ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐོར།

བོད་ཟླ་དང་པོའི་ཚེས་བཅོ་ལྔ་ནི་སྟོན་པ་ཤྰཀྱ་ཐུབ་པའི་རྗེས་འབྲང་པ་ང་ཚོ་ཚང་མས་དུས་ཆེན་ཁྱད་པར་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མ་ཟད་དེང་སང་སྨོན་ལམ་ཆེན་པོ་དང་སྦྱར་ནས། བཅོ་ལྔ་མཆོད་པ་དང་། བྱམས་པ་གདན་འདྲེན། གཏོར་མ་རྒྱག་པར་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་ཀྱི་ཡོད་པས་དེ་དག་གི་བྱུང་རིམ་དང་། དོན་སྙིང་ཅི་ཞིག་སྟོན་མིན་བཅས་ཀྱི་སྐོར་ཕྲན་བུ་ཞིག་འབྲི་འདོད་བྱུང་།


སྤྱིར་ཆོ་འཕྲུལ་དུས་ཆེན་ནི་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པ་སངས་རྒྱས་ནས་མི་ལོ་བདུན་པ་ལ་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་གཉན་ཡོད་དུ་མུ་སྟེགས་པའི་སྟོན་པ་རྫོགས་བྱེད་དང་། གནག་ལྷས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལ་ཅན། སོགས་ལ་ཕྱི་ལོ་སྔོན་གྱི་ ༥༡༡ ལོའི་ཟླ་བ་ ༡ པོའི་ཚེས་ ༡ ནས་ ༡༥ བར་རྫུ་འཕྲུལ་འགྲན་ནས་ཚེས་ ༡༥ ཉིན་མུ་སྟེགས་པའི་སྟོན་པ་དྲུག་པོ་འཁོར་དང་བཅས་པ་ཚར་བཅད་དེ་ཕམ་པ་མཛད་པའི་དུས་ཆེན་ཞིག་ཡིན། དུས་ཆེན་འདི་ནི་ཕལ་ཆེར་ནང་པ་ཡོངས་རྫོགས་ཀྱིས་གནའ་ནས་ད་བར་དྲན་གསོ་བྱེད་པའ་ིསྟོན་པའི་དུས་ཆེན་རྣམ་བཞི་ཡི་དང་པོ་དེ་ཡིན།

བཅོ་ལྔ་མཆོད་པ་ནི། བོད་ཟླ་ ༡ པོའི་ཚེས་ ༡༥ སྟེ་ཆོ་འཕྲུལ་དུས་ཆེན་ཉིན། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བཅས་ལ་ཕུལ་བའིམཆོད་རྫས་ཤིག་ཡིན། བོད་དུ་ཡིན་ན་མར་གྱིས་ཐོག་བརྩེགས་གཉིས་གསུམ་ཅན་དེ་འདྲ་བཞེངས་ཀྱི་ཡོད། མཆོད་པ་འདི་ལ་གཙོ་འཁོར་ལྔ་དང་། གཙོ་འཁོར་གསུམ་ཡོད་པའི་མར་ཚོན་གྱིས་བཞེངས་པའི་སྟོན་པའི་སྐུ་བརྙན་དང་། རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས་གསུམ། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག འདོད་ཡོན་སྣ་ལྔ་། བཀྲ་ཤིས་རྟགས་བརྒྱད་སོགས་ཧ་ཅང་གི་མཛེས་སྡུག་ལྡན་པའི་མཆོད་སྤྲིན་ཞིག་ཡིན།

སྨོན་ལམ་གཏོར་རྒྱག་ནི། སྤྱིར་བཏང་གཏོར་མ་ལ་ཡར་དཀར་ཕྱོགས་སྐྱོང་བའི་སྲུང་མ་ལ་མཆོད་པའི་གཏོར་མ་ཞིག་དང་། མར་འབྱུང་པོ་དགྲ་བགེགས་སོགས་ལ་སྦྱིན་པའི་གཏོར་མ་གཉིས་ཡོད། འོང་ཀྱང་སྨོན་ལམ་གཏོར་རྒྱག་འདི་ནི་ཡར་ཆོས་སྐྱོང་སྲུང་མ་ལ་ཕུལ་རྒྱུ་མིན་པར་བདག་ཅག་མི་ནོར་འཁོར་དང་བཅས་པ་ལ་གནོད་པའི་ཞིང་བཅུ་ཚང་བའི་དགྲ་བགེགས་དེ་དག་གནས་འདི་ནས་ཡུལ་གཞན་དུ་བསྐྲད་དེ། གཏོར་མ་འདི་འཁུར་ནས་ཡུལ་གཞན་དུ་སོངས་ཤིག་ཅེས་དགྲ་བགེགས་ཕྱིར་སྐོྲད་པའི་བྱ་སྤྱོད་ཅིག་ཡིན། སྨོན་ལམ་གཏོར་རྒྱག་སྐབས་མདའ་གྲི་མདུང་གསུམ་འཕྱར་ནས་ཀྰི་སྒྲ་རྒྱག་པ་དང་དེང་སང་ཤོག་སྦག་རྒྱག་པ་སོགས་བྱེད་པ་ནི་དགྲ་བགེགས་ཕྱིར་བསྐྲད་པའི་རྣམ་པ་ཞིག་ཡིན། ལུང་པ་ཁ་ཤས་ནང་ལོ་མཇུག་ཏུ་ཉི་ཤུ་དགུ་ཉིན་སྤྱིར་གཏོར་རམ་དགུ་གཏོར་ཟེར་བའི་གཏོར་རྒྱག་ཆེན་པོ་ཞིག་བྱེད་སྲོལ་ཡོད་། དེ་ནི་ལོ་རྙིང་པའི་ནང་བགེགས་རིགས་བར་ཆད་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་བརླགས་ནས་ལོ་གསར་པའི་ནང་བྱ་བ་ལམ་འགྲོ་ཡོངས་ཆེད་ཡིན་ཟེར།

བྱམས་པ་གདན་འདྲེན་ནི། ད་ལྟ་ང་ཚོའི་བསྟན་པ་འདི་ནི་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པའི་བསྟན་པ་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་འདི་ནི་མི་ལོ་༼ལྔ་བརྒྱ་ཕྲག་བཅུ༽ལྔ་སྟོང་གི་བར་དུ་གནས་པར་གསུངས་ཡོད། སངས་རྒྱས་ཀྱི་བསྟན་པ་འདི་རྫོགས་རྗེས་མི་རྣམས་ཚེ་ལོ་བཅུ་པར་བསླེབ་ནས་དེ་རྗེས་༧རྗེ་བཙུན་བྱམས་པ་མགོན་པོ་མི་ཡུལ་དུ་ཆོས་འཁོར་སྐོར་བར་ཕེབས་ཀྱི་ཡོད། དེ་བརྟེན་ང་ཚོས་མ་འོངས་པར་རྗེ་བཙུན་བྱམས་མགོན་མི་ཡུལ་དུ་ཕེབས་སྐབས་རང་ཉིད་འཁོར་དུ་སྐྱེ་བའིགསོལ་འདེབས་དང་རྟེན་འབྲེལ་ཆེད་སྨོན་ལམ་ཆེན་མོའི་སྐབས་མི་དམངས་ནས་བྱམས་པ་གདན་འདྲེན་གྱི་ཡོད་པ་རེད། ཤྰཀྱ་ཐུབ་པ་མྱ་ངན་ལས་འདས་ནས་བྱམས་པ་མ་བྱོན་གྱི་བར་མི་ལོ་༼བྱེ་བ་ཕྲག་ལྔ་བཅུ་ང་བདུན་དང་ས་ཡ་ཕྲག་དྲུག༽དུང་ཕྱུར་ལྔ་དང་བྱེ་བ་བདུན་དང་ས་ཡ་དྲུག་ཡོད་པར་གསུངས་འདུག

ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། རབ་བྱུང་བདུན་པའི་ས་གླང་༼ཕྱི་ལོ་༡༤༠༩༽ལོར་རྗེ་ཙོང་ཁ་ཆེན་པོས་ཆོ་འཕྲུལ་དུས་ཆེན་དང་སྟབས་བསྟུན་ཏེ་བོད་ཟླ་ ༡ པོའི་ཚེས་ ༣ ནས་ཚེས་ ༡༥ བར་ལྷ་ལྡན་དུ་གདན་ས་ཆེན་པོ་ས་འབྲས་དགེ་གསུམ་གྱིས་གཙོས་པའི་དགེ་འདུན་པ་ཁྲི་གཉིས་ནས་གསུམ་བར་འཛོམས་ནས་སྨོན་ལམ་ཆེན་མོ་ཚོགས་པའི་སྲོལ་བཏོད་ཡོད་པ་རེད། དེ་རྗེས་སྲིད་གཞུང་འཕོ་འགྱུར་གྱིས་རྐྱེན་པས་སྨོན་ལམ་ལ་འགྱུར་བ་ཕྲན་བུ་བྱུང་ཡང་རྗེས་སུ་༧རྒྱལ་བ་དགེ་འདུན་རྒྱ་མཚོ་ནས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་སྨོན་ལམ་གཙོ་སྐྱོང་གནང་ནས་སྨོན་ལམ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དེ་རྗེས་སྨོན་ལམ་ཚོགས་ཡུན་རིང་དུ་བཏང་ནས་བོད་ཟླ་ ༡ པོའི་ཚེས་ ༣ ནས་ཚེས་ ༢༤ ལ་གཏོར་རྒྱག་དང་ཚེས་ ༢༥ ལ་བྱམས་པ་གདན་འདྲེན་བཅས་རྗེས་སྨོན་ལམ་གྲོལ་གྱི་ཡོད་འདུག དེང་སང་ཡང་ཆོས་རྒྱུད་ཚང་མས་སྨོན་ལམ་ཚོགས་ཀྱི་ཡོད་ཀྱང་མང་ཆེ་བར་དུས་ཚོད་ངེས་བརྟན་མེད་པ་རེད། འདི་ནི་གཏོར་རྒྱག་ཚར་ནས་ཐོར་བྱུང་དུ་བྲིས་པ་ཞིག་ཡིན་པས་མ་འགྲིག་པ་འདུག་ན་དྲ་གྲོགས་ཚོས་ལམ་སྟོན་གནང་རོགས།
ཨ་ཀ་སྤེན་པ་ནས་ཕྱི་ཟླ་ ༣ ཚེས་ ༢ ཉིན་རང་ཤག་མི་འགྱུར་གླིང་ནས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༢༢༠༡༨༡༤༥༠
ངག་དབང་སངས་རྒྱས
རྗེ་བླ་མས་སྨོན་ལམ་ཐོག་མར་འཛུགས་སྐབས་སེ་འབྲས་དགེ་གསུམ་ཕྱག་བཏབས་མེད་པས་དེ་དག་གི་དགེ་འདུན་ཚོགས་ནས་སྲོལ་གཏོད་ཟེར་བ་ཆ་རྒྱུད་མེད་པའི་གཏམ་ཁོ་ན་རེད་སྙམ་མོ།
གོང་གསལ་སྨོན་ལམ་བསྐོར་ཞེ་དྲག་གི་ཡག་པོ་གསུངས་འདུག་ན་ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།