གླུ་མ་ཕུར་བུ་ལྷ་མོ།

ལྡེམ་ལྡེམ་སྐུ་གཟུགས་གར་སྟབས་ཁྲོད་ནས་སྒེག་པའི་ཉམས་འགྱུར་སྟོན་མཁས་མ། །
དཀྱུས་རིང་འདྲེན་བྱེད་ཟུར་མིག་ཞིག་གིས་གསང་བའི་མདའ་མོ་འཕང་མཁས་མ། །
མཆུ་སྒྲོས་པད་མའི་འདབ་རིས་སྟེང་ནས་སྦྲང་རྩི་མངར་མོ་སྟེར་མཁས་མ། །
གོམ་སྟབས་དལ་མོའི་འདེགས་འཇོག་ཁྲོད་ནས་བརྩེ་དུངས་ལོ་རྒྱུས་བཤད་མཁས་མ། །

གླུ་སྐད་སྙན་མོའི་འགྱུར་ཁུག་ཁྲོད་ནས་ཕ་རོལ་ཡིད་སེམས་འཕྲོག་མཁས་མ། །
འཇམ་གཉེན་ལག་ཟུང་འཁྱུགས་པའི་བར་ནས་གླུ་མའི་ཁྱད་ཆོས་སྟོན་མཁས་མ། །
གསེར་དངུལ་རྒྱན་ཆ་འདོགས་སྟངས་ཁྲོད་ནས་འབྱོར་པ་གཞན་ལ་ངོམ་མཁས་མ། །
དྲོད་འཇམ་ཚ་རུ་གྱོན་སྟངས་བར་ན་འབྲོག་པའི་བུ་མོ་གཤིས་འཇམ་མ། །
བ་སོ་ཕྲེང་བ་བསྟར་མའི་ཁྲོད་ནས་བོད་པའི་བུ་མོ་གཟུགས་བཟང་མ། །
ཕ་རོལ་འཛུམ་གྱིས་བསུས་སྟངས་ཤིག་གི་ཡ་རབས་བུ་མོ་ཚུལ་མཐུན་མ། །
དེང་རབས་བུ་མོའི་སྒེག་ཉམས་ཁྲོད་ནས་སྟག་ཤར་གཞོན་ནུ་འགུག་མཁས་མ། །
ཕན་ཚུན་ཁ་མཚར་རྩེད་དགའི་ཁྲོད་ནས་གྲོགས་ལ་དགའ་བ་སྟེར་མཁས་མ། །
ཉམས་ཆུང་བུ་མོའི་ངག་འཇམ་ཁྲོད་ནས་སྐུ་ངོའི་བྲེལ་ཤ་བསླངས་མཁས་མ། །
མཛེས་མའི་ཁྱད་ཆོས་སྟོན་སྟངས་ཁྲོད་ནས་ན་ཆུང་སྙིང་རླུངས་སླངས་མཁས་མ། །
རྒྱུ་བཟང་བུ་མོའི་འགྲོ་སྟངས་བར་ནས་འཆལ་མོའི་ཡིད་སེམས་དཀྲུགས་མཁས་མ། །
མངར་སྐྱུར་སྤྱི་ཚོགས་འཚོའི་ཁྲོད་ནས་མི་ཚེའི་ཉམས་མྱོངས་བསགས་མཁས་མ། །
མདོར་ན་ཡོན་ཏན་དུ་མ་ཚང་བའི་ཁྱེད་ནི་བོད་མོ་གཅིག་མཆོག་མ། །
ཁྱེད་ཀྱི་སྒེག་པའི་ཉམས་འགྱུར་མཐོང་དུས་བཅུ་དྲུག་བུ་མོས་མགོ་བོ་སྒུར། །
སྟག་ཤར་གཞོན་ནུའི་མིག་ཟུང་བགྲད་པས་ཁ་ཆུ་བདག་མེད་ཐུར་དུ་བཞུར། །
གླིང་སྐོར་ལམ་དུ་རྒན་ཁོག་དག་གིས་ལག་བཟུང་ཕྲེང་བ་ས་རུ་ཟགས། །
ཤིང་སྡོང་སྟེང་གི་སྤྲེའུ་ཚོགས་ཀྱང་ཡལ་འདབ་གསེབ་ནས་ལྐོག་ལྟ་བྱས། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༡༩༢༠༡༡༠༠༤༢
བོད་རྒྱལ་ལོ། མཛེས་མ། མཛེས་མ་་་མཛེས་མ་་་་་་་མཛེས་མ་བོད་ཀྱི་བུ་མོ།
3 ༡༨༢༠༡༡༠༧༠༨
སྟོན་ཀའི་ཟླ་བའི་ཞལ་རས་དང་།།
དཔྱིད་ཀྱི་བུ་མོའི་མགྲིན་པ་ཅན།།
གངས་ལྗོངས་བུ་མོའི་དྭངས་རྩེ་འདི།།
ཟླ་རྒྱུད་འཛིན་མའི་རྒྱན་དུ་འཁྲུངས།།
2 ༢༩༢༠༡༡༢༠༤༧
མོ་ནི་ལ་རྒྱ་ཆེ་བིའི་བོད་ཀྱི་གླུ་མ་། ངག་སྙན་ལ། སྐྱེ་གཟུགས་ཡག་ལ། ཕོ་རྒྱ་སེམས་པ་ཤོར་ས་རེད །
མོ་བརྒྱ་སྙིང་ལངས་རེད་
1 ༢༣༢༠༡༡༡༠༢༠
ཀུན་དགའ།
སངས་རྡོ་ལགས་གླུ་མ་ཕུར་བུ་ལྷ་མོ་ཁྱད་ཆོས་ཡོངས་རྫོགས་གཏོག་པའི་ཐོག་ནས་དགོངས་ཚུལ་གསུང་པར་རྗེས་སུ་ཡི་རང་ཡོད།
གླུ་མ་ཕུར་བུ་ལྷ་མོ་ལགས་ནི་གཤིས་བཟང་བོད་པའི་བོུའི་བཟང་སྤྱོད་དང་ཡོངས་སུ་མཐུན་པའི་མཛེས་མ་མམ་འཛོངས་མ་ཞིག་རེད།
ཡ་རབ་བོད་པའི་གཤིས་བཟང་བལྟོན་མཁས་མ
འཛིན་འཛིན་ཕ་མའི་རིགས་རྒྱུད་འཛིན་མཁས་མ།
སྙན་མོ་ངག་གིས་དྲག་འགྱུར་འགུག་མཁས་མ།
ཉམས་འགྱུར་གླུ་མའི་ཁྱད་ཆོས་བསྟོན་མཁས་མ།
འཛེས་མཛེས་གཟུགས་ཀྱི་མི་སེམས་འགུག་མཁས་མ།
མཛངས་མའི་ཁྱད་ཆོས་མི་ལ་ངམ་མཁས་མ།
བཞིས་བཟང་ཕ་མིའི་རིགས་རྒྱུད་འཛིན་མཁས་མ།
སྙན་འགྱུར་ངག་གི་སྙན་དབང་འཕྲོག་མཁས་མ།
ཕོ་རབ་བརྒྱ་ཡི་ཡིད་སེམས་འགུག་མཁས་མ།
མོ་རབ་བརྒྱ་ཡི་སྙིང་རླུང་ལྷོང་མཁས་མ།
ཕ་བཟང་བུ་མོའི་གཤིས་ཀ་བསྟོན་མཁས་མ།
ངག་རྒྱུད་འཇམ་པོས་རང་རྒྱུད་འཛིན་མཁས་མ།
གཤིས་རྒྱུད་བཟང་པོས་ཡ་རབ་བསྟོན་མཁས་མ།
རིགས་རྒྱུད་བཟང་པོས་རང་རྒྱུད་གསལ་མཁས་མ།
མཛངས་མའི་ཡོན་ཏན་རང་ལ་འཛིན་མཁས་མ།
གླུ་མ་ཁྱོད་ཀྱི་ཁྱད་ཆོས་ཚང་བས་བསྟོད།



བརྗོད་གཞི་གཞན་ཁག་ལ་གཟིགས།