བོད་ཀྱི་མིང་ཚིག་གསར་བཟོ་ལ་ལྟ་བ།

ད་ལྟ་གྲོགས་པོ་ཁྱེད་ཀྱིས་ཀློག་བཞིན་པའི་ངས་བྲིས་པའི་ཡི་གེ་འཇོག་སའི་སྐད་འཕྲིད་ཀྱི་ཆ་ཤས་འདི་ལ་མིང་ཅི་རེད་ཟེར་བ་དེ་རེད། ཁ་སང་གྲོགས་གླིང་སྲས་ཀྱིས་༼ མཉམ་རོལ་གླིང་ཀ༽ ཞེས་བཏགས་ན་ཟེར་བའི་བསམ་ཚུལ་ཞིག་སྤེལ་འདུག སྤྱི་བཏང་ནས་མིང་ཟེར་བ་དེ་ལ་དངོས་མིང་དང༌། བཏགས་མིང༌། འདོད་རྒྱལ་དང༌། རྗེས་གྲུབ་སོགས་ཀྱི་མིང་འདོགས་ཚུལ་མང་པོ་ཞིག་སྣང་ཡང༌། ད་ལྟ་གླིང་སྲས་ཀྱིས་བཏགས་པ་དེ་ནི་རྗེས་གྲུབ་ཀྱི་མིང་ཞིག་རེད། འོན་ཀྱང་ད་སྐབས་ང་ཚོ་བོད་པ་ལ་དཀའ་ངལ་འཕྲད་ཤོས་ནི། ཅ་དངོས་དང༌། འཕྲུལ་རིགས་གསར་པ་མང་པོ་ཞིག་དར་བས་དེ་དག་ལ་བོད་སྐད་ཀྱི་མིང་མེད་པ་དང༌། ཡོད་ཀྱང་གཅིག་གྱུར་མེད་པ་དང༌། ཡང་ན་བོད་པའི་སྤྱི་ཚོགས་སུ་ཁྱབ་བརྡལ་དུ་མི་འགྲོ་བ་ལ་སོགས་པའི་དཀའ་ངལ་རབས་དང་རིམ་པ་འཕྲད་དང༌། འཕྲད་བཞིན་པ་འདི་རེད། དོན་འདི་དགོངས་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་ཐ་སྙད་གསར་པ་མང་པོ་ཞིག་བཟོས་དང་བཟོ་བཞིན་པ་རེད། རེད་དེ། གསར་བཟོ་བ་དག་གིས་བསམ་བློ་གཏང་དགོས་པ་ཞིག་ལ།

བོད་པའི་སྤྱི་ཚོགས་སུ་ཁྱབ་བཞིན་པའི་བོད་སྐད་ཅིག་ལ་ཡང་བསྐྱར་གསར་བཟོ་ཡིན་ཟེར་ནས་ཐ་སྙད་དམ་མིང་གསར་ཅིག་བཟོས་པ་ཡིན་ན། དེས་སྤྱི་ཚོགས་ལ་ཕན་པ་ལས་གནོད་པ་ཆེ་བར་སེམས་སོ། དཔེ་ན། ༼གློག་ཀླད་༽ཅེས་པའི་བོད་སྐད་དེ་གང་སར་ཁྱབ་ཚར་བའི་རྗེས་སུ། བོད་ནས་མཁན་ཆེན་ཚུལ་བློ་སོགས་ཀྱིས་རྩིས་འཁོར་འཕྲུལ་ཆས་སྟེ་༼ རྩིས་འཕྲུལ་༽ བཏགས་འདུག འོན་ཀྱང་བཙན་བྱོལ་དུ་ཟམ་གདོང་རིན་པོ་ཆེས་༼ ཀམ་ཕའུ་ཊར༽ ཅེས་བཏགས་དགོས་གསུངས་པ་སོགས་བོད་ཀྱི་སྐད་ཡིག་དེ་མགོ་རྙོག་ཇེ་ཆེར་ཆགས་ཀྱི་འདུག་སྙམ། སྤྱི་བཏང་ནས་བོད་པའི་སྐད་ཡིག་གི་ཁོར་ཡུག་འདི་ནི་ཧ་ཅང་གིས་ཆུང་ལ། དེའི་སྟེང་དུ་མིང་རྙོག་མང་པོ་ཞིག་བཟོས་པ་ཡིན་ན་དེ་བས་ཀྱང་མགོ་རྙོག་རེ་ཆགས་རྒྱུ་རེད་དོ། བོད་ཀྱི་ན་གཞོན་མང་པོ་ཞིག་སྟེ། བོད་ནས་ཡོད་པ་རྣམས་ཀྱིས་གཙོ་བོ་རྒྱ་ཡིག་དང༌། རྒྱ་སྐད་བེད་སྤྱོད་བཏང་པ་དང༌། ཕྱི་ལོག་ནས་གཙོ་བོ་དབྱིན་ཡིག་དང༌། དབྱིན་སྐད་བེད་སྤྱོད་གཏོང་པ་ལས། བོད་སྐད་དང༌། བོད་ཡིག་བེད་སྤྱོད་མི་བཏང་བའི་རྒྱུ་མཚན་ཀྱང༌། འདི་འདྲ་བའི་གཅིག་གྱུར་མེད་པའི་དཀའ་ངལ་གཅིག་ལའང་ཐུག་འདུག་སྙམ། དཔེ་ན། ད་ལྟ་གྲོགས་པོ་གླིང་སྲས་ཀྱིས་༼ མཉམ་རོལ་གླིང་ཀ༽ ཞེས་བཏགས་ནས་བེད་སྤྱོད་བཏང་སྟེ། གྲོགས་པོ་ཞིག་ལ་ངའི་མཉམ་རོལ་གླིང་ཀ་ནང་པར་ཅིག་བླུགས་ཡོད་ཅེས་ཡི་གེ་གཏང་པ་ཡིན་ན་མི་དེ་ལ་གོ་བ་ཏག་ཏག་ཅིག་སྟེར་ཐུབ་ཀྱི་རེད་དམ་ཅེས་པའི་དྲི་བ་གཅིག་དང༌། གཉིས་ནས་ཡང་གཞན་ཞིག་གིས་དཔེ་ན། ༼ སྐད་འཕྲིན་སྐར་ཁུང༌། ༽ ལྟ་བུ་དང༌། ཡང་ན་༼ འཕྲིན་ཕྲན་སྒེའུ་ཁུང་༽ ཞེས་གདག་པ་ཡིན་ན། དེ་ནས་ཡང་མགོ་རྙོག་ཅིག་མ་རེད་དམ། ཅེས་པའི་དྲི་བ་གཉིས་པ་དེ་རེད།

༼ འདི་ནི་སྐད་འཕྲིན་གྱི་རྒྱབ་ངོས་སུ་རང་གི་པར་རིས་དང༌། གསར་འགྱུར་སོགས་བཀོད་དེ་གྲོགས་པོ་ཚང་མས་བསམ་ཚུལ་བྲིས་ཆོག་པའི་ས་ཚིགས་དེའི་མིང་གི་སྐོར་ལ་རེད། ཁ་པར་ནང་དུ་བྲིས་པས་གཏག་ནོར་སོགས་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན།༽

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།