བརྩེ་གདུང་གི་མནར་གཅོད།

གྲོགས་cཚབ་ཏུ་བྲིས།
བརྩེ་བའི་འདམ་དུ་ཟུག་པའི་ཤ་རུས་གསེབ།།
བརྗོད་བྲལ་ལན་ཆགས་འཐུག་པོའི་མེ་ཏོག་བཞད།།
ཚེ་སྲོག་རྟ་རྔ་ཕྲ་མོའི་ཁུག་སོ་ན།།
བཅུད་ལྡན་འབྲས་བུ་སྨིན་པའི་རེ་སྒུག་བྱས།།

ཁུ་བྱུག་མགྲིན་སྦུ་འགག་པའི་བྱེ་ཐང་སྟེང་།།
རྣམ་ཤེས་མགྲོན་ཁང་ནང་དུ་འཁྱར་མ་འཁྱོག །
དགུན་དུས་ཡ་ང་བྲལ་བའི་ཁ་ཆར་གྱིས།།
ནག་གསེབ་མགྲོན་སྔོན་མོའི་རང་ཚུགས་འཁྱེར།།

ཁྲུང་ཁྲུང་འཕུར་སྟངས་ཞིག་ལ་མིག་ཅེར་ནས།།
ཚ་གྲང་དབྱེ་བ་འབྱེད་པའི་ཚོར་ཤེས་ནུབ།
འཕུར་ཤུལ་མཁའ་ལམ་བཞག་པའི་སྒྲོ་ཐལ་རྣམས།།
རྒྱུན་སྤྱོད་འཚོ་བ་སྐྱུར་མོའི་སྲོག་ཏུ་གྲུབ།།

འཇིག་རྟེན་ཁ་མདོག་སྙིང་ཁ་ངོས་བསྡུས་ནས།།
ཁེར་སྐྱེས་མེ་ཏོག་ཞིག་གི་མཛེས་སྡུག་བཞེངས།།
རྙིང་སོང་འདབ་ལོ་སྙིང་གི་དཀྱིལ་ལྷུང་ནས།།
བཅོས་བྲལ་ནད་རྙིང་ཞིག་གི་ན་ཟུག་སློང་།།

བསྒོམ་བྱ་བྲང་ཁ་ངོས་ནས་སྲར་སོང་བའི།།
སྨག་རྭར་དུང་མདོག་ཁྱབ་པའི་དྲང་སྲོང་གང་།།
བྱིན་རླབས་དྲོན་མོས་སྙིང་ཁར་མ་གསོས་ན་།།
རྣམ་ཤེས་བྲང་ཁོག་གཏོར་ནས་འཕུར་ཉེན་ཆེ།།
༢༠༠༧ ༨ ༡༧ཉིན་རང་ཤག་ཏུ་བྲིས།      ལྷོ་ཕྱོགས་ཕོ་ཉ་ཐོག་ཏུ་བཀོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།