༄༅། །འཕྲིན་ཆུང་སྤྲིན་གྱི་འདབ་མ། །

ཀྱེ་ཀྱེ་དྭངས་པའི་ལྷ་ལམ་ངོས་སུ་དལ་གྱིས་བསྐྱོད་པའི་སྤྲིན་དཀར་ལགས། །
མ་གཡེང་ལན་གཅིག་བུ་ངས་ཕྱོགས་ལ་གསོན་དང་ཚིག་གསུམ་ཁྱེད་ལ་ཞུ། །
འདི་ནས་ལེ་དབར་སྟོང་གི་མཚམས་སུ་བྱང་ཕྱོགས་ཁ་བའི་རི་གྲོང་དེར། །
བདག་ལུས་སྐྱོང་བའི་ཕ་མ་ཟུང་ལ་ཆ་དང་འཕྲིན་པ་ཁྱེད་ལ་སྐུར། ། ལོ་ཟླ་གསུམ་ཟུང་འཁྱམ་པའི་བུ་དེ་བདེ་མོ་འཚམས་པོ་ཡིན་འདུག་ཞུས། །

ཟླ་གཅིག་ཟླ་གཉིས་ཡར་སྔོན་ཙམ་ནས་སློབ་གླིང་གྱེས་ཕྱག་ཞུས་འདུག་ཤོད། །
གནས་སྐབས་འཚོ་བའི་དགོས་པ་དབང་གིས་ལས་ཀ་ཙ་ཙིག་བྱེད་འདུག་ཞུས། །
ཡང་དག་གཏན་གྱི་འདུན་མ་དེ་ནི་རིག་པའི་གནས་ལ་བཅོལ་འདུག་ཞུས། །
མ་སེམས་བུ་ལ་འཕྲེང་པ་བདེན་ཡང་དེ་འདྲ་དགོས་པ་ཆུང་འདུག་ཞུས། །
ཁྱེད་ཅག་སེམས་པའི་མེ་ལོང་ངོས་སུ་ཡང་ཡང་ཤར་བ་འདུག་མོད་ཀྱང༌། །
རེ་ཞིག་གནམ་གཤིས་རླུངས་འཚུབ་ཁྲོད་ནས་འཇལ་བའི་སྐལ་བ་མི་འདུག་ཞུས། །
རིག་པའི་གནས་ལ་སྦྱང་བ་བྱས་ཀྱང་ཕ་མཐའ་སོན་པ་ཁག་འདུག་ཞུས། །
འདྲ་མིན་མི་དང་འདྲོགས་ཡུན་རིང་བས་ཉམས་མྱོང་མང་ཙམ་བསགས་འདུག་ཞུས། །
དགོས་མིན་ཆང་དང་ཐ་མག་སོགས་ལས་བར་ཐག་རིང་དུ་གྱེར་འདུག་ཞུས། །
གནས་དང་ཁོར་ཡུག་ཁྱད་པར་དབང་གིས་ཁ་དོག་ཅུང་ཙམ་འགྱུར་འདུག་ཞུས། །
གཉེན་དང་ཕ་མའི་སློབ་བྱ་དག་ཀྱང་མི་བརྗེད་སེམས་ལ་ཉར་འདུག་ཞུས། །
མ་གཞི་གོ་ལ་ཟླུམ་གཟུགས་ཡིན་པས་འཁོད་སྙོམས་གནས་ཤིག་མི་འདུག་ཞུས། །
ཧི་མ་ལ་ཡི་རི་ཟུར་ཤིག་ནས་ཐང་དཀར་ཁྱུ་ཅིག་གནས་འདུག་ཞུས། །
བྲག་དཀར་ཐོག་གིས་འཇིག་པའི་ཤུལ་དུ་ཡིད་མུག་སྐྱོ་གླུ་གྱེར་འདུག་ཞུས། །
ཁུ་བྱུག་གསུང་སྐད་ཇི་ཙམ་སྙན་ཡང་ཁྭ་ཏའི་སྐད་ངན་ཚ་འདུག་ཞུས། །
གཡོ་ཅན་དེ་ཕོས་ཇུས་ངན་འོག་ནས་མཁའ་ལ་འཕུར་བསམ་ཁག་འདུག་ཞུས། །
སྐྱོ་རོགས་ཁྲུང་ཁྲུང་དཀར་མོ་ལྷན་དུ་ལོ་ཟླ་དུས་ཚོད་བསྐྱལ་འདུག་ཞུས། །
བྱི་ཆུང་སྐྱ་ཁྲས་ཟོས་པའི་གཏམ་དེ་ཉན་འདོད་མ་སྐྱེས་བསུན་འདུག་ཞུས། །
སྐྱབས་གནས་ལྷ་བྱ་གོ་མོའི་མདུན་ནས་དམ་པའི་ལྷ་ཆོས་གསན་འདུག་ཞུས། །
ཚང་མཁན་རྒྱ་བྱ་ཁ་ཤས་མདུན་ནས་ལག་རྩལ་ཅུང་ཙམ་སྦྱངས་འདུག་ཞུས། །
རྨ་བྱའི་སྒྲོ་རས་བལྟས་པའི་མོད་ལ་ལེ་ལོ་གང་འཚམ་ཕྱིན་འདུག་ཞུས། །
བློ་གཏད་མཁྱེན་ལྡན་གོ་བོའི་མདུན་དུ་མ་འོངས་ལེགས་ཉེས་བརྟག་འདུག་ཞུས། །
ཞི་བདེའི་ཕུག་རོན་དཀར་མོ་ཟེར་བ་ཕྱོགས་མཚམས་ཀུན་ཏུ་གྲགས་འདུག་ཞུས། །
ན་ནིང་ལྷོ་ཕྱོགས་ཁུག་རྟའི་བརྒྱུད་ནས་ལག་བཟུང་ཁ་དཔར་འབྱོར་འདུག་ཞུས། །
ཕུ་བོ་ངང་པ་མཚོ་དང་བྲལ་ན་མོས་མཐུན་བདག་ལ་མི་འདུག་ཞུས། །
གཅུང་པོ་བྱིའུ་ཆུང་མཆིལ་པ་དག་ལ་ཁ་ཏ་བསླབ་བྱ་གནང་རོགས་ཞུས། །
ནམ་ཞིག་མཛེས་ལྡན་སྡོང་ར་ཤིག་ནས་མི་འགྱངས་སླར་ཡང་འཛོམས་ཡོང་ཞུས། །

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: