༄༅། །གདོན་འདྲེ་ལ་སྐྲག་མི་དགོས།

གདོན་འདྲེ་ནི་ཡོངས་གྲགས་སུ་མི་ལ་གནོད་པ་སྐྱེལ་མཁན་ཞིག་ཡིན་པ་མ་ཟད། མི་བསད་ནས་མི་ཤ་ཟ་ཡི་ཡོད་ཅེས་ང་ཚོ་མང་པོ་ཞིག་འདྲེ་ལ་ཞེད་སྣང་དང་དངངས་སྐྲག་བྱེད་ཀྱི་ཡོད། ཡང་ཁ་ཤས་ཀྱིས་འདྲེ་ཞེས་པའི་མི་ལ་གནོད་པ་སྐྱེལ་མཁན་གྱི་སེམས་ཅན་ཞིག་མེད་ཀྱང་། མི་ལ་ལ་ཞིག་གིས་ངས་འདྲེ་མཐོང་སོང་ཟེར་བ་དེ་ནི། རང་གི་ཀླད་རྩ་འཁྲུགས་ཏེ་འཁྲུལ་སྣང་སྣ་ཚོགས་འཆར་བ་ཞིག་ཡིན་པ་ལས། དོན་དངོས་ཐོག་ཞེད་སྣང་སྐྱེ་དགོས་པའི་གདོན་འདྲེ་ཞིག་གཏན་ནས་མེད་དོ། ། ཞེས་བརྗོད་མཁན་ཀྱང་ཡོད། དེ་བརྟེན་འདིར་སྒྲུང་གཏམ་ཐུང་ཐུང་ཞིག་དང་ལྷན་དུ་གདོན་འདྲེ་ཡི་སྐོར་ཕྲན་བུ་བཤད་ཀྱི་ཡིན།
མུ་འཐུད་ནས་ཡོད།
འདྲེ་ཐར་ནི་ཆུང་དུས་ནས་གཤིས་རྒྱུད་བཟང་ལ། ཆོས་སེམས་ཆེ་བའི་ཕྲུ་གུ་ཉམས་ཆུང་ཞིག་ཡིན། ཁོང་ནི་ངའི་གྲོགས་པོ་ཡག་ཤོས་དང་ང་དང་འཆམ་ཤོས། ལྷག་པར་དུ་རྫོང་ལ་ལྟད་མོ་བལྟ་སར་འགྲོ་རོགས་མང་ཤོས་ཀྱང་ཡིན། སྟོན་དུས་ནི་ངེད་གཉིས་ཀྱི་གློག་བརྙན་བལྟ་སར་འགྲོ་རྒྱུའི་གོ་སྐབས་མང་ཤོས་དེ་ཡིན། ཁྱིམ་ནས་འབྲུ་རིགས་ནས་དང་། གྲོ་སོགས་བརྐུས་ཏེ་རྫོང་དུ་བཙོང་རྗེས་གློག་བརྙན་བལྟ་སར་འགྲོ་ཡི་ཡོད། ལྟད་མོ་ཚར་ནས་ཁྱིམ་དུ་ལོག་སྐབས་མཚན་ཕྱེད་ཆུ་ཚོད་བཅུ་གཉིས་དང་། དང་པོར་ཕལ་ཆེར་བ་ཟིན་གྱི་ཡོད། ངེད་གཉིས་རྫོང་ནས་ཁྱིམ་དུ་ལོག་པའི་ལམ་བར་དུ་འདྲེ་ལུང་པ་ཞེས་པའི་ཞེད་སྣང་ཆེ་བའི་ལུང་པ་དེ་རྒྱུད་ནས་ཡོང་དགོས་ཀྱི་ཡོད་ཀྱང་། ངེད་གཉིས་ནི་སུ་ལའང་ཞེད་སྣང་མེད་པར་གཉིས་ཀས་གཞས་བཏང་ནས་ཡོང་གི་ཡོད། དེ་ནས་རིམ་གྱིས་ངེད་གཉིས་ནས་འདྲེ་ཡི་སྐོར་གློག་བརྙན་མང་པོ་བལྟས་པ་དང་། གྲོགས་པོ་རྒྱུད་ནས་འདྲེ་ཡིས་མི་ཤ་ཟ་རབས་དང་། འདྲེ་ནི་ཞེད་སྣང་ཚ་བ་སོགས་མང་པོ་ཐོས་པས། མཚམས་རེ་ངེད་གཉིས་འདྲེ་ལུང་པར་བསླེབས་སྐབས་སྒྲོལ་མ་དག་ལ་མ་དག་ཅིག་འདོན་ནས་ཀྱང་ཡོང་མྱོང་ཡོད།
ལུང་པ་འདི་ཡི་ནང་མི་མང་པོ་བསད་མྱོང་ཡོད་པས་བཤད་སྲོལ་ལ་འདྲེ་ཡིས་བསད་པ་དང་། ལུང་པ་དེར་འདྲེ་མང་པོ་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད། དེར་བརྟེན་ལུང་པ་དེ་ལ་འདྲེ་ལུང་པ་ཞེས་བཏགས་པ་རེད་འདུག འདྲེ་ལུང་པ་ནི་གཡང་གཟར་གྱི་ལུང་ཤུར་ཞིག་ཏུ་དབྱར་ཁ་ཆུ་ཡོད་ཀྱང་། དགུན་ཁ་ཆུ་མེད་པའི་ཟམ་པ་རྙིང་ཁོག་ཅིག་ཡོད། འཚེར་ཕུང་མང་པོའི་ཚང་ཚིང་དང་། ཤིང་རིགས་འདྲ་མིན་གྱིས་ནགས་གསེབ་རྫབ་པོ་ཞིག་ཀྱང་ཡིན། ད་དུང་བྲག་རི་ཧ་ཅང་གཟར་བའི་རྐེད་ནས་འུག་པ་སོགས་ཀྱི་བྱ་ཚང་ཡོད་པ་མ་ཟད། མཚན་མོ་རྟག་པར་འུག་པ་བགད་པའི་སྒྲ་གོ་རྒྱུ་ཡོད་པའི་ལུང་ཤུར་ཞེད་སྣང་ཅན་ཞིག་ཡིན། མི་སྡར་མ་ཞིག་ཡིན་ན་མཚན་མོ་ཕར་ཞོག་ཉིིན་མོ་ཡང་ཁེར་རྐྱང་དུ་འགྲོ་མི་ཕོད་པའི་ལུང་པ་ཞིག་ཡིན།
སྟོན་ཟླ་བརྒྱད་པའི་ཚེས་ཉི་ཤུའི་དགོང་མོར་ངེད་གཉིས་གློག་བརྙན་ཁང་ནས་ཐོན་སྐབས་ཆུ་ཚོད་དང་པོ་ཏག་ཏག་ཟིན་ཚར་འདུག མི་གཉིད་ཁྱི་ཉལ་གྱི་ནམ་ཕྱེད་དེར་སྲང་ལམ་དུ། མི་ཕར་བཞག་དུད་འགྲོ་ཙམ་ཡང་མཐོང་རྒྱུ་མེད་པ་ནི། ལུས་ཀྱི་བ་སྤུ་ཀུན་ནས་གཡོས་པའི་གྲང་སེང་སེང་གི་སྟོན་རླུང་འདི་ལ་བྲོས་པ་དང་གཉིས་སུ་མ་མཆིས། འོན་ཀྱང་འདྲེ་ཐར་ངེད་གཉིས་ནི་གསལ་ལ་མི་གསལ་བའི་ཟླ་འོད་འོག་ནས། སྟོན་རླུང་བསིལ་བུ་དེ་འགམ་བཞིན་འདྲེ་ལུང་པར་སླེབ་བྱུང་།
ངེད་གཉིས་ཀྱིས་ད་ལྟ་བལྟས་པའི་གློག་བརྙན་སྐོར་ལ་གླེང་བཞིན་འདྲེ་ལུང་པའི་ཟམ་ཁར་སླེབ་སྐབས། ལམ་ལྟག་གི་འཚེར་ཕུང་ནས་སོབ་སྒྲ་ཞིག་གྲག་བྱུང་བས་ངེད་གཉིས་ཀྱི་སྐད་ཆ་ཡོད་ཚད་བརླགས་སོང་། མཚམས་དེར་ངེད་གཉིས་ཀྱི་གོམ་པ་མགྱོགས་སུ་སྤོ་པའི་རྡོག་སྒྲ་ལས་གཞན་གྲག་འགུལ་ཅི་དབེན། ནམ་རྒྱུན་བཞིན་བྲག་གཟར་གྱི་རྐེད་ནས་འུག་པའི་བགོད་སྒྲ་དེས་ངེད་གཉིས་ལ་ཞེད་སྣང་དེ་བས་ཆེ་རུ་བཏང་སོང་། ཡང་ལམ་འོག་ནས་སིག་སྒྲ་ཆེན་པོ་ཞིག་གིས་ངེད་གཉིས་ཀྱི་རྣ་བ་ཡང་གས་གྲབས་བྱེད་དེ། ལུས་པོ་ཡོངས་རྫོགས་ཚ་ཤ་ར་ར་དང་། སྐྲ་སྤུ་ཐམས་ཅད་གྱེན་དུ་གཟེར་བ་ལྟ་བུ་དང་། རྔུལ་ནག་དབང་མེད་དུ་འཁྱིལ་ནས་གོམ་པ་ཇེ་མགྱོགས་ག་ཚོད་སྤོ་ཡང་སླེབ་རྒྱུ་ཅི་ཡང་མེད་པ་ཞིག་ཚོར་བྱུང་། ངས་སྒྲོལ་མ་འདོན་ཀྱང་ཁ་དབུགས་ཧད་དེ་སྒྲོལ་མ་འདོན་ཐུབ་ཀྱི་མི་འདུག
མཚམས་དེར་རླུང་འཚུབ་ཆེན་པོ་ཞིག་གིས་འདྲེ་ལུང་པ་ཤུར་སྒྲས་ཁེངས་སོང་། ངེད་གཉིས་ཀྱི་འཁྲིས་ནས་ཀྱང་རླུང་འཁོར་ཅིག་བསྐོར་སོང་། ངས་མགོ་བོ་སྒུར་སྒུར་བྱས་ནས་མིག་གཉིས་བཙུམ་པ་ཡིན། མིག་ཕྱེ་ནས་ལྟ་སྐབས་ངའི་རོགས་པ་འདྲེ་ཐར་ནི་རླུང་འཚུབ་དེས་འཁྱེར་ནས་ག་སོང་ཆ་མེད་དུ་གྱུར་འདུག ངས་ཁོ་ནི་འདྲེ་ཡིས་ཁྲིད་པ་རེད་བསམ་ནས་ཞེད་སྣང་གིས་༸རྒྱལ་བ་རིན་པོ་ཆེས་ཤེས་ཞེས་འབོད་དེ་དབུགས་ཀྱང་གཏོང་ལོང་མེད་པར་ཁྱིམ་དུ་བྲོས་ཡོང་པ་ཡིན། ང་ཁྱིམ་དུ་སླེབ་པ་དང་དྲན་པ་འཐོར་འདུག །
ངས་འདོན་སྒྲ་ཞིག་གོ་བྱུང་། མགོ་ཡར་བཀྱགས་ནས་བལྟས་པས་ང་ཚོའི་མཆོད་ཁང་དུ་ཁྱིམ་མཚེས་རྒན་མགོན་པོ་ལགས་ཀྱིས་གདུགས་དཀར་འདོན་བཞིན་འདུག ངའི་སྐེ་ལ་ཕྱག་མདུད་གསར་པ་མང་པོ་ཞིག་བཏགས་འདུག་ལ། ཉལ་ཁྲི་ཡི་འཁྲིས་སུ་སླ་ངའི་ནང་ལ་མེ་ཕྲུ་བླུགས་ཏེ་གནས་ཆུང་ཕྱག་ནས་དང་། ཚྭ་སྔགས་བསྲེགས་འདུག་པས་ངས་དོ་དགོང་གི་གནས་ཚུལ་རྣམས་གཞི་ནས་དྲན་པ་སོས་བྱུང་། ངས་གནས་ཚུལ་དེ་རྣམས་གཅིག་ཀྱང་མ་ལུས་པ་ཁོང་ཚོ་ནང་མི་ཁྱིམ་མཚེས་རྣམས་ལ་བཤད་པས། གྲོང་པའི་ཕོ་གསར་ཚང་མས་འདྲེ་ལུང་པར་འདྲེ་ཐར་གྱི་ཕུང་པོ་འཚོལ་བར་འགྲོ་སོང་། བོད་ཀྱི་གཏམ་དཔེ་ལ་ཆག་སྒོ་བྱུང་ནས་ནས་རྟ་ཐོག་ལྷུང་། ལྷུང་ལ་ཡག་པོ་བྱེ་མའི་དཀྱིལ། ཟེར་བའི་དཔེ་ལྟར་འདྲེ་ཐར་ནི་འདྲེ་ལུང་པའི་འདབས་ཀྱི་བྲག་འོག་ཞིག་ཏུ་དྲན་པ་འཐོར་བ་ལས། སྲོག་སྐྱོན་ཅི་ཡང་བྱུང་མི་འདུག ཁོ་དྲན་པ་སོས་སྐབས་དབང་མེད་དུ་ཁ་ནས་‘‘༸རྒྱལ་བ་རིན་པོ་ཆེ་དང་། ‘‘རྗེ་བཙུན་སྒྲོལ་ཞེས་ཡང་ཡང་འབོད་ཀྱི་འདུག
ཁོས་བཤད་པར་ལྟ་ན། དགོང་མོ་དེར་རླུང་འཚུབ་དྲག་པོ་དེའི་དཀྱིལ་ནས་ངས་སྔར་མཐོང་མྱོང་ཁྱོན་ནས་མེད་པའི་བུ་མོ་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་གིས་ང་སྐད་བཏང་བྱུང་། བུ་མོ་དེ་ནི་དངོས་གནས་ལྷ་མོ་ཟེར་བ་འདི་ཡིན་ས་རེད་དྲན་བྱུང་། སྙན་ངག་མཁན་ཚོས་བརྗོད་པ་བཞིན་ཞལ་རས་དཀར་ལ་དམར་བའི་མདངས་འཕྲོ་བ། གནག་ཅིང་སྣུམ་པའི་སྐྲ་ལོ་ཡོམ་ཡོམ་དུ་གཡོ་བ། ཕྲ་ཞིང་ལྡེམ་པའི་ལུས་ལ་ལྭ་བའི་འཕྱང་འཕྲུལ་ལྷབ་ལྷུབ་དུ་དཔྱང་པ། ད་དུང་ཁོའི་མིག་གིས་ལྟ་སྟངས་དེས་སེམས་ལ་ཅི་བསམ་འདི་བསམ་མེད་པར་གྱུར་སོང་། ཁོས་ང་ལ་དམ་དུ་འཁྱུད་དེ་སྨུག་པ་ལྟ་བུ་ཞིག་གི་ཀློང་ནས་རླུང་གིས་དེད་འགྲོ་བ་ལས་གོམ་པ་སྤོ་དགོས་ཀྱི་མི་འདུག ཅུང་ཙམ་ནས་ཁོའི་ངོ་མདངས་རིམ་བཞིན་འགྱུར་ཏེ། སྐྱ་རིད་རིད་ཀྱི་ངོ་གདོང་ལ་ཁྲག་རྩ་རྣམས་སྔོ་སེང་སེང་མངོན་གྱི་འདུག་པ་མ་ཟད། མིག་རྩ་ཤིན་ཏུ་དམར་ལ་ཁ་ནས་མཆེ་བ་ཡང་ཐོན་གྱི་འདུག ད་དུང་དེས་བས་ཞེད་སྣང་ཚ་བ་ནུར་མ་གཡས་པ་ཕྲག་ལ་གཟར། གཡོན་པ་ཐུར་དུ་དཔྱང་བའི་ཡ་མ་ཟུག་གི་རྣམ་འགྱུར་འདི་དག་མཐོང་དུས། ཤི་ཟེར་བ་དེ་རིང་ཡིན་ས་རེད་དྲན་བྱུང་། སྐྲག་ཐག་ཆོད་ནས་མིག་གཉིས་བཙུམ་པ་ཡིན།
མུ་འཐུད་ནས་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།