གནས་འདིར།

ལག་སྟོང་གཞན་ལ་རེ་བའི་ཡིད་མུག་ཁྲོད།
འདོད་ཆུང་ཆོག་ཤེས་སྒོམ་པའི་ཐབས་ལ་རེ། །
ཡུལ་གྱར་མིང་ཆད་ཕོག་པའི་ཕན་ཆད་ནས།
མགོ་བོ་གྱེན་དུ་འདེགས་པའི་སྐལ་བ་ཕྲ། །

ལྟོ་སྐྱ་གོས་ཧྲལ་ཞིག་གི་འགྲོ་འདུག་ཁྲོད། །
སྲང་དུ་མཛེས་མ་མཐོང་དུས་བག་རེ་ཁུམ། །
ཟས་ཆག་གཉིད་བརྗེད་བར་གྱི་ངལ་བ་ཁྲོད། །
དབུགས་ཀྱི་རྒྱུ་བ་ཕྲ་མོ་ཆད་ལ་ཁད། །

དངུལ་དང་གོ་ས་མེད་དུས་སྐུ་ངོའི་མདུན། །
མགོ་སྒུར་ལྕེ་བསྣར་བྱེད་ཀྱང་དོན་གོ་ཆུང༌། །
རྫུན་དང་ཧམ་པ་མི་ཤེས་ཉམ་ཆུང་རྣམས། །
འདི་ན་འཚོ་བ་སྐྱེལ་དགོས་ངལ་ཞིང་དུབ། །

གཞན་ཕན་བསམ་བློ་བྲལ་བའི་ཆོས་པ་འགས། །
རྒྱུ་འབྲས་རྟེན་འབྱུང་འཆད་པར་ཡ་རེ་མཚན། །
སྲིད་བཙོན་དངུལ་དང་བརྗེ་བའི་འཇོན་པོ་འགས། །
ཁ་ནས་བོད་དོན་གླེང་བ་སྙིང་ལ་གཟན། །

མ་འོངས་སོན་དུ་རེ་བའི་བོད་ཕྲུག་ཚོས། །
རྫུན་དང་ཐ་མའི་ཁྲོད་དུ་ནམ་ཟླ་སྐྱེལ། །
སྐྲ་སེན་ཚོན་སྒྱུར་བར་གྱི་མཐོང་སྣང་དེས། །
རེ་བའི་འོད་ཐིག་ཕྲ་མོ་མཁའ་ལ་ཡལ། །

ཚིག་སྙན་ལག་ལེན་མེད་པའི་སྐུ་ངོ་དེ། །
ཐོག་བརྩེགས་བརྗིད་པོའི་ནང་ནས་བག་རེ་བྲོ། །
མིག་ཟུང་རྒྱང་དུ་གཅེར་བའི་རྒན་ཁོག་ལ། །
མི་ཚེ་རེ་བས་བསླུས་པ་སྙིང་རེ་བརྗེ། །

བཙན་པོའི་ཁྲག་རྒྱུན་འདྲེས་པའི་ཕོ་རྒོད་ཁྱུ། །
དྷ་ས་རྫ་རིའི་འགྲམ་དུ་དབུག་རིང་ཤོར། །
རྩམ་པའི་དྲི་མ་མ་གོས་གསར་བྱུང་ཁག །
འདི་རུ་འཚང་བའི་མོད་སུན་སྣང་སྐྱེས། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།