གདོན་འདྲེ་ལ་སྐྲག་མི་དགོས།

མཚམས་དེར་ངས་གོ་མྱོང་བ་ཞིག་ལ་འདྲེ་ཡིས་ཁྲིད་པ་ཡིན་ན། དཀོན་མཆོག་ལ་གསོལ་བ་འདེབས་ན་འདྲེ་སྐྲག་ནས་མི་གློད་ཀྱི་ཡོད་པའི་སྐོར་དེ་དྲན་བྱུང་། ངས་ཡོད་ཚད་སྒྲིམ་སྟེ་༸རྒྱལ་བ་རིན་པོ་ཆེས་ཤེས། བླ་མ་དཀོན་མཆོག  སངས་རྒྱས་དཀོན་མཆོག  ཆོས་དཀོན་མཆོག  དགེ་འདུན་དཀོན་མཆོག ཅེས་འབོད་པ་མ་ཟད། ཨོ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།ཞེས་སྒྲོལ་མ་ཡང་བཏོན་པ་ཡིན།

དེ་འདྲ་ཞིག་ནས་ང་ཡི་ལུས་པོ་ཡོངས་རྫོགས་ཐག་པས་སྡོམ་པ་ལས་གྲོལ་བ་ལྟ་བུ་ཞིག་དང་། སྤགས་ཚག་མཐུག་པོ་ཞིག་ཕུད་པ་འདྲ་བའི་ཡང་སིང་སིང་བྱས་སོང་། ངས་མིག་ཕྱེ་ནས་ལྟ་སྐབས་འདོན་འདྲེ་དེའི་མིག་ང་ལ་བགྲད་དེ་ཨམ་གཙིགས་སྡོམ་བཞིན་ལག་གཉིས་ཀྱིས་ངའི་བྲང་ནས་ཕུད་རྒྱག་ཅིག་བརྒྱགས་སོང་། དེ་ནས་ངས་ཅི་ཡང་ཚོར་མ་བྱུང་། རྗེས་སུ་དྲན་པ་སོས་དུས་ནང་ལ་བསླེབས་ཚར་འདུག་ཅེས་བཤད་བྱུང་། དུས་དེ་ནས་ཁོ་ལ་འདྲེ་ཐར་ཅེས་བཏགས་རེད་ལ། ཁོང་གིས་ཀྱང་ང་དཀོན་མཆོག་གིས་སྐྱབས་པ་རེད་ཅེས་བཤད་ཀྱི་ཡོད། རྒྱ་ཆེའི་ཀློག་པ་པོ་ཚོར། ང་ཚོས་འདྲེ་དངོས་སུ་མཐོང་མྱོང་མཁན་ནི་ཧ་ཅང་གི་དཀོན་པོ་དང་། ཉུང་ཉུང་ཡིན་ན་ཡང་། ང་ཚོས་གློག་བརྙན་དང་དཔེ་དེབ། བཤད་རྒྱུན་འདྲ་མིན་བཅས་ནས་འདྲེ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་གློག་བརྙན་ནང་གི་གདོན་འདྲེ་དེ་ཚོ་ནི། གཙོ་བོར་ལྟད་མོ་བ་ཚོར་དངངས་སྐྲག་ཆེན་པོ་བསླེབ་བཅུག་པའི་ཆེད་དུ་ཞེད་སྣང་གང་ཚ་འཁྲབ་ཀྱི་ཡོད་པ་ལས། དངོས་ཡོད་གནས་ཚུལ་ལས་བརྒལ་བ་ཧ་ཅང་མང་།  ད་དུང་འཁྲབ་གཞུང་ནང་གི་གདོན་འདྲེ་དེ་ཚོ་ནི་མི་ཞིག་བསད་པའམ་ཤི་བ་དེ། འདྲེ་ལ་གྱུར་ནས་རང་ཉིད་ཀྱི་ཤ་འཁོན་ལེན་དུ་བསླེབས་པ་ལྟ་བུ་ཞིག་ལས་སྤྲོས་པ་ཤ་སྟག་ཡིན།

ང་ཚོའི་བཤད་རྒྱུན་དུ་ཡོད་པ་ནི། གདོན་འདྲེ་ལ་ཤི་འདྲེ་དང་གསོན་འདྲེ་ཞེས་རིགས་གཉིས་ཡོད། ཤི་འདྲེ་ནི་མི་ཞིག་ཤི་ནས་འདྲེ་ལ་སྐྱེས་པ་དེ་དང་། གསོན་འདྲེ་ནི་ད་ལྟ་མི་གསོན་པོ་ཡིན་བཞིན་དུ་དགོང་མོ་འདྲེ་ཚོའི་གྲལ་ནས་འདྲེ་ཡིན་པ་དང་། ཉིན་མོ་མི་ཚོའི་གྲལ་དུ་ཡིན་པ་ཞིག་ལ་ཟེར། གསོན་འདྲེ་དང་ཤི་འདྲེ་གཉིས་ལས་གསོན་འདྲེ་ཧ་ཅང་གིས་ནུས་པ་ཆེ་བ་བཤད་སྒྲོས་སུ་ཡོད་པ་བཅས་ཡིན། གང་ལྟར་ཡང་ང་ཚོས་འདྲེ་ཡོད་པར་ཡིད་ཆེས་སམ་ཁས་ལེན་གྱི་ཡོད་པ་རེད།

སྤྱིར་ནས་རང་ཉིད་ཀྱིས་མ་མཐོང་བའི་རྒྱུ་མཚན་དུ་བྱས་ནས་མེད་ཟེར་མཁན་ཧ་ཅང་མང་ལ། དེ་བཞིན་དུ་ལྷ་དང་འདྲེ་ཡང་མེད་པའི་རྒྱུ་མཚན་དེ་ལྟར་བགྲང་གི་ཡོད།  དཔེ་ན་བོད་ནས་བཏོན་པའི་<ཤེས་བྱའི་ཟེགས་མ་>ཟེར་བའི་དེབ་དེའི་ནང་དུ་གལ་སྲིད་ཚན་རིག་གི་ཤེས་བྱ་མེད་ལ་ལྷ་འདྲེར་དད་པ་བྱེད་མཁན་ཞིག་ཡིན་ན་འཁྲུལ་སྣང་དེ་རྣམས་ལྷ་འདྲེའི་ཞལ་གཟིགས་ པའམ་ལུང་བསྟན་དུ་བརྩིས་ཏེ། དེ་བས་རྨོངས་དད་ཀྱི་འཆིང་རྒྱར་ཚུད་ངེས་རེད་ ཅེས་དང་།   ད་དུང་ལྷ་འདྲེའི་སྐད་གོ་བའམ་གཟུགས་བརྙན་མཐོང་བའི་འཁྲུལ་སྣང་ཤར་གྱི་ཡོད་པ་ལས་འཇིག་རྟེན་ཐོག་ལྷ་འདྲེ་གདོན་བགེགས་ཟེར་བ་ཡེ་ནས་མེད་དོ།། ཅེས་ལྷ་དང་འདྲེ་མཉམ་དུ་སྦྱར་ནས་མེད་ཅེས་སྡོམ་ཚིག་གཅིག་གིས་བརྒྱབས་འདུག

འོན་ཀྱང་ང་ཚོ་ལྷ་ཁས་ལེན་མཁན་ཞིག་གི་ངོས་ནས་འདྲེ་ཡང་སེམས་ཅན་ཞིག་ཏུ་རྩི་དགོས་པ་ཡིན། དེ་ཡང་༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཅིག་གི་སྐབས། གདོན་འདྲེ་ཡི་སྐོར་ལ་ལོ་རྒྱུས་སྣ་ཚོགས་ཤིག་གསུངས་རྗེས། འདི་ཚོའི་གྲས་དེ་ང་རང་ཚོ་མི་མ་ཡིན་པའི་འགྲོ་བ་ཁྱད་མཚར་དེ་འདྲ་ཡོད་པ་རེད། ཡང་ཆེ་ས་ནས་བཤད་པ་ཡིན་ན། གནས་ཆུང་ཆོས་སྐྱོང་དང་། ལྷ་དེ་ཚོའི་གྲས་དེ་ཡོད་ཐག་ཆོད་རེད། ཅེས་ང་ཚོ་ཕལ་པས་མ་མཐོང་བའི་མཐོ་བར་ལྷ་དང་སྲུང་མ་ལྟ་བུ་དང་། དམའ་བར་འདྲེ་དང་ཡི་དྭགས་དེ་ཚོ་ཡོད་པ་ཁོང་གིས་ཚིག་ཐག་བཅད་ནས་གསུངས་འདུག

དེ་བརྟེན་ང་ཚོ་སེམས་པ་བཟང་པོ་དང་། ཉམས་ཆུང་། ཆེ་བ་ལ་བརྩི་བཀུར་དང་ཆུང་བར་བྱམས་སྐྱོང་བྱེད་དེ། མི་གཤིས་རྒྱུད་ཡག་པོ་དང་། ཡིན་ལུགས་ཚུལ་མཐུན་གྱིས་འདི་ཕྱི་རྒྱུ་འབྲས་ཡག་པོ་སྲུང་པ་ཡིན་ན། གདོན་འདྲེ་སོགས་ཀྱིས་གནོད་པ་སྐྱེལ་བ་ཡིན་ན་ཡང་། རྗེ་བཙུན་སྒྲོལ་མ་དང་དཀོན་མཆོག་སོགས་ཀྱིས་མི་དེ་ལ་རོགས་པ་བྱེད་ཀྱི་ཡོད།  དཔེ་ན་འདྲེ་ཐར་གྱིས་སྒྲོལ་མ་འདོན་ཤེས་པ་དང་། དཀོན་མཆོག་ལ་གསོལ་བ་བཏབ་ཤེས་པས་ཁོང་འདྲེ་ཡི་ཁ་ནས་སྐྱབས་པ་རེད། དེ་བརྟེན་ང་ཚོས་དུས་རྒྱུན་དུ་སྒྲོལ་མ་དང་མ་ཎི། སྐྱབས་འགྲོ་སོགས་ཡག་པོ་འདོན་པ་ཡིན་ན་གདོན་འདྲེ་སོགས་ལ་སྐྲག་དགོས་དོན་རྩ་བ་ནས་མེད་དོ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།