ཐའེ་ཝན་ནི་བོད་གསར་པ་ཞིག་ཏུ་འགྱུར་མི་རུང༌།

ཅིའི་ཕྱིར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་བོད་ནང་དུ་མ་བཞུགས་པ་རེད། མི་མང་པོ་ཞིག་གིས་ཏཱ་ལའི་བླ་མ་ནི་ལོ་ངོ་༥༡རིང་བཙན་བྱོལ་དུ་བཞུགས་ནས་མཛད་འཕྲིན་སྐྱོང་བཞིན་པ་ཤེས་ཀྱི་ཡོད་ཀྱང་། ཧང་སང་དགོས་པ་ཞིག་ལ་ཐའེ་ཝན་དུ་ཅིའི་ཕྱིར་ཁོང་ཉིད་ལོ་ངོ་༥༡ཡར་སྔོན་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བའི་ལོ་རྒྱུས་ཤེས་རྟོགས་ཡོད་མཁན་ཉུང་ཉུང་རེད།

ཉེའི་ཆར་ཐའེ་ཝན་དུ་ཏཱ་ལའི་བླ་མའི་རང་རྣམ་༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་༽ཞེས་པའི་དེབ་དེ་ཉིད་རྒྱ་ཡིག་ཏུ་ཡིག་བསྒྱུར་དང་འགྲེམས་སྤེལ་བྱས་ཡོད་པ་དང༌། དེ་ནི་སྨྲོས་མེད་ཀྱིས་མི་ཚང་མས་ལོ་རྒྱུས་ནང་དུས་ཚོད་དེའི་སྐབས་ཀྱི་གནས་ཚུལ་གང་ཞིག་བྱུང་བ་ངེས་པར་དུ་ཤེས་འདོད་ཡོད་པ་རེད། དེ་ལས་གལ་ཆེ་བ་ཞིག་ནི་དེབ་དེས་དེང་སང་ཐའེ་ཝན་ལ་ཁ་གཏད་དང་ཉེན་ཚབ་ཅན་གྱི་རྒྱ་ནག་དང་ལྷན་དུ་མཛའ་འབྲེལ་སླར་གསོའི་གདོང་ལེན་ཐད། གོ་རྟོགས་དང་བསླབ་བྱ་མང་པོ་ཞིག་སྤྲོད་བཞིན་ཡོད་པ་རེད།

དུས་རབས་ཕྱེད་ཀ་ཙམ་གྱི་ཡར་སྔོན་དུ་བོད་ནང་དུ་གནས་ཚུལ་ཅི་ཞིག་བྱུང་ཡོད་པ་རེད་དམ། ཕྱི་ལོ་༡༩༥༡ལོར་༼ཞི་བའི་གྲོས་ཆོད་༽དམ་གོ་བདེ་བར་བཤད་ན་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་ཡིག་ཆ་དེར་རྒྱ་ནག་དམར་ཤོག་གཞུང་དང་ལྷན་དུ་མིང་རྟགས་བཀོད་རྗེས། ཅིའི་ཕྱིར་ལུང་པ་དེར་དགའ་སྐྱིད་དང་ཞི་བདེ་མེད་པ་ཆགས་ཡོད་པ་རེད།

དེ་རྗེས་རྒྱུ་མཚན་གང་ལ་བརྟེན་ནས་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཟིང་འཁྲུག་དང༌། ཏཱ་ལའི་བླ་མས་ཁོང་རང་ཉིད་ཀྱི་ལུང་པ་བསྐྱུར་ནས་འགྲོ་དགོས་བྱུང་བ་རེད། ཆིངས་ཡིག་དོན་ཚན་བཅུ་བདུན་དོན་གོ་མ་ཆོད་པ་དེས་ཞི་བདེ་རྒྱུན་གནས་ཙམ་མ་ཟད། དེའི་འཇུག་འབྲས་སུ་བོད་མི་མང་པོ་བཙན་བྱོལ་དུ་འགྲོ་དགོས་བྱུང་ནས། བོད་མི་འབུམ་ཕྲག་ལྷག་ཙམ་གྱི་ཁྱིམ་གཞིས་དང་སྡོད་གནས་མེད་པ་གྱུར་བ་རེད།

ཕྱི་ལོ་༡༩༥༦ལོར་སྟོན་པ་བཅོལ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་༢༥༠༠འཁོར་བའི་དུས་དྲན་མཛད་སྒོ་ཐོག་རྒྱ་གར་གྱིས་ཏཱ་ལའི་བླ་མར་མགྲོན་འབོད་བྱས་ཡོད་པ་དང༌། ཏཱ་ལའི་བླ་མས་༼ངོས་ཀྱི་ཡུལ་དང་ངོས་ཀྱི་མིང་མང་༽ཞེས་པའི་དེབ་དེའི་ནང༌། སྐབས་དེར་ཁོང་ཉིད་བོད་ལ་ཕྱི་ལོག་བྱེད་འདོད་མེད་ཚུལ་གསུངས་ཡོད་པ་རེད།

འོན་ཀྱང་རྗེས་སུ་རྒྱ་ནག་དམར་ཤོགས་ཚོགས་པའི་སྲིད་བློན་དང་པོ་ཀྲུའུ་ཨན་ལིན་ཁོང་རང་ཉིད་ཀྱིས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གི་མདུན་དུ་བོད་ལ་བཙན་ཤེད་ཀྱིས་བཅོས་བསྒྱུར་མི་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཏཱ་ལའི་བླ་མ་ཕྱིར་རང་ཡུལ་དུ་ཕེབས་ཡོད་ཀྱང༌། ལོ་ཤས་ལས་མ་འགོར་བར་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པའི་རྐྱེན་གྱིས་ཁོང་ཉིད་རྒྱ་གར་དུ་བཙན་བྱོལ་ཕེབས་རྒྱུའི་ལམ་ཁ་ལས་བདམས་ཀ་གཞན་མེད་པ་གྱུར་བ་རེད།

གལ་སྲིད་ང་ཚོས་ཉེ་བའི་ལོ་རྒྱུས་དེ་ལས་མང་བར་བལྟས་པ་ཡིན་ན། ཕྱི་ལོ་༡༩༧༩ལོར་རྒྱ་ནག་གི་བླ་ན་མེད་པའི་སྲིད་འཛིན་ཏིང་ཞའོ་ཕིང་གིས་རང་བཙན་མ་གཏོགས་གཞན་གནས་ཚུལ་ཚང་མར་གྲོས་སྡུར་བྱ་ཆོག་ཅེས་བཤད་སྐབས། ཏཱ་ལའི་བླ་མས་བོད་ནང་དུ་བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་བྱ་རྒྱུ་འགོ་འཛུགས་གནང་ཡོད་པ་དང༌། དེའི་རྗེས་ཁོང་ཉིད་ཀྱིས་རང་བཙན་གྱི་གནད་དོན་ཡོངས་སུ་བསྐྱུར་ནས་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་སྐོར་དགོས་འདུན་བཏོན་ཡོད་པ་རེད།

གང་ལྟར་ཡང་ལོ་ངོ་༣༠ལྷག་ཙམ་གྱི་བོད་རྒྱ་ཞི་མོལ་ལ་དོན་འབྲས་ཅུང་ཙམ་ལྡན་ཡང༌། རྒྱ་ནག་གིས་ད་དུང་ཡང་ཏཱ་ལའི་བླ་མ་ནི་ཁ་བྲལ་བ་ཞིག་རེད་ཅེས་ཉེས་འཛུགས་བྱེད་བཞིན་ཡོད་པ་དང་། ད་དུང་རྒྱ་ནག་གཞུང་གིས་དུས་ཚོད་ཆུད་ཟོས་སུ་གཏོང་གི་མེད་པ། བོད་ནང་དུ་ཧན་མི་རིགས་མང་པོ་གནས་སྤོས་ཀྱིས་ས་ཆ་རྣམས་བཙན་བཟུང་རྒྱ་བསྐྱེད་བྱེད་པའི་སྐུལ་འདེད་ཐོག བོད་ནང་དུ་རྒྱ་སྐད་དར་ཁྱབ་དང་གོང་སྤེལ་གཏོང་བཞིན་ཡོད་པ་རེད།

དེང་སང་ལྷ་ས་རུ་རྒྱ་མི་གནས་སྡོད་བྱེད་མཁན་ནི་བོད་མི་ལས་མང་བ་དང༌། བོད་ནི་སོག་པོ་གཉིས་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། སོག་པོ་མི་རིགས་ནི་ཡུལ་དེ་གའི་ནང་བརྒྱ་ཆ་ ༢༠ ཡང་ཟིན་གྱི་ཡོད་པ་མ་རེད། བོད་ལ་རྒྱ་ནག་དམར་ཤོག་གཞུང་དང་ལྷན་དུ་གྲོས་མོལ་གྱི་ལམ་ནས་ཁྲག་དམར་འཁྱིལ་བའི་དོན་རྐྱེན་ཞིག་གི་ཉམས་མྱོངས་ཡོད་པ་དང༌། ཉམས་མྱོངས་དེ་ཐའེ་ཝན་མི་མང་ཚོས་ཀྱང་རང་ཉིད་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བྱ་རྒྱུའི་གནད་དོན་ཐད་ངེས་པར་དུ་མ་བརྗེད་པ་བྱེད་དགོས།

ཐའེ་ཝན་དུ་མི་ཁ་ཤས་ཀྱིས་རྒྱ་ཁབ་གཉིས་དབར་དམག་འཁྲུག་མི་ཡོང་ཆེད། རྒྱ་ནག་དང་ལྷན་དུ་༼ཞི་བའི་གྲོས་ཆོད་༽འཇོག་རྒྱུའི་གྲོས་འཆར་འདོན་བཞིན་ཡོད་པ་རེད། ཅིའི་ཕྱིར་ང་ཚོས་ཞི་བའི་གྲོས་ཆོད་ལ་མི་རྟགས་འགོད་དགོས་ཀྱི་ཡོད་པ་རེད། གལ་སྲིད་དམག་འཁྲུག་ཞིག་ཤོར་བ་ཡིན་ན། ཐའེ་ཝན་དང་རྒྱ་ནག་གཞུང་གཉིས་དབར་མུ་མཐུད་ནས་མཛའ་བརྩེའི་མིང་ཚིག་གཞན་ཞིག་སྤྱད་ན་གང་འདྲ་འདུག

༼ཞི་བའི་གྲོས་ཆོད་༽ཅིག་གིས་བོད་མི་རྣམས་བསྐྱབས་མ་ཐུབ་པའི་ལོ་རྒྱུས་ཀྱི་བསླབ་བྱ་དེ་ལ་བལྟས་ནས། ཐའེ་ཝན་མི་མང་ཚོས་ཀྱང་བསམ་བློ་མཁྲེགས་ས་དང་ཐག་རིང་ས་ཞིག་ཏུ་གཏོང་དགོས་ཀྱི་ཡོད་པ་རེད།
ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ཀྲུའུ་མིད་ལིས་ཀྱི་དཔྱད་རྩོམ་ལས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།