ནགས་ཁྲོད་ཀྱི་དལ་བྲིས།

༡༽ལོ་རྒྱུས བོར་ཟིན་པའི་འགྲུལ་ལམ་སྐྱ་བོ་འདི་ན
མི་ཁྱི་ཕག་གསུམ་གྱི་རྐང་རྗེས་བཀྲ་བས
ཉི་ངོགས་ཀྱི་དག་ཞིང་ཁྲོད་ན་འགྲེང་པའི་སྤྱན་ལྡན་ཚོས
ཁ་སང་གི་རྐང་རྗེས་དེ་དག་སྒོམ་བཞིན
གླེང་མི་ཚར་པའི་མེ་འུབས་སུ་འཛུལ་སོང་

༢༽
རི་རབ ས་གཞི་ཡི་སྲོག་ཤིང་ཡིན་ཟེར
རྒྱ་མཚོ མིག་ཟུང་གི་ནམ་མཁའ་ཡིན་ཟེར
འོན་ཀྱང་སྦྲ་ནག་གི་སྒེའུ་ཁུང་ལས་འཕོས་པའི་མེ་འོད་སར
མཆོད་རྟེནགྱི་བང་རིམ་ཇི་ལྟར་གླེང་ཡང་
ཁ་སང་གི་རྐང་རྗེས་རྒྱག་སྟངས་དེས
དེ་རིང་གི་ཁ་དབུགས་ཡོད་ཚད་རྙོག་སོང་
༣༽
ཁ་སང་ནི་གཏམ་རྒྱུད་རེད གླེང་རིན་ཅི་ཡོད
ཤི་ཟིན་པའི་རྣམ་ཤེས་བསྐྱར་དུ་སློག་མི་ཐུབ་ཟེར
འདི་ཡང་བྲག་ཆ་རེད གཟུགས་བརྙན་རེད
བཞུར་ཟིན་པའི་མིག་ཆུ་དང་ཁྲག་རླབས་ཡོད་ཚད
དེ་རིང་ནི་དབྱང་གཞུང་དྭངས་མ་འདི་ཉིད་ཡིན
༤༽
དག་ཞིང་ སྨུག་ཁྲོད་ན་ཕར་ཕར་བཞུར་དུས
ལམ་མདོ་རུ་དཔར་པའི་རྐང་རྗེས་ཇེ་གསལ་ནས་ཇེ་གསལ་བཀྲ
འོ་ན་ འདི་ཐམས་ཅད་རྣམ་ཤེས་བོར་པའི་བེམ་རོ་ཡིན་ནམ
གཏན་ནས་མིན གཏན་ནས་མིན གཏན་ནས་མིན
རྐང་རྗེས་འདི་ཀོ་རླབས་གསེབ་ནས་གསོན་ཤུགས་ཧ་ཅང་རྒོད་པས་
ནམ་ཡང་ང་ཚོའི་ང་རྒྱལ་ཡིན
༥༽
ཅི་ཡིན་ནམ ཅི་ཡིན་ནམ
མེ་ཏོག་དུ་མ་ཞིག་གིས་དུས་གསུམ་གྱེར་མ་ཐག
ཉི་མའི་བྲང་ངོས་སུ་བྱ་ཚོགས་ལ་ལྗང་མདོག་ཅིག་མངོན་ཡང
མུན་ནག་དཀྲོག་པའི་གློག་སྒྲོན་གྱིས་
ལྗང་མདོག་འདི་ཡི་ཁྲོད་ན་སྐྱ་བོ་གླེང་བྱུང་
ད་དུང་ སྐྱ་བོ་ནི་ནམ་ཡང་སྐྱ་བོ་རེད་
ལྗང་མདོག་ཀྱང་ནམ་ཡང་ལྗང་མདོག་རེད
ཉི་མ་མེད་པའི་བགྲོད་ལམ་དུ་
ང་ཚོས་ངོས་གཉིས་ཀ་ནས་གླེང་དགོས་ཀྱང་ཟེར
༦༽
ཐལ་ཕུང་ ང་ཡི་ངོ་གདོང་ཡིན་ནམ
མེ་ཏོག་ ང་ཡི་རྒྱལ་ཁ་ཡིན་ནམ
ཆུ་བོ་མར་འགྲོའི་ཤུལ་དུ
སྤྲོ་ཚོགས་ཀྱི་སྡིངས་ཆ་སྟེང
ནམ་མ་ལངས་པའི་ཉི་མ་སེར་པོ་ཞིག
ལྕེ་ནར་ནར་བྱས་ཀྱང་
ཁོ་ཡི་ཁ་མཆུ་ནི་ནམ་ཡང་སྟོང་གཟུགས་ཡིན
ནམ་ཡང་ཀླད་ཀོར་ཡིན་་་་་

༢༠༡༠ ༢ ༢༣ཉིན་ངྷ་ས་རུ་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།