གུ་དོག་པའི་འཇིག་རྟེན།

གུ་དོག་པའི་འཇིག་རྟེན།
མགོ་བོ་བཀྱགས་ན་ལྷ་ཡིས་བཀའ་ནན་བཅད།།
རྐང་པས་བསྣོ་ན་ཀླུ་ཡིས་གནོད་ལ་བྲེལ།།
ཐམས་ཅད་རང་གཤིས་མཁྲེགས་པའི་ངང་ཚུལ་འདིས།།
ཡངས་བའི་འཇིག་རྟེན་འདི་ནི་ཅིས་མི་དོག།


གངས་རི་ཟེར་ན་སེངྒེས་འཇིགས་ཉམས་བསྟན།།
མཚོ་མོ་གླེང་ན་གསེར་ཉ་ཁྲོས་ཏེ་འཁྱུགས།།
ཐམས་ཅད་རང་ཕྱོགས་ཞེན་པའི་ངང་ཚུལ་འདིས།།
ཡངས་བའི་འཇིག་རྟེན་འདི་ན་ཅིས་མི་དོག།

ལྷ་ལུང་བསྩལ་ན་འདྲེ་ཡིས་གནོད་རབས་གསུངས།།
མི་ཡི་མོ་པས་ལྷ་མོ་ཁྲོས་རབས་བཤད།།
ཐམས་ཅད་གཞན་ལ་སྐོན་པའི་ངང་ཚུལ་འདིས།།
ཡངས་བའི་འཇིག་རྟེན་འདི་ན་ཅིས་མི་དོག།

སྐྱིད་པོ་བསམ་ན་གོང་མའི་སྐྱིད་མ་མཐོང་།།
སྡུག་རབས་བསམ་ན་དམྱལ་བའི་སྡུག་མ་རིག།
ཐམས་ཅད་སྐྱིད་སྡུག་སེམས་པའི་ངང་ཚུལ་འདིས།།
ཡངས་བའི་འཇིག་རྟེན་འདི་ན་ཅིས་མི་དོག།

ཁྱེད་ཀྱིས་ཡོད་ཚད་གསུངས་ཀྱང་ངར་མི་འཚམ།།
ངས་ཀྱང་སྙིང་གཏམ་བཤད་ནའང་ཁྱེད་མི་དགའ།།
ཐམས་ཅད་སོ་སོའི་ལྟ་བའི་ངང་ཚུལ་འདིས།།
ཡངས་བའི་འཇིག་རྟེན་ན་ཅིས་མི་དོག།

རང་གིས་ཉེས་བྱས་རུལ་སྦལ་སྤུ་ལྟར་རྩི།།
གཞན་གྱི་སྐྱོན་ནི་རྫ་རྡོ་བཞིན་དུ་མཐོང་།།
ཐམས་ཅད་རང་ཉིད་མཆོག་འཛིན་ངང་ཚུལ་འདིས།།
ཡངས་བའི་འཇིག་རྟེན་ན་ཅིས་མི་དོག།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ནུབ་ལུགས་གསོ་རིགས་གཞུང་ཆ་ཚང་བ་བོད་ཡིག་ཅན་ཏུ་གཏོང་
བའི་རེ་འདུན།
ང་ཚོས་ནུབ་ལུགས་གསོ་རིག་བོད་ཡིག་ཅན་དུ་བསྒྱུར་ནས་གསོ་རིག་སློབ་གླིང་དུ་སྦྱང་བརྩོན་བྱེད་རྒྱུ་དང་ནུབ་ལུགས་གསོ་རིག་མཁས་ལྡན་མི་སྣ་འབོར་ཆེན་བསྐྱེད་སྲིང་བྱེད་པ། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རྒྱལ་ནང་ས་གནས་སོ་སོར་བོད་སྐད་ཡིག་ནུབ་ལུགས་སྨན་ཁང་གསར་འཛུགས་བྱེད་རྒྱུ།
དེ་ལྟར་བྱས་ན་ད་གཟོད་ལས་རིགས་དེའི་ཤེས་ལྡན་མི་སྣ་སྤྱོད་པའི་ཚོང་ར་ཞིག་ཡོད་པ་ཡིན་ལ། རང་རེའི་མི་རིགས་ཀྱི་འཕྲོད་བསྟེན་ཡར་རྒྱས་དང་སྐད་ཆ། སྐད་ཡིག དཔལ་འབྱོར། ཚན་རིག་རིག་གནས་སོགས་གོང་འཕེལ་དུ་འགྲོ་ཐུབ་པར་མ་ཟད་བོད་མཆོད་གསུམ་ས་གནས་ཡོངས་ཀྱི་མི་དམངས་ཁྲི་ཕྲག་ལྷག་ལ་ལས་ཀ་ཐོབ་པ་དང་ཆབས་ཅིག་སྐད་ཡིག་བཀོལ་སྤྱོད་རྒྱ་ཆེ་རུ་འགྲོ་ལ་འཛམ་གླིང་མི་དམངས་ལའང་ཞབས་ཞུ་རྒྱ་ཆེན་སྒྲུབ་ཐུབ་རྒྱུ་རེད། རང་རེའི་རིག་གནས་དེ་རིམ་བཞིན་ཕུན་སུམ་ཚོགས་ཤིང་འཐུས་ཚང་དུ་བཏང་ན། བོད་མི་རིགས་ཀྱི་མ་འོངས་བའི་སྤྱི་ཚོགས་འཚོ་བ་འཕེལ་རྒྱས་སུ་འགྲོ་བར་ཕན་པ་རྒྱ་ཆེན་པོ་འབྱུང་ཐུབ།
འདི་ནི་མི་སྒེར་བ་ཞིག་གི་དོན་དག་མ་རེད། བོད་མི་ས་ཡ་དྲུག་གི་མི་རབས་ནས་མི་རབས་ཤིག་གི་དོན་དག་རེད་ལ། མི་རིགས་སྐད་ཡིག་ཡར་རྒྱས་དང་འཕྲོད་བསྟེན་ཡར་རྒྱས་གཏོང་བའི་རྨང་གཞི་ཡིན་ལ་རྩ་བའི་སྲིད་ཇུས་རེད།
དེ་འདྲ་བྱས་ན་འགྲིག་ཅིང་འོས་ཤིང་འཚམ་པ་ཞིག་དང་མི་རིགས་གཞན་དག་བསྡུར་ན་བར་ཁྱད་ཧ་ཅང་ཆེན་པོ་ཡོད་པ་ལས་བོད་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་ཟེར་བ་དེ་ལ་ཡོང་བ་དང་། གྲུབ་འབྲས་དང་རང་རེའི་སྐད་ཡིག་ཚན་རིག་རིག་གནས་བཀོལ་སྤྱོད་ཐོག་ཧ་ཅང་འཕོ་འགྱུར་ཆེན་པོ་ཐོབ་གི་རེད། དེ་འདྲ་བྱེ་བྲག་རེ་རེ་མ་བྱས་ན་བོད་རང་གི་སྐད་དང་རིག་གནས། དཔལ་འབྱོར་སོགས་ཉམས་ཉེས་འགྱུར་བ་ལས་གོང་འཕེལ་གཏོང་དགོས་ཞེས་བཤད་པ་ཁ་སྟོང་ནང་གི་ཚིག་སྟོང་རེད། དེ་ལྟར་བྱས་ན་དོན་སྙིང་ཆེན་པོ་ཞིག་ཡོད་པར་འདོད། །









མི་རིགས་སྐད་ཡིག་ལས་དོན་གཉེར་བའི་བོད་མི་རྣམས་ལ་གུས་པས་ཕུལ་བ་དགེ་གྱུར་ཅིག
༢༠༡༠ལོའི་ཟླ་བཅུ་བའི་ཚེས་བརྒྱད་ཉིན་བྲིས།
ནུབ་ལུགས་གསོ་རིག་བོད་ཡིག་ཅན་དུ་གཏོང་བའི་རེ་འདུན།
ལྷག་བསམ་ཟོལ་མེད་ཀྱིས་འབྲེལ་ཡོད་ལས་ཁུངས་དང་མགོ་ཁྲིད་རྣམས་ལ་ཕུལ་དོན།
ནུབ་ལུགས་གསོ་རིག་ལ་ནུབ་ཕྱོགས་ཀྱི་སྨན་རིག་པ་དང་ཕྱི་ལུགས་གསོ་རིག་ཅེས་ཀྱང་འབོད་ཆོག དེ་ནི་ཐོག་མར་གནའ་བོའི་ཀེ་རི་སི་ནས་བྱུང་ཞིང་རིམ་བཞིན་རྒྱལ་ཁབ་དང་ས་ཁུལ་གཞན་དག་ལ་དར་ཁྱབ་བྱུང་། རྒྱལ་ནང་དུ་མིང་རྒྱལ་རབས་ཀྱི་མཇུག་དང་ཆིན་རྒྱལ་རབས་ཀྱི་མགོར་ཡེ་ཤུའི་ཆོས་ལུགས་དར་བ་དང་མཉམ་དུ་ནུབ་ལུགས་གསོ་རིག་ཀྱང་སྤེལ་མགོ་བརྩམས། རྗེས་སུ་རྒྱ་ནག་རང་གི་བརྟག་དཔྱད་དང་ཉམས་མྱོང་བརྒྱུད་ནས་སྔར་གྱི་ནུབ་ལུགས་གསོ་རིག་གི་ཤེས་བྱ་དང་ལག་རྩལ་ཕུན་སུམ་ཚོགས་པའམ་འཐུས་ཚང་དང་། ཐུན་མོང་མིན་པར་གྱུར་ཏེ་ད་ལྟ་ཁོ་ཚོ་རང་གི་རིག་གནས་ཤིག་ཏུ་གྲུབ་ཟིན། སྤྱིར་རིག་གནས་ཤིག་མི་རིགས་གཞན་ནས་ཚུར་ལེན་བྱས་ཏེ་ཡུན་རིང་འགོར་ཚེ་མི་རིགས་དེའི་རིག་གནས་གསར་བ་རུ་འགྱུར་སྲིད་དེ། རང་རེའི་བོད་ལ་མཚོན་ནའང་སངས་རྒྱས་ཆོས་ལུགས་དེ་རྒྱ་གར་ནས་ཚུར་དར་ནས་བགྲང་བྱ་མང་པོ་ཞིག་འདས་པའི་དེ་རིང་བོད་བརྒྱུད་ནང་བསྟན་ཞེས་མིང་དུ་གྲགས་ཡོད་པ་ལྟར་རེད། དེ་མིན་དཔེར་ན་རང་རེའི་གེ་སར་གླིང་སྒྲུང་དེ་མི་རིགས་གཞན་དུ་འགྱུར་ནས་དུས་ཡུན་རིང་བོ་འགོར་རྗེས་མི་རིགས་དེ་དག་གིས་ཁོ་ཚོའི་མི་རིགས་དེའི་དཔའ་བོ་ཞིག་ཡིན་པའམ་མི་རིགས་དེའི་རྩོམ་རིག་རིག་གནས་ཤིག་ཡིན་པར་སྒྲོག་གིན་ཡོད་པ་ལྟར་རེད། ནུབ་ལུགས་གསོ་རིག་དེའང་རྒྱ་མི་རིགས་ཀྱི་རིག་གནས་སུ་གྱུར་དང་འགྱུར་བཞིན་པ་དོན་དངོས་ཡིན་ཏེ་ང་ཚོ་ཚང་མས་ཕྱི་སྨན་ལ་རྒྱ་སྨན་ཞེས་འབོད་ཀྱིན་ཡོད་པ་ལས་ཀྱང་རྟོགས་ཐུབ།
སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་རྒྱུན་གྱིས་དེད་དེ་དེང་གི་ང་ཚོ་བོད་པའི་ཁྲོམ་ར་དང་ཁྱིམ་ཚང་རེ་རེ་ནའང་ཕྱི་སྨན་མི་མཐོང་བའི་གནས་མེད། སྨན་ཁང་ཆེ་ཆུང་ཚང་མར་ཕྱི་སྨན་ཡོད་ཅིང་བོད་རིགས་རྣམས་ཀྱིས་ཀྱང་ནུབ་ལུགས་གསོ་རིག་གི་ཤེས་བྱའམ་ངོས་འཛིན་ཇེ་མང་ཇེ་ཟབ་ཏུ་འགྱུར་གྱིན་ཡོད། ཡིན་ནའང་ནུབ་ལུགས་གསོ་རིག་གི་སྐོར་ལ་རྒྱ་ཡིག་དང་དབྱིན་ཡིག་ལས་མ་འདས་པས། ང་ཚོས་ཀྱང་ནུབ་ལུགས་གསོ་རིག་གི་རིག་གཞུང་འདི་བོད་ཡིག་ཏུ་བསྒྱུར་ནས་རང་རིགས་ལ་སྟབས་བདེ་གང་ལེགས་བསྐྲུན་རྒྱུ་དང་གཙོ་བོ་རང་གི་རིག་གནས་ཤིག་ཏུ་བསྒྱུར་རྒྱུ་དེ་རེད། གལ་ཏེ་ང་ཚོའི་ཤེས་ལྡན་མི་སྣ་དང་ཆེད་མཁས་པ། ཁེ་ལས་པ། སྨན་ཁང་དང་སྨན་མཁས་པ་སོགས་ནས་མཐུན་སྒྲིལ་དང་འབད་འབུངས་ཀྱིས་གསོ་རིག་ལོ་ཙྰའི་ཕྱོགས་འདིར་སྟོབས་ཤུགས་ངེས་ཅན་ཞིག་ཕུལ་ཐུབ་ཚེ་དེ་ལ་དོན་སྙིང་ཆེན་པོ་ཞིག་ཡོད་པར་འདོད།
གལ་ཏེ་བྱ་གཞག་འདི་ལེགས་འགྲུབ་བྱུང་ཚེ་གཅིག་ན་བོད་ཡིག་སྤྱོད་པའི་མང་ཚོགས་རྣམས་ལ་ཕྱི་སྨན་སྤྱོད་པའི་དཀའ་ཁག་སེལ་ཏེ་སྟབས་བདེ་དང་ཤེས་བྱ་གང་མང་ཞིག་བསྐྲུན་ཡོད་པ་མ་ཟད་བོད་ཡིག་སྤྱོད་པའི་ཁྱབ་ཁོངས་ཀྱང་རྒྱ་ཇེ་ཆེ་རུ་གྱུར་བ་རེད། གཉིས་ན་རང་མི་རིགས་ལ་རིག་གནས་གསར་བ་ཞིག་ཚུར་ལེན་བྱ་ཐུབ་སོང་བའམ་རིག་གནས་གསར་བ་དེས་རང་རིགས་ལ་ཞབས་འདེགས་ཞུ་ཐུབ་སོང་བ་རེད། གསུམ་ན་རང་མི་རིགས་ཀྱི་བོད་ལུགས་གསོ་རིག་དང་ནུབ་ལུགས་གསོ་རིག་ཟུང་དུ་འབྲེལ་ནས་རང་གི་སྔར་ཡོད་བོད་ལུགས་གསོ་རིག་དེ་སྔར་ལས་དེང་རབས་ཅན་དང་། ཚོང་ལས་ཅན། ཚན་རིག་ཅན། འཛམ་གླིང་ཅན་དུ་གཏོང་བར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད། བཞི་ན་རང་རེའི་ཚོང་རའི་དཔལ་འབྱོར་ལའང་ཕན་ཁེ་མི་ཉུང་བ་ཞིག་བཟོས་ཡོད་དེ་བོད་མི་མང་པོ་ཞིག་གིས་ནུབ་ལུགས་གསོ་རིག་བོད་ཡིག་ཅན་ལ་བརྟེན་ནས་ཚོང་ལས་གཉེར་ཏེ་མང་ཚོགས་ལ་ཕན་པ་དང་རང་ལ་དཔལ་འབྱོར་བསྐྲུན་ན་ཆོག་གོ།
མཐར། གསོ་རིག་ལས་དོན་གྱི་འདབ་བརྒྱ་ལྷུག་པར་གྲོལ་ཏེ་འགྲོ་བ་སེམས་ཅན་ཀུན་མི་འདོད་ན་ཚ་ལས་ཐར་ཞིང་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ།
ས་དོན་གཉེར་བའི་བོད་མི་རྣམས་ནས་གུས་པས་ཕུལ་བ་དགེ་གྱུར་ཅིག
༢༠༡༠ལོའི་ཟླ་བཅུ་བར་བྲིས།



བརྗོད་གཞི་གཞན་ཁག་ལ་གཟིགས།