ངས་ཁྱོད་འདི་ལྟར་མཐོང་།

ཚན་པ་དང་པོ།
ལུང་རིག་མེ་ཁ་འཕེལ་བའི་ས་སྒང་དུ།།
ཚབ་མཚོན་ལྷ་བསང་དཀར་པོའི་དུད་སྤྲིན་འཕྱུར།།
ཁ་བྱང་ཐུར་དུ་ལྷུང་བའི་མུན་ཁམས་སུ།།
སྙིང་སྟོབས་རྒྱལ་མཚན་དཀར་པོའི་རང་མདངས་འཛུགས།།

ཟབ་རྒྱས་རྒྱ་མཚོ་སྔོན་མོའི་བྲང་ཁོག་ཏུ།།
འདོད་པའི་གཡོར་གྲུ་ཟད་པོའི་འདོད་རྔམས་ཀྱིས།།
ཁྱེད་དང་ང་གཉིས་བར་གྱི་རྡོ་ཐོ་ཡི།།
གཞི་གདན་སྨྲེ་བ་ནག་པོའི་རྐང་པ་འདྲུད།།

ན་ཆུང་བུ་ཕྲུག་རྩེན་པའི་རྒྱ་མཚོ་ངོགས།།
རི་ཁྲོད་གླུ་དབྱངས་སྙན་པོའི་སྐེད་རྩར་བསྡམས།།
སྐར་ཚོགས་གྲང་འདར་རྒྱག་པའི་ངང་ཚུལ་རྣམས།།
ན་ཆུང་རྩེན་མོ་བཞིན་དུ་མིག་ངོགས་དྲངས།།

གནམ་འོག་སྐྱེ་འགྲོའི་འབུམ་གྱི་མགོ་ཐོག་ཏུ།།
ལྷུང་ཉེར་གནམ་རྡོ་མཁྲེགས་པོའི་རྒོལ་ལན་དུ།།
ནུས་ཤུགས་དཔུང་པ་ཟུང་གིརམ་འདེགས་ཏེ།།
ཀུན་ཁྱབ་རྔུལ་ཆུ་འཁྱོར་གང་ཕྲག་ཏུ་ལེན།།

ཐམས་ཅད་ལྟོས་ནས་གྲུབ་པའི་དཔྱོད་ཤེས་ཀྱིས་།།
ཐམས་ཅད་མ་རུ་བསམ་པའི་འདུ་ཤེས་སྐྱེས།།
མ་རྒན་བདེ་ལ་འགོད་པའི་སེམས་བསྐྱེད་ཀྱིས།།
རྟག་ཏུ་སློང་མོའི་ལས་ལ་སྤྲོ་བཞིན་འཇུག།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།