྱི་དཔའ་རྟུལ་རྣམས་ལ་གཞུང་ཕྱོགས་ནས་ལྟ་ཚུལ་ནི། ཁོང་ཚོ་ཉེས་ཆད་ཕོགས་པའི་མི་ངན་ཁག་གིས་ཉེས་པ་ལས་ཡོལ་ཏེ། ཇག་པའི་ལས་སུ་ཞུགས་པ་ཞིག་དང་། གཞུང་དང་གོང་མའི་བཀའ་ལ་མི་བརྩི་བའི་མི་ཐ་ཤལ་ཤ་སྟག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མིང་ལ ལེང་ཧྲན་མཚོ་གླིང་གི་ཇག་པ’’ཞེས་འབོད་གྱི་ཡོད།

དེ་ལྟར་ཆུ་སྒང་འདི་ཡང་དོན་དངོས་ཡིན་ནམ། གཅིག་བྱས་ན་གཞན་དབང་སྟབས་བསྟུན་ཡིན་སྲིད། གང་ལྟར་སྐབས་དེ་དུས་ཀྱི་རང་གཞུང་གི་འགོ་ཁྲིད་མཐོ་གྲས་འགས་ཀྱང་། ད་དེ་འདྲ་མ་བྱེད་ཅེས་གནོད་ཤུགས་སྟེར་མྱོང་། རྒྱ་ཕྱོགས་ནས་ཆུ་སྒང་ལ་ལྟ་སྟངས་ནི། ཆུ་ངོགས་དང་གཅིག་མཚུངས་ཀྱིས ཁམས་པའི་ཇག་པཞེས་བཏགས་ཡོད།

ཆུ་ངོགས་དང་ཆུ་སྒང་གཉིས་ཀྱི་ཕོ་རྒོད་དག་ཀྱང་ཕྱོགས་མང་པོ་ཞིག་ནས་འདྲ་མཚུངས་ཡིན། ཁོང་རྣམས་ཀྱི་རང་གཤིས་དྲང་མོ་མདའ་འདྲ་བ་ཁ་རི་ཁ་ཐུག་ཤ་སྟག་ཡིན་པ་མ་ཟད། ཁོང་ཚོར་སུ་ལ་ཡང་མི་སྐྲག་པའི་བློ་ཁོག་ཡོད་ལ། སུ་ལ་ཡང་མི་ཞུམ་པའི་སྤོབས་པ་ཡོད། ཁོང་ཚོ་ནི་གྲོགས་པོའི་ལ་རྒྱ་རྩི་མཁན་དང་། ཉམ་ཐག་མི་སེར་གྱི་བདེ་སྡུག་ཆེད་དུ་རང་སྲོག་འབེན་ལ་བཙུགས་ཀྱང་གནོང་འགྱོད་མེད་མཁན་བདེན་འཛིན་ཕོ་རྒོད་རྐྱང་རྐྱང་རེད་འདུག  དེར་བརྟེན་སྐྲག་དགོས་ས་གཤེན་རྗེའི་ཆོས་རྗེ་དང་། རྩི་དགོས་ས་རྩ་བའི་བླ་མ་ལས་མེད། ཅེས་པའི་བོད་ཀྱི་གཏམ་དཔེ་དེ་ཁོང་ཚོའི་ཁ་ནས་གོམས་གོམས་པ་རེད།

༣༽

ཆུ་ངོགས་ཀྱི་དཔའ་རྟུལ་རྣམས་ནི། ཡ་མཚན་ཆེ་བའི་ལྷ་སྒྲུང་ལྟ་བུ་ཞིག་བརྒྱུད་ནས་ཡོང་གི་ཡོད། དེ་ཡང་གཤེད་སྐར་བདུན་ཅུ་དོན་གསུམ་དང་། བཙན་སྐར་སུམ་ཅུ་སོ་དྲུག་ཅེས་གྲངས་ངེས་ཅན་གྱི་དཔའ་རྟུལ་བརྒྱ་དང་བརྒྱད་ཏག་ཏག་ཡོད། ཁོང་ཚོ་ནི་འགྲོ་བ་མི་ཡི་སྡུག་བསྔལ་སེལ་སླད་དང་། དཔོན་ངན་ཚར་བཅད་ཀྱིས་ཆེད་དུ་མི་ཡི་རིགས་སུ་བྱོན་པ་བཤད། བདེན་སྐྱོང་དབུལ་སྐྱོབ་ ནི་ཁོང་ཚོས་སྒྲུབ་བྱ་གཅིག་པུ་དེ་ཡིན།

ཆུ་སྒང་གི་དཔའ་རྟུལ་རྣམས་ནི། ཆུ་ངོགས་དང་འདྲ་བར་ལྷ་སྒྲུང་དང་འབྲེལ་ནས་བོད་མི་ཚོས་བཤད་ཀྱི་མེད། འོན་ཀྱང་། ཁོང་ཚོའི་འབྱུང་ཁུངས་ནི་ཁམས་ཀྱི་ཆུ་བོ་ཆེན་པོ་བཞི་དང་། རི་བོ་ཆེན་པོའི་སྒང་དྲུག་གི་མི་རྒྱུད་ནས་མཆེད་པ་ཞིག་ཡིན། ཁོང་ཚོ་ཡུལ་ལུང་སོ་སོའི་འགོ་ཁྲིད་དང་། བླ་མ། ཚོང་དཔོན། ཤེས་ལྡན་པ། དགེ་བཤེས། ཕྱག་མཛོད་བཅས་འཇོན་ཐང་ཅན་གྱི་མི་སྣ་ཤ་སྟག་མ་བསྡུས་ངང་གིས་འདུས་ཏེ། མི་རིགས་ཀྱི་ལ་རྒྱ་དང་། སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་གཅེས་པའི་སྲོག་དང་། རྒྱུ་ནོར་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་བྱས། ཆུ་སྒང་དབྱེ་ཞིབ་པ་བློ་གཟུ་བོར་གནས་པའི་ཕྱི་རྒྱལ་གྱི་མཁས་པ་ཚོས། ཆུ་སྒང་གི་དཔའ་རྟུལ་ཚོ་ཡང་ཆུ་ངོགས་ལྟར་ལྷ་སྒྲུང་དང་སྦྱར་ནས་འགྲེལ་ཏེ། ཆུ་སྒང་གི་དར་ཆ་རལ་གྲི་སྣོལ་མ་དེ་ནི། འཇམ་དཔལ་དབྱངས་ཀྱི་ཕྱག་གི་རལ་གྲི་དང་། དཔལ་རྡོ་རྗེ་འཇིགས་བྱེད་དང་། དཔལ་ལྡན་ལྷ་མོ་བཅས་ཀྱི་དྲག་པོའི་སྐུར་བཞེངས་ནས་བསྟན་དགྲ་ཚར་བཅད་པ་བཞིན། ཁོང་ཚོ་ཡང་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་ཤིག་ཡིན་པས། སངས་རྒྱས་ཀྱི་དཔའ་རྟུལཞེས་ཀྱང་འབོད་ཀྱི་འདུག་པ་དེ་ཡང་རྒྱུ་མཚན་མེད་པ་ཞིག་རེད་མི་འདུག་སྙམ། སངས་རྒྱས་ཀྱི་བསྟན་པ་སྲུང་རྒྱུ་དང་མི་རིགས་ཀྱི་བདེ་སྡུག་ལ་འགན་འཁུར་ནི་ཆུ་སྒང་གི་ཕོ་རྒོད་ཚོའི་མ་ཤི་བར་ཆོད་སེམས་དེ་དོར་མེད།

༤༽

སུང་ཅང་ནི་ཆུ་ངོགས་ཀྱི་དཔའ་རྒོད་ཚོའི་འགོ་ཁྲིད་ཡིན། ཁོང་ནི་རྒན་རབས་རྣམས་ལ་གུས་ཤིང་བཀུར་བ། རང་བཞིན་དྲང་ལ་ལྷག་བསམ་གྱིས་ཕྱུག་པ། གཞུང་སེམས་དཀར་ལ་གདོང་གི་ཤ་མདངས་ནག་པོ་ཡིན་པས་ གདོང་ནག་སྲི་ཞུ་གཞུང་དྲང་ཅན་ཞེས་འབོད། ད་དུང་སུང་ཅན་ནི་རྩོམ་ཡིག་བྲིས་ལ་མཁས་ཤིང་། ཆུང་དུས་ནས་དྲག་རྩལ་ལ་དགའ་ཞེན་ཆེ་བས་དྲག་རྩལ་རིགས་མང་པོར་སྦྱང་པར་མཐར་ཕྱིན། ནམ་རྒྱུན་ནས་རྒྱལ་ཁམས་སྐོར་མཁན་གྱི་ཕོ་རྒོད་ཚོ་དང་མནའ་ཤག་གྲོགས་པོ་སྒྲིག་པ་དང་། རང་དངུལ་ལ་སེར་སྣ་མེད་པར་སྦྱིན་པ་བཏང་བ་སོགས་ཀྱི་གཞན་ཕན་བྱ་བ་དང་དུ་ལེན་མཁན་གྱི་རྫོང་གི་ལས་བྱེད་སྤུས་གཙང་ཞིག་ཡིན་པས་ཁོ་ལ་ དུས་ཐོག་ཆར་པ་ཞེས་པའི་མཚན་སྙན་གྲགས་ཡུལ་ཁམས་གང་སར་ཁྱབ། ལྷག་པར་དུ་རྒྱལ་ཁམས་སྐོར་མཁན་གྱི་ཕོ་རྒོད་ཚོས་ཁོང་གི་མིང་བོས་པ་ཙམ་གྱིས་མཚན་སྙན་གྲགས་སྔར་ནས་ཐོས་མྱོང་ཡོད་ཅེས་ཁ་གཅིག་གྲགས་གིས་ལན་བཏབ་ཀྱི་ཡོད།

དེ་བཞིན་ཆུ་སྒང་གི་འགོ་ཁྲིད་ཨ་འབྲུག་སྦྱིན་བདག་ལགས་ནི།  ཆུང་དུས་ནས་ཆོས་སེམས་ཆེ་བའི་ཨ་མས་གྲྭ་པ་བྱེད་དུ་བཅུག ལི་ཐང་དགོན་ཆེན་དུ་བཏང་ནས་ཆོས་ཀྱི་བག་ཆགས་ཟབ་མོ་བཞག་ཡོད། འོན་ཀྱང་ཁོང་དགུང་ལོ་བཅུ་བདུན་ཐོག་རྟ་པ་གསུམ་བརྒྱ་བཞི་བརྒྱ་དང་ལྷན་དུ་ཇག་པའི་ར་མདའ་སོང་། སྐབས་དེར་ཁོང་ན་ཚོད་ཤིན་ཏུ་ཕྲ་ན་ཡང་དཔའ་རྩལ་འགྲན་ཟླ་བྲལ་བས་ ཨ་འབྲུག་དཔའ་བོ་ཞེས་པའི་མཚན་སྙན་དུས་དེ་ནས་ཀྱང་ཁྱབ་ཡོད། ཁོང་ནི་ཁམས་པའི་ཕོ་རྒོད་རྣམས་ཀྱི་ལུགས་སྲོལ་ལྟར་རྟ་རྒྱུགས་ཀི་རྒྱག་དང་། ལྷག་པར་དུ་གོ་མཚོན་རིགས་ལ་དགའ་ཞེན་དང་དོ་སྣང་ཅན་ཞིག་ཡིན། མ་ཟད་ནང་མི་གོང་མ་རྣམས་ཀྱི་རྒྱུད་འཛིན་གྱིས་སྟོད་རྒྱ་གར་དང་། སྨད་རྒྱ་ནག  བར་བལ་ཡུལ་སོགས་འགྲིམ་ནས་ཚོང་ལས་སྣ་ཚོགས་བྱས། ལོ་ལྟར་ཚོང་ལས་ཁེ་སྤོགས་ནས་གདན་ས་གསུམ་དང་ལི་ཐང་དགོན་ཆེན་གཙོས་དགོན་སྡེ་ཁག་ལ་མཆོད་འབུལ་རྒྱ་ཆེར་བགྱིས་པས་བོད་མི་ཚོས་ ཨ་འབྲུག་སྦྱིན་བདག་ཅེས་ཡོངས་གྲགས་སུ་འབོད་ཀྱི་ཡོད།

ཆུ་ངོགས་གཏམ་རྒྱུད་དུ།

བསྡད་ན་སྟག་རྒོད་འགྱིང་པའི་ཉམས་དང་མཚུངས། །

ཕྱིན་ན་སྤྱང་ཀི་ཤོར་བ་ཇི་བཞིན་ནོ། །

ཕོ་ལོ་སུམ་ཅུ་ཙམ་ལས་སོན་མེད་རུང་།

ཀུན་ལ་ཕན་སྐྱོང་བྱེད་པའི་བློ་སྟོབས་ལྡན། །

གནམ་འོག་དཔོན་ངན་འདུལ་བའི་བསམ་འདུན་ཡོད། །

རྔམ་ཟིལ་ཆེ་ཞིང་བྱམས་སེམས་ལྡན་ལ་དཀྱེལ་ཆེ་བ། །

ཞེས་པ་ལྟར་སུང་ཅང་དང་ཨ་འབྲུག་གཉིས་ནི་ཕྱོགས་མང་པོ་ཞིག་ནས་འདྲ་མཚུངས་ཡོད་པ་ཞིག་རེད་འདུག

༥༽

བདེན་འཛིན་ཕོ་རྒོད་སུང་ཅང་གི་ཕུགས་རེ་ཆེ་ཤོས་ནི། གནམ་འོག་གི་དྲང་བདེན་དང་བྱམས་སེམས་ཆེ་བའི་དཔའ་རྟུལ་རྣམས་མཉམ་འཛོམས་ཀྱིས་མི་མང་ལ་བཤུ་གཞོག་དང་།  སྡུག་སྦྱོང་གནར་གཅོད་གཏོང་མཁན་གྱི་འགོ་ཁྲིད་དང་། གོང་མའི་འཁྲིས་ཀྱི་དཔོན་ངན་ཐམས་ཅད་གཙང་སེལ་གྱིས་གཞུང་དྲང་ཅན་གྱི་ཕོ་རྒོད་རྣམས་ཀྱིས་གཞུང་གི་སྲི་ཞུ་བསྒྲུབ་རྒྱུ་དེ་རེད། ཁོང་གིས་‘‘ང་སུང་ཅང་སོགས་ལ་མ་རུང་བའི་བསམ་བློ་ཅི་ཡང་མེད། འདི་ལྟ་བུའི་གནས་སུ་གྱར་དགོས་པ་ནི་དཔོན་ངན་ཟ་རྔམ་ཅན་གྱིས་བཟོས་པ་སོང་། གལ་སྲིད་གོང་མའི་སྲིད་གཞུང་གིས་ཉེས་གྲོལ་ཞི་འགུགས་བདེ་འགོད་གནང་ཚེ་རྒྱལ་ཁབ་ཀྱི་ཞབས་ཞུ་བྱེད་འདོད་ཡོད། ཅེས་གསུངས་ཡོད།  འོན་ཀྱང་སུང་ཅང་གི་བློ་འདྲི་ཡུལ་ཤེས་རབ་ཐོགས་མེད་ཝུ་ཡུང་གིས་ང་ཚོས་ཞི་འགུགས་བདེ་འགོད་ཡོང་རྒྱུའི་རེ་བ་བྱེད་པ་དེ་ནི།  འཇའ་ཚོན་གོས་སུ་རེ་བ་ལྟ་བུ་ཞིག་ལས་ཡོད་མི་ཐུབ་ཅེས་བཤད་ཡོད། དེ་ལྟར་བཤད་དོན་ནི་གོང་མའི་འཁྲིས་ཀྱི་དཔོན་པོ་ངན་པ་ཤ་སྟག་བསྐོར་ཏེ་དཔོན་པོ་གཞུང་དྲང་ཅན་ཚོས་སྐད་ཆ་གོང་མའི་མདུན་ནས་འགྲོ་ས་མེད་པ་དེ་ཤེས་རབ་ཐོགས་མེད་ཝུ་ཡུང་གིས་ཤེས་ཀྱི་ཡོད་པ་རེད། ཁོང་ཚོས་ཡུལ་ལུང་མང་པོར་དམག་འཁྲུག་ཐེངས་མང་བརྒྱག་སྟེ་ཁ་གཏད་རྣམས་ཆམ་ལ་ཕབ་རྗེས་དམག་དཔོན་དང་།  ཕོ་རྒོད་རྣམས་ལེང་ཧྲན་མཚོ་གླིང་དུ་བཀུག་ནས་སུས་ཀྱང་འགྲན་ཟླ་བྲལ་བའི་དཔའ་རྟུལ་ཤ་སྟག་གིས་དམག་ཅིག་གྲུབ་ཡོད།

དམག་དཔོན་ཀའོ་ཆིའུ་ཡིས་ཆུ་ངོགས་ཀྱི་ཕོ་རྒོད་རྣམས་བསད་འདོད་ཀྱིས་གོང་མའི་བཀའ་ཡིག་ལོག་བསྒྲགས་བྱེད་པ་སོགས་དམག་ཇུས་སྣ་ཚོགས་ཀྱིས་རྒོལ་ཡང་།  ཆུ་ངོགས་ཀྱི་དཔའ་རྟུལ་ལས་དམག་འཐབ་ཐེངས་གསུམ་ཕམ་པ་མ་ཟད་མཐའ་མ་དེ་ཀའོ་ཆིའུ་གསོན་བཟུང་བྱེད་ཀྱང་སུང་ཅང་གིས་བསད་བཅུག་མེད་པས་མཐར་ཞི་འགུགས་བདེ་འགོད་ཀྱིས་ཆུ་ངོགས་ཀྱི་དཔའ་ཐུལ་རྣམས་གཞུང་དམག་དུ་བསྒྱུར་ནས། གོང་མའི་མདུན་དུ་དམག་དཔོན་གྱི་གོ་གནས་བཞེས་རྒྱུ་བྱུང་ཡོད།

ཆུ་སྒང་གི་དམག་སྤུངས་རྣམས་ནི་སུང་ཅང་གིས་ཐབས་ཇུས་ལྟར་མི་དྲག་རྣམས་ཞི་དྲག་གང་རུང་གིས་དབང་དུ་བསྡུས་པ་ཞིག་མིན་པར་རང་དབང་དང་། མ་སྐུལ་དང་བླངས་ངང་དཔའ་རྟུལ་རྣམས་བོད་བསྟན་པ་ཆབ་སྲིད་དང་མི་རིགས་བཅས་ཀྱི་ཆེད་འཛོམས་པ་ཤ་སྟག་རེད། ད་དུང་སུང་ཅང་སོགས་ཆུ་ངོགས་ཀྱི་དཔའ་རྟུལ་མང་པོ་ཞིག་ལ་ཉེས་ཅན་གྱིས་གདོང་རྟགས་ཡོད་ཀྱང་། ཆུ་སྒང་གི་མི་སྣ་གཅིག་ལའང་དེ་ལྟ་བུའི་གཞུང་གི་ཉེས་ཅན་པ་མེད། སུང་ཅང་གིས་དམག་འཁྲུགས་མང་དག་ཅིག་གཞུང་དམག་དང་བརྒྱབ་ཅིང་། ཁོང་ཚོས་དགྲ་བོ་ངོ་མ་དེ་ཡང་གཞུང་གི་དཔོན་ངན་རྣམས་ཡིན། འོན་ཀྱང་ཆུ་སྒང་གི་དགྲ་བོ་ངོ་མ་ནི་རྒྱ་དམར་ཡིན་ཞིང་། རྒྱ་དམག་དམག་ཐེངས་གྲངས་མེད་ཅིག་བརྒྱབ་ནས་ཁོང་ཚོས་རྒྱལ་ཁ་ཐེངས་མང་བླངས་ཡོད། ད་དུང་དགྲ་བོའི་བསམ་དོན་དུ་ སྦྲུལ་བཟུང་ན་མགོ་རྡུང་ ཟེར་བའི་དཔེ་ལྟར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ཡིད་བཞིན་ནོར་བུ་འཇུ་བཟུང་གིས་བོད་ས་ཡོངས་རྫོགས་ཁྱུར་མིད་གཏོང་རྒྱུ་དེ་རེད། འོན་ཀྱང་ཆུ་སྒང་དཔའ་རྟུལ་རྣམས་ཀྱིས་དེང་རབས་ཀྱི་འཕྲུལ་རྩལ་ལྡན་ལ་དམག་སྤུངས་ཧ་ཅང་མང་བའི་དགྲ་བོའི་མེ་མདའི་སོ་ཁ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་ཆོས་རྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམས་འཕགས་ཡུལ་དུ་གདན་འདྲེན་ཞུ་ཐུབ་པ་བརྟེན། ད་ལྟར་འཛམ་གླིང་ཧྲིལ་པོའི་ཁྱོན་ལ་ནང་པའི་ཆོས་ཀྱི་རྒྱལ་མཚན་འཛུགས་རྒྱུ་འདི་བྱུང་བ་རེད།

༦ ༽

སུང་ཅང་གིས་ཐབས་ལམ་འདྲ་མིན་བརྒྱུད་དེ་གོང་མའི་མདུན་དུ་གསལ་བཤད་ཀྱིས་ཉེས་གྲོལ་བྱུང་བ་མ་ཟད་དམག་དཔོན་གྱི་གོ་གནས་བསྩལ། དེ་ནི་སུང་ཅང་ལ་མཚོན་ན་ཧ་ཅང་གི་བདེ་སྐྱིད་ཅིག་དང་། ཕ་མེས་ཀྱི་ཐུགས་རེ་ཉག་གཅིག་དེའང་ཡིན།  འོན་ཀྱང་སེམས་ཕམ་དགོས་པ་ཞིག་ལ་གོང་མའི་འཁྲིས་ཀྱི་དཔོན་རྣམས་ཀྱིས་ཇུས་ངན་འདྲ་མིན་གཤོམ་སྟེ། ཆུ་ངོགས་ཀྱི་དཔའ་ཐུལ་རྣམས་གཅིག་རྗེས་གཉིས་ཀྱིས་དམག་སར་བསད་རྨས་གོད་ཆག་བྱུང་ཞིང་། བསམ་ཡུལ་ལས་འདས་པའི་ཕམ་ཉེས་དེའི་འོག་ནས་ཁོང་རྣམས་ཀྱི་རྣམ་ཤེས་རེ་རེ་བཞིན་མཁའ་དབྱིངས་སུ་འཐིམ་པ་མ་ཟད། ཐ་ན་སུང་ཅང་གཙོས་པའི་འགོ་ཁྲིད་མཐོ་གྲས་རྣམས་ཀྱང་ཐབས་སྐྱོ་བའི་གནས་སྟངས་ཤིག་གིས་ངང་ནས་གྲོངས་དགོས་བྱུང་པ་རེད།

དེ་བཞིན་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་ྋགོང་ས་མཆོག་གིས་གཙོས་བོད་ཀྱི་མཐོ་རིམ་མི་སྣ་རྣམས་རྒྱ་ལག་ཏུ་མ་ཤོར་བར་འཕགས་ཡུལ་བསླེབས་ཐུབ་པར་དགའ་ཚོར་ཆེན་པོའི་ངང་། ད་དུང་མུ་འཐུད་ནས་རྒྱ་རྒོལ་གྱིས་བོད་རང་བཙན་གཙང་མའི་རེ་སྒུག་བྱེད་བཞིན་ཡོད། འོན་ཀྱང་སྲིད་ཇུས་འདྲ་མིན་དང་། འགྱུར་ལྡོག་འདྲ་མིན་ཞིག་གིས་འོག་ནས་ཆུ་སྒང་གི་དམག་མི་མང་དག་ཅིག་དམར་སར་ཤི་རྨས་བྱུང་བ་དང་། གནས་སྟངས་འདྲ་མིན་ཞིག་གིས་འོག་ནས་དཔའ་རྟུལ་རྣམས་ཁ་ཐོར་དུ་སོང་ཞིང་། ཐ་ན་ཨ་འབྲུག་མཆོག་ཀྱང་དེ་སྔར་དམག་འཐབ་ཁྲོད་ནས་སྐུ་ཕུང་རྨས་སྐྱོན་ཚབས་འཕོག་པའི་རྐྱེན་གྱིས་སྨན་བཅོས་འདྲ་མིན་བྱས། མཐར་དབྱིན་ལན་དུ་སྨན་བཅོས་དྲག་བསྐྱེད་ཡག་པོ་བྱུང་སྟེ། རྒྱ་གར་རྡོ་གླིང་དུ་གློ་བུ་དུ་སྐུ་གཤེགས་པ་སོགས་ཧ་ཅང་གི་ཡིད་ཕམ་པའི་གནས་ཚུལ་མང་ངོ་།།

འདས་ཟིན་པ་ནི། འདས་པ་ཟིན་རང་ཡིན་པས་བསྐྱར་ལོག་རྒྱག་རྒྱུ་མེད། འོན་ཀྱང་འདས་དོན་ལ་ཕྱིར་མིག་དང་། དྲན་གསོ་བྱེད་རྒྱུ་ནི་ད་ལྟ་དང་མ་འོངས་པའི་སློབ་སྟོན་བླ་ན་མེད་པ་དེ་ཡིན།

འདིར་ཆུ་ངོགས་གཏམ་རྒྱུད་ཀྱི་དེབ་བཀླགས་པ་དང་གློག་བརྙན་བལྟས།  ཆུ་སྒང་གི་ལོ་རྒྱུས་དེབ་ཐེར་བཀླགས་པ་དང་རྒན་རབས་གྱི་ངག་ནས་ཉན་པ་བཅས་ཀྱི་མྱོང་ཚོར་རྣམས་ཡིག་ཐོག་ཏུ་ཕབ་ཁུལ་བྱས་ཀྱང་། ཚོར་བའི་མྱོང་བ་ཕྱོགས་ཙམ་ཡང་འབྲི་ཐུབ་ཀྱི་མི་འདུག་པས། གལ་སྲིད་ཀློག་པ་པོ་རྣམ་པས་ཚོར་བ་དངོས་དེ་མྱོང་འདོད་ན་ཆུ་ངོགས་ཀྱི་དེབ་ཀློགས་ཤིང་ཆུ་ངོགས་ཀྱི་གློག་བརྙན་ལ་ལྟོས། ཆུ་སྒང་གི་ལོ་རྒྱུས་དེབ་ཐེར་ཀློགས་ཤིང་མི་རྒན་རྣམས་ཀྱི་གསུང་ལ་ཉོན་དང་། རང་སེམས་རྣལ་དུ་ཕབ་པའི་མི་ཞིག་ཡིན་ན་དངོས་གནས་དགའ་སྐྱོ་ཟུང་གིས་མིག་ཆུ་ཕྲུམ་ཕྲུམ་དུ་རང་དབང་མེད་ཤོར་རོ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
གཤམ་གསལ་བསམ་ཚུལ་བཞི་པ་དེ་བདག་གིས་བྲིས་པ་ཡིན། དེའི་ནང་དོན་རྡོག་རྡོག་དེ་ཆུ་སྒང་སྒྲིག་འཛུགས་དེའི་ཆེས་ཐོག་མའི་དམིགས་ཡུལ་དང་ལང་ཕྱོགས་དེ་ཀླ་ཀློ་རྒྱ་དམར་ལ་རྒོལ་རྡུང་བྱ་རྒྱུ་ཡིན་པ་བསྟན་ཡོད། ཆུ་ངོགས་གཏམ་རྒྱུད་ནི་རྒྱ་ནག་ནང་གི་གསོད་རེས་བྱེད་པ་དེ་རེད་ཅེས་གསལ་བར་བཀོད་ཡོད། བྱས་ཙང་ཆུ་སྒང་དང་ཆུ་ངོགས་སྦྱར་ན་མི་འགྲིགས་ཅེས་གསལ་པོར་བརྗོད་ཡོད། མི་འདྲ་བའི་རྒྱུ་མཚན་ནི། ཆུ་ངོགས་གཏམ་རྒྱུད་དེ་མཚོན་བྱེད་རེད་ལ་ཆུ་སྒང་དེ་མཚོན་བྱ་རེད། མཚོན་བྱ་ཁྱབ་ཆེ་བ་དང་མཚོན་བྱེད་ཁྱབ་ཆུང་བའི་སྐྱོན་ཡིན་པར་བསྟན་ཡོད། བདག་རང་ཉིད་ཀྱིས་རྟོག་བཟོ་བྱས་པའང་མི་ཏེ། རྩོམ་འབྲི་རིག་པའི་གཞུང་ལུགས་ཀྱི་རྒྱབ་བརྟེན་ཡོད། དགྲ་ལྷ་ལགས་ཀྱིས་མི་ཁ་ཤས་གསོད་རེས་བྱས་ཚུལ་བྲིས་འདུག ངེས་ནི་དེ་ཚོ་ཤེས་ཀྱི་མེད། ཡིན་ནའང་གུས་པས་གསལ་པོ་ཞུ་ཐུབ་པ་ཞིག་ནི། དགྲ་ལྷ་ལགས་ཀྱིས་གསུངས་པ་བཞིན་མི་ཁ་ཤས་གསོད་རེས་བྱས་ཡོད་ནའང་། མི་བྱེ་བྲག་རེ་གཉིས་ཀྱི་སྐྱོན་ཆ་ལས་ཆུ་སྒང་ཚོགས་པ་སྤྱིའི་དམིགས་ཡུལ་དང་ལང་ཕྱོགས་ལ་སྦྱར་ན་མི་མཐུན་མེད། བཀྲིས་བདེ་ལེགས།
5 ༠༤༢༠༡༡༢༡༤༤
ཆུ་སྒང་ལ་བསྟོད་ར་བྱེད་མཁན་མ་གཏོགས་དངོས་ཡོད་ལོ་རྒྱུས་བཤད་མཁན་དང་ཤེས་མཁན་གཅུང་ཉུང་ཉུང་རེད་འདུག ཆུ་སྒང་ནང་འཁྲུགས་བྱུང་ཏེ་དཔའ་རྒད་སྟོང་གིས་མ་ཐུབ་པའི་ཏྲེ་ཧོར་དར་དགོན་གྱི་འཛིན་ནང་ཨ་དཀར་ལྐོག་བསད་བྱེད་མཁན་སུ་དང་སུ་རེད། བསད་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གང་རེད། ཏྲེ་ཧོར་དར་མགོན་གྱི་དགེ་ངོས་དཔའ་ཆེན་བསད་མཁན་སུ་རེད། ཆུ་སྒང་དང་པོ་འཛུགས་མཁན་སུ་དང་གང་རེད་མི་ག་ཚོད་ཅིག་ཡོད་རེད། འདི་ཚོ་དྲི་བ་རེད། ཆུ་སྒང་གི་ལོ་རྒྱུས་ཇི་བཞིན་དྲང་པོ་བཤད་མཁན་མེད་པ་ལྟ་བུ་སྣང་། ཁྱེད་དང་ང་ཁྱེད་ཚོ་ང་ཚོ་བཤད་པའི་དུས་མིན་པས་རེ་ཞིག་བཏང་སྙོམས་སུ་བཞགས་ན་ལེགས། ཨ་འབྲུག་མགོན་པོ་བཀྲིས་འདྲ་པོ་བཅུ་ལས་འཛིན་ནང་ཨ་དཀར་མི་གཅིག་གི་དགའ་གི་རེད་ཅེས་འཇུག་པ་མི་རྒན་ཞིག་གིས་བདག་ལ་གསུང་གི་འདུག དེ་ནས་ཨ་འབྲུག་སྦྱིན་བདག་ལ་མེ་མདའ་ཕོག་དུས་ཨ་འབྲུག་ཚང་གི་ནང་མི་ལྟ་བུ་དབྲ་ཕྲུག་ངག་དབང་མིག་གིས་མཐོང་སར་མེད་པ་ཕྱིན་ཏེ་ཁ་རྩེ་ཙམ་ཡང་ཕན་ཐོག་བྱུང་ཡོད་པ་མ་རེད་ཅེས་ཟེར།
ཆུ་ངོགས་གཏམ་རྒྱུད་ལ་སྦྱར་ནས་ཆུ་སྒང་འགྲེལ་ན། དོན་དངོས་ཐོག་ཏུ་གངས་ཅན་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་དབུ་ཁྲིད་པའི་གངས་ལྗོངས་བསྟན་སྲུང་ཆུ་སྒང་ཚོགས་པའི་དམིགས་ཡུལ་གྱི་མདུང་རྩེ་དེ་ནང་ལ་ཕྱོགས་ཡོད་དགོས། དེ་ཡིན་ཏེ་ཆུ་ངོགས་གཏམ་རྒྱུད་ཀྱི་ནང་དོན་གཙོ་བོ་དེ་རྒྱ་ནག་ནང་གི་དཀའ་ངལ་ཞིག་མཚོན་པ་ལས་ཕྱི་རྒྱལ་བཙན་འཛུལ་བ་ལ་རྒོལ་རྡུང་བྱེད་རབས་སྣེ་གཅིག་མེད། ལེགས་པར་བསམ་ན་གངས་ལྗོངས་ཆུ་སྒང་ཚོགས་པའི་དམིགས་ཡུལ་ནི་བོད་རྒྱལ་ཁབ་ཏུ་ཕྱི་རྒྱལ་བཙན་འཛུལ་བ་ཀླ་ཀློ་རྒྱ་དམར་ལ་རྒོལ་རྡུང་བྱེད་རྒྱུ་དེ་རེད། ཆུ་ངོགས་གཏམ་རྒྱུད་ལ་སྦྱར་ནས་ཆུ་སྒང་སྐོར་འབྲི་མཁན་དེས་བསྟོད་པའི་ཚུལ་གྱི་སྨད་འདུག གོང་དུ་ཞུས་པ་ལྟར་ཆུ་ངོགས་གཏམ་རྒྱུད་ནང་གི་དཔའ་རྟུལ་རྣམས་ཀྱི་ར་གྲི་དེ་ཚོ་ནང་དུ་གཡུགས་ཡོད། གངས་ལྗོངས་ཆུ་སྒང་གི་དཔའ་བོ་དེ་ཚོའི་ར་གྲི་རྣམས་ཕྱི་རོལ་དགྲ་བོ་བཙན་འཛུལ་པ་རྒྱ་དམར་ལ་གཡུགས་ཡོད། བྱས་ཙང་ཆུ་སྒང་དང་ཆུ་ངོགས་གཉིས་སྦྱར་ན་གཏན་ནས་མི་འགྲིགས།་་་་་་་་་་་་་་བཀྲིས་བདེ་ལེགས།
སུང་ཅང་ནི་ཆུང་དུས་ནས་གཞུང་ལུགས་ལ་སྦྱངས་པ་དཔྱིད་ཕྱིན་པ་བྱས་ནས་ཤེས་བྱ་ཡོན་ཏན་ཕུན་སུམ་ཚོགས་ཀྱང་།དྲག་པོའི་རྩལ་དང་དེའི་ཐོག་དཔའ་བློ་སྟོབས་མེད་ལ།
འོན་ཀྱང་ཨ་ཕྲུག་སྦྱིན་བདག་ནི་དྲག་པོའི་རྩལ་དང་དཔའ་བློ་སྟོབས་དང་ལྡན་པ་ཞིག་ཡོད་པའི་ཐོག་ནས་མི་འདྲ་བའི་ཆ་ཡང་དུ་མ་ཡོད།
རྒན་ཨ་ཀ་སྤེན་པ་བྲིས་པ་ནང་བཞིན་དངོས་གནས་ཆགས་ཡོད་རེད་རྒྱ་བོད་ཁ་གཏད་བྱེད་མཁན་བསྟན་སྲུང་དངས་བླངས་དམར་སྒར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བོད་སྤྱིའི་དཀའ་ལས་རྒྱབ་པ་དེ་ངས་ནམ་ཞིག་ཤི་ན་བརྗེད་མི་སྲིད་པའི་རླབས་ཆེན་གྱི་བྱ་རྒྱས་ཆེན་པོ་བོད་མི་དམངས་ཡོངས་སུ་རྫོགས་པར་ཡི་ངོ་དོན་རྟོག་བྱེད་ནས་བཀའ་དྲིན་རྗེས་དྲན་བྱེད་ན་འོས་པ་ཞིག་རེད་དེ་མིན་སྐད་ཆ་འདྲ་མིན་ཁུར་ནས་མ་ཡིན་པར་མི་རིགས་ཀྱི་ལ་རྒྱ་དང་ཆོལ་གསུམ་གཅིག་དུ་སྒྲིལ་བའི་རྡོག་རྩ་ཆིག་སྒྲིལ་ངང་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་མི་རྒན་རྣམས་ལ་རྡོ་རིང་བྱུང་ན་ཅི་མི་ལེགས་ངས་ནི་ག་དུས་ཡིན་ན་དེ་བའི་རྗེ་འཇུག་བྱེད་ནས་ནམ་ཡང་བརྗེད་དཀའ་བའི་ཚེ་སྲོག་དེ་ཡིན།
བོད་ནས་ག་འགྲིག་བྱེད་ནས་སླེབས་ཡོད་མེད་བཤད་མི་དགོས་པར་ཚང་མ་མཁྱེན་གསལ་རེད་རྒྱ་གར་སླེབས་ནས་ག་འགྲིག་ཆགས་ཡོད་མེད་རབ་རྩམ་ཞིག་བཤད་ན་དང་པོ་ཁ་ཐོར་ཆགས་ཡ་དེ་ལྷ་སྲས་རྒྱལ་ལོ་དོན་གྲུབ་དང་དྲང་ཡིག་ལྷ་མོ་གཉིས་ལ་བྲིས་ན་ཆ་ཚང་བའི་ཤེས་ཀྱི་རེད་ག་འགྲིག་བྱེད་མེད་བོད་ནས་སླེབས་པའི་བྱ་རྒྱས་དེ་བཀའ་དྲིན་མེད་པའི་ཕྲོག་ལགས་ག་འགྲིག་བྱེད་ནས་འགྲོ་ཡོད་མེད་དེ་ཤེས་དགོས་ཡ་་ཤིན་ཏུ་གལ་ཆེན་པོ་རེད་ངས་འདྲ་བོ་ཤེས་ཡ་མེད་པའི་ད྄་ཕྲུག་ཞིག་གི་བཤད་ན་དངོས་གནས་སེམས་སྐྱོ་འི་གནར་མ་ངུ་འབད་རང་རེད་འདུག་བསྟན་སྲུང་དངས་བླངས་དམར་སྒར་དེ་བོད་ཆུ་ཤོར་དུས་སོ་སོར་སྲོག་ཤིང་རིང་དང་བྲལ་བའི་དེ་བོད་སྤྱིའི་ཆེད་དུ་བདེ་སྡུས་ལ་འགན་ཁུར་ནས་བོད་མདོ་ཁམས་ཆུ་བཞི་སྒང་དྲུག་དེ་འདྲ་བའིམགོ་་བཙུགས་ནས་དཀའ་ལས་རྒྱག་པར་དེ་དེ་སང་ཤེས་མཁན་ཁག་པོ་རེད་བོད་སྤྱིའི་ལ་རྒྱ་དེ་ཉིན་མཚན་མེད་པའི་སྲོག་གི་ལས་དཀའ་བྱེད་པ་དེ་དེ་རིང་ཁ་སང་མིང་རྩམ་འབད་ན་ནག་ཉེས་རེད་ཟེར་མཁན་ཤིན་ཏུ་མང་པོ་འདུག་ཧ་ཅང་མཐར་མའི་སྐད་ཆ་རེད་དུས་ཆུ་བཞི་སྒང་གི་སྔོན་ད་བར་དུ་བོད་སྤྱིའི་རྩ་དོན་དང་ཡང་སྒོས་༧གོང་ས་ཡིད་བཞིན་ནོར་བུ་ལ་དམ་ཚིག་དབྱེར་ངང་ནས་སྡོད་ཡོད་པར་དེ་བདེན་པར་རེད་མི་རེ་ཟུང་ཞིག་བླ་མ་བཀའ་ཁུར་ནས་བོད་ཆོལ་ཁ་གསུམ་ནང་ཕན་ཚུན་ལ་དཀྲུགས་ཞིང་བྱེད་ནས་ནང་ཁུལ་ལ་དགྲ་རྒྱབ་ནས་སྡོད་པའི་གནས་ཚུལ་དེ་ཚོས་དྲན་ནས་སྙིང་ཁྲག་ལོག་ཡ་རྒྱུ་ཞིག་ཆགས་ཀྱི་འདུག་ཁ་ནས་མ་རྟོག་དོན་ལ་དངུལ་དང་དཔལ་འབྱོར་ཡོད་ན་གཞུང་ཤག་དེ་མིང་རྩམ་ཁུར་ནས་ལས་དོན་འགན་ཁུར་དངོས་གནས་དེ་ཡོད་མ་རེད་མི་བསླབ་གསུམ་ཅན་ཞིག་སླེབས་ན་གཞུང་ཤག་ནས་མ་མཐེན་ཡ་ཆ་ལས་གནང་གི་རེད་ཁ་སྙན་པོ་དང་གད་མོ་ཞིམ་ཞིམ་ཡོད་ན་ཡག་པོ་འདུག་ལབ་ཀྱི་རེད་དོན་ལ་བསླབ་གསུམ་ཡོད་མ་རེད་ག་དུས་ཡིན་ན་ཡིད་བཞིན་ནོར་བུ་བཀའ་རེད་ལབ་ན་ཡག་པོ་མ་རེད་དོན་དག་དེ་སོ་སོར་རྒྱ་ཁབ་ལ་བལྟས་ནས་ལས་དོན་བསྒྲུབ་ན་འབྲས་བུ་བཟང་པོ་ཞིག་སྨིན་གྱི་རེད་དྲན་པའི་སེམས་ལ་ཁག་པོ་རེད་ཡིད་ནོར་བུ་བཀའ་དངོས་གནས་དེ་བསྒྲུབ་ཤིན་ཏུ་ཉོང་ཉོང་རེད་མི་ལ་དགྲ་མི་བཟོས་པའི་དང་རྫུན་མ་རྐུ་མ་མི་བྱེད་པའི་སོ་སོར་རྒྱ་ཁབ་ཤ་ཞེན་བྱེད་ན་ཡིད་ནོར་བུ་བཀའ་དངོས་གནས་རེད།མང་པོ་ཞིག་བཤད་ཡ་ཡོད་དུས་བཤད་ན་ཡག་པོ་མི་འདུག་དེ་རིང་དེ་གར་བཞག་ཡིནཐཐཐཐ



བརྗོད་གཞི་གཞན་ཁག་ལ་གཟིགས།