ཁྲི་ཏུའུ་རུ་རྩོམ་རིག་གི་བདག་དབང་འཚོལ་བ་ཞེས་པའི་བགྲོ་གླེང་ཚོགས་པ།

༼བདག་གི་གྲོགས་པོ་བགྲོ་གླེང་ཚོགས་འདུ་དེ་གོ་སྒྲིག་བྱེད་མཁན་རྩོམ་པ་པོ་གངས་དགའ་འཁྱམ་པོའམ་ལྕགས་ར་དཔལ་འབར་བསྟན་པ་བློ་གྲོས་ལགས་ཀྱིས་གནས་ཚུལ་འདི་བཏང་སྟེ་ཕྱི་ཕྱོགས་དྲ་བར་འགོད་དགོས་པའི་རེ་སྐུལ་བྱས་པ་བཞིན་ཁོ་བོས་ཟིན་བྲིས་སུ་བཀོད་པ་ཡིན།༽

ཁྲི་འདུ་ནས་སྤེལ་བའི་རྩོམ་རིག་གི་བདག་དབང་འཚོལ་བ་ཞེས་པའི་བགྲོ་གླེང་ཚོགས་ཐེངས་གཉིས་པ།

ཆོས་དཔལ་བཟང་པོ།

དང་པོ། ཚོགས་འདུ་ཚོགས་ཡུལ ཁྲི་འདུ་གྲོང་ཁྱེར་གྱི་ཁམས་པའི་བོད་ཟས་ཁང་།

གཉིས་པ། ཚོགས་འདུའི་སྦྱར་བྱང་། «རྩོམ་རིག་གི་བདག་དབང་འཚོལ་བ།»

གསུམ་པ། ཚོགས་འདུའི་དུས་ཡུན། ༢༠༡༠ལོའི་ཟླ་༡པོའི་ཚེས་༢༤ཉིན།

བཞི་པ། ཚོགས་འདུའི་མདོ་འཛིན་པ། སྒོ་ཡོན།

ལྔ་པ། ཚོགས་འདུའི་ལས་འཛིན་མི་སྣ། གངས་དགའ་འཁྱམ་པོ། སྨོན་ལམ་རྒྱ་མཚོ།

དྲུག་པ། ནང་དོན་མདོར་བསྡུས།

ཕྱུག་པོའི་རྟ་ཕོ་རྟ་རེད།མེད་པོའི་ར་མ་རྟ་རེད།རྩོམ་ཡིག་གང་ཞིག་ཡིན་རུང་དེ་རྩོམ་པ་པོའི་ངོས་ཐད་ནས་བཤད་ན་དེ་ནི་ཁོང་གི་རྣམ་ཤེས་ཀྱི་རྒྱུན་བསྲིང་བ་དང་ཁ་སྐོང་བའི་བརྒྱུད་རིམ་ལས་བྱུང་བའི་ཚོར་འདུའི་ངལ་རྩོལ་གྱི་ཐོན་འབྲས་ཤིག་ཡིན་པས།དེར་བརྗོད་བྱ་རྗོད་བྱེད་ཀྱི་དབྱེ་བ་མེད་པར་ཚང་མར་རིན་ཐང་ངེས་ཅན་རེ་ལྡན་པ་ཡིན།དེས་ན་སྤྱི་ཚོགས་གླེང་བརྗོད་ཀྱི་རྩོམ་པ་པོའམ།དེང་རབས་སྙན་ངག་གི་རྩོམ་པ་པོ།ཡང་ན་གནའ་རྩོམ་དང་བརྩམས་སྒྲུང་བརྩམས་ཆོས་ཀྱི་རྩོམ་པ་པོ་སོགས་སུ་ཞིག་ཡིན་རུང་རང་ཉིད་ཀྱི་རྩོམ་ཡིག་ལ་ཚིག་དོན་ཡོངས་ཀྱི་ཚེ་སྲོག་ཞུགས་ཡོད་པའི་འདུ་ཤེས་ཀྱིས་རང་རྩོམ་ལ་མཐོང་ཆེན་དང་གཞན་རྩོམ་ལ་བརྩི་བཀུར་བྱེད་པ་གལ་ཆེ། དེ་བཞིན་དུ་རྩོམ་ཡིག་སྤེལ་ཀྱང་རུང་ལ།སྐད་ཆ་བཤད་ཀྱང་ཆོགམདོར་ན་རང་ཉིད་ཀྱི་བཤད་པ་དེར་རང་ཉིད་ཀྱིས་འགན་ཁུར་ཐུབ་དགོས་ལ།སྤྱི་ཚོགས་དང་མི་སྒེར་གང་རུང་གིས་རྩད་ཆོད་དང་དོགས་འདྲི་ཅི་ཞིག་བགྱིས་ཀྱང་དེ་ལ་དེར་བསྟུར་གྱིས་དྲིས་ལན་དང་བདག་དབང་ཐུབ་པ་བྱེད་དགོས།དེ་བཞིན་དུ་གཞན་རྩོམ་གྱིས་ལུང་དྲངས་བར་ཁུངས་གསལ་བོར་འགོད་དགོས་ལ།རང་རྩོམ་གྱི་བདག་དབང་གང་འདྲ་ཡིན་པའི་སྐོར་གྱི་གསལ་བཤད་དམ་རྩོམ་པ་པོའི་མཚན་འགོད་དགོས།དེ་མིན་རྩོམ་ཡིག་ལ་རྩོམ་ཡོན་ལེན་པ་དེ་གལ་ཆེ་ལ་དེའི་ཚད་གཞི་ནི་ད་སྐབས་རྒྱལ་ཁབ་རིམ་པའི་དུས་དེབ་དང་ཚགས་པར་ནང་ལྟར་བྱ་ཆོག་ལ།གླུ་ཚིག་རེ་ཡིན་ན་ཆེས་ཆུང་རུང་།ཤོ་ལོ་ཀ་རེར་དམངས་སྒོར་༢༥ཡིས་བརྩིས་པའི་ཤོ་ལོ་ཀ་བཞི་ཅན་ཀྱི་གླུ་ཚིག་གཅིག་ལ་སྒོར་བརྒྱ་ཡིན་ཆོག་ཅིང་།ཤོ་ལོ་ཀ་དེ་ལས་ཉུང་བ་ཡིན་ནའང་གང་ལྟར་གླུ་ཚིག་ཅིག་ཏུ་གྲུབ་པ་ནས་དམངས་སྒོར་བརྒྱ་ནི་ཆེས་མ་མཐའི་རྩོམ་ཡོན་ཡིན་པའི་གཏན་འཁེལ་བྱས་པ་ཡིན།ཡིན་ནའང་།རྩོམ་ཡོན་ལེན་པ་དེ་ནི་རིག་གནས་དང་དུས་ཚོད་ལ་བརྩི་མཐོང་བྱས་པའི་ཀུན་སྤྱོད་བཟང་པོ་ཞིག་ཡིན་གྱི་རིག་གནས་རིན་གྱིས་འཇལ་བའི་བྱ་སྤྱོད་ཅིག་ལ་བརྩིས་ཏེ་རྩོམ་ཡོན་ལེན་མཁན་ཚོར་མཐོང་ཆུང་བྱེད་པ་དང་རྩོམ་ཡོན་གྱི་ཆེད་དུ་འགལ་ཟླ་བ་སོགས་ནི་དུས་དང་མཐུན་པའི་བྱ་སྤྱོད་མིན་པ་ཀུན་གྱིས་ངེས་དགོས་པའི་གནས་ཡིན་པ་སོགས་སོ།།

བདུན་པ།བགྲོ་གླེང་གི་གྲོས་ཆོད།

༡༽སྤྱིར་ཐེངས་འདིར་གནས་སྐབས་རིང་ལག་བསྟར་བྱ་འོས་ཀྱི་སྒྲིག་གཞི་ཞིག་གཏན་འབེབ་བྱས་པ་ཙམ་ལས་གྲོས་ཐག་སྦད་དེ་བཅད་པ་མེད་ཅིང་ཆོད་ཀྱང་མི་ཐུབ་རུང་།དམིགས་ཡུལ་དང་ཕུགས་རེ་གཅིག་པའི་གྲོགས་པོ་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་གནང་ཞིང་མ་འོངས་པར་སྒྲིག་གཞི་དེ་འཐུས་ཚང་ཞིག་འོངས་བར་འབད་པ་ནི་ང་ཚོའི་རེ་བ་དང་གྲོས་ཆོད་དང་པོ་ཡིན།

༢༽ང་ཚོས་འབྱུང་བཞིའི་ཕུང་བོས་གཞན་ལ་མགོ་བསྒུར་དགོས་བྱུང་རུང་རྣམ་ཤེས་ཀྱིས་མགོ་བོ་བསྒུར་མི་རུང་བ་ཅི་བཞིན་གླུ་བ་ཞིག་གམ་དུས་དེབ་ཅིག་ཏུ་རང་རྩོམ་འབུལ་སྐབས་རྩོམ་གྱི་བདག་དབང་འཆོར་མི་རུང་བ་དེ་ཐེངས་འདིའི་གྲོས་ཆོད་གཉིས་པ་པའོ།།

༣རིག་གནས་དང་དུས་ཚོད་ལ་བརྩི་འཇོག་བྱ་ཆེད་ཙམ་དུ་ཡིན་རུང་།གཞན་གྱི་རྩོམ་ཡོན་སྟེར་ན་ངེས་པར་དང་དུ་ལེན་པའི་འདུ་ཤེས་ཆགས་དགོས་ཤིང་།རྩོམ་ཡོན་ལ་གླུ་ཚིག་རེ་ཡིན་ན་ཆེས་ཆུང་བའི་སྒོར་གྲངས་བརྒྱ་ཡིན་པ་ལས་ཕུད་གཞན་དག་ནི་དུས་དེབ་དང་ཚགས་པར་གང་གིས་དམིགས་ཡུལ་དང་བསྟུན་ཏེ་ལེན་པའམ་ཡང་ན་རྒྱལ་ཁབ་རིམ་པའི་དུས་དེབ་སོགས་ལ་དཔེ་བལྟས་ནས་ལེན་པ།གཞན་རྩོམ་པ་པོ་རང་ཉིད་ཀྱི་རེ་བ་དང་བསྟུན་པ་སོགས་བྱ་འོས་པ་ནི་ཐེངས་འདིའི་གྲོས་ཆོད་གསུམ་པའོ།།

བརྒྱད་པ།ཚོགས་འདུའི་མ་འདང་ས།

༡༽དུས་ཚོད་དམ་འཛིན་དང་ཁ་ཕྱོགས་གཅིག་གྱུར་བྱེད་པར་དང་པོ་ནས་ཚོགས་འདུའི་བརྡ་སྤྱོར་ཡང་དག་སྤེལ་མ་ཐུབ་པ།༼ཚོགས་འདུ་སྤེལ་ཡུལ།སྤེལ་ཡུན།ནང་དོན་སོགས༽

ཚོགས་འདུ་མ་ཚོགས་བའི་སྔོན་ནས་ཁ་ཕྱོགས་གཅིག་གྱུར་ཡོང་བར་དཔྱད་རྩོམ་མམ་གླེང་བརྗོད་རྩོམ་ཡིག་བསྡུ་རུབ་བྱས་ཤིང་།རིགས་མཐུན་གྱི་རྩོམ་པ་པོ་དག་ལ་ཕྱོགས་གཅིག་ཏུ་ཚོགས་ཆུང་བགྲོ་གླེང་གི་གོ་སྐབས་སྟེར་བ་དང་བསྟུན།མཐར་འཐུས་ཚབ་མི་སྣས་ཚོགས་ཆུང་བགྲོ་གླེང་གི་གྲོས་ཆོད་དམ་ནང་དོན་གཙོ་བོ་ཞུ་འབུལ་བྱེད་པ་སོགས་བྱ་བའི་གོ་སྐབས་མ་ཡོད་པ།

སྤྱིར་ཐལ་ཆེ་བའི་དམངས་གཙོ་ནི་དུས་ཚོད་འཕྲོ་བརླགས་བྱེད་པ་དང་གཅིག་མཚུངས་ཡིན་རུང་།ཐ་ན་ཚོགས་མི་རེ་རེས་རང་གི་ཤོད་འདོད་པའི་སྐད་ཆ་དེ་དག་ཡིད་ཚིམས་པ་ཞིག་ཤོད་ཐུབ་པ་ནི་ནམ་ཡང་ཚོགས་ཞུགས་ཀྱི་གོ་སྐབས་ཕྲ་བའི་མི་སྣ་རེར་མཚོན་ན་ཤིན་ཏུ་ཡིད་ཕངས་བ་ཞིག་ཡིན་པས།ཉིན་ཕྱེད་ཙམ་ལས་དུས་ཚོད་ཡིད་ཚིམས་པ་ཞིག་ཡོད་མ་ཐུབ་པ་སོགས་སོ།།

དགུ་པ།གཞན་པའི་རེ་བ་འགའ།

ཚོགས་འདུ་དེ་འདྲ་རེ་སྤེལ་བའི་རྗེས་སུ་ཆེད་དམིགས་ཀྱིས་ཚོགས་པ་རེ་འཛུགས་པའམ་དུས་དེབ་རེ་སྤེལ་བ།ཡང་ན་དྲྭ་ཚིགས་རེ་བཟོ་བ་སོགས་ནི་ཚོགས་འདུ་ཐོན་འབྲས་ཅན་དུ་བསྒྱུར་བའི་ཐབས་ལམ་ལེགས་ཤོས་ཡིན་པ་བཅས་སོ།།

ཐེངས་འདིའི་ཚོགས་མི་དག་གི་ངོ་སྤྲོད་བསྡུས་པ།
གངས་དགའ་འཁྱམས་པོ།

སྨོན་ལམ་རྒྱ་མཚོའམ་ལྷོ་སྤོས་དཀར།

སྒེར་གཉེར་དུས་དེབ་ལྷག་བསམ་གྱི་རྩོམ་སྒྲིག་པ། ད་རེབ་རྩོམ་རིག་གི་བདག་དབང་འཚོལ་བ་ཞེས་པའི་འདུ་ཚོགས་འདིའི་གཙོ་བསྒྲུབ་མི་སྣ། ཁོང་གིས་གླེང་སྟིགས་འདིའི་ཐོག་གསུང་རྒྱུ་གླུ་ཚིག་ལ་ངེས་པར་རྩོམ་རིན་ལེན་དགོས་ཚུལ་དང་ རྩོམ་ལུས་གཞན་དག་བསམ་བློ་ཞིབ་མོ་མ་བཏང་ན་རྩོམ་རིན་དགོས་མིན་བཤད་མི་ཤེས་པས་རྩོམ་རིན་དགོས་ ཅེས་ལག་པ་གནམ་ལ་མི་ཀེར་ཞེས་ཁ་གསལ་བཤད་སོང་།

སྨིན་དབུས་པོ། གཉེན་པོ་གཡུ་རྩེའི་རྩོམ་སྒྲིག་པ། ལོ་རབས་བརྒྱད་ཅུ་པའི་ནང་རྩོམ་སྒྲིག་དང་རྩོམ་འབྲིའི་ལམ་ཁ་ལ་ཞུགས་ནས་ལོ་ངོ་མང་དག་བྱ་བ་འདིའི་ཕྱོགས་ལ་འབད་པའི་གྲྭ་བཙུན་ཞིག ཁོང་གིས་བཤད་རྒྱུ་གོང་རིམ་འདི་དག་རྒྱུད་ནས་བྱུང་ཡང་རྩོམ་རིན་ཞིག་ལེན་མ་མྱོང་ཡང་ མ་འོངས་རྩོམ་རིག་གི་གནས་བབས་དང་རྩོམ་རིག་དཔལ་འབྱོར་གྱི་ལམ་ཁ་ལས་འགྲོ་ཕྱིར་དང་སྲོལ་ཞིག་ཆག་པའི་ཆེད་གླེང་ཕྱོགས་འདི་དང་ན་གཞོན་དག་ལ་ཐད་པ་དང་རྒྱབ་སྐྱོར་ཡོད་ཅེས་གསུང་།

སྟགས་ཐོག་འཇིགས་པོའམ་སྒེའུ་ཁུང་། ན་གཞོན་གྱི་གྲལ་ནས་སྙན་དེབ་ཀྱི་གྲངས་ཅུང་མང་བའི་གྲྭ་གཞོན་སྙན་ངག་པ་ཞིག ད་ཐེངས་འཆད་དོན་རྩོམ་པ་པོ་རང་ཉིད་ཀྱི་བརྩམས་ཆོས་ལ་བདག་དབང་དང་རྩོམ་རིན་རང་བཞིན་ཅན་ཏུ་གྱུར་ན་རྩོམ་རིག་ལ་ཡར་རྒྱས་དང་བརྩི་འཇོག་གི་རྣམ་པ་གསར་བ་ཞིག་ཆག་ཅེས་དང་བར་བར་ནས་བསམ་བློ་མི་འདྲའི་བར་ན་བསམ་ཚུར་འགའ་ཡང་བཤད་སོང་། གཡུ་མཚོ། ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ། སློབ་ཆེན་དེའི་དུས་དེབ་དག་གི་རྩོམ་སྒྲིག་བྱེད་མྱོང་ཞིང་ལོ་གཅིག་ཙམ་ནས་དྲ་ཐོག་ཟིན་བྲིས་པ་དག་ལ་ཅུང་ཆ་རྒྱུས་ཡོད་པའི་ཟིན་བྲིས་པ་ཞིག ཁོ་མོ་ཡིས་ད་རེབ་འཆད་རྒྱུ་བོད་ལ་ད་ལྟ་རྩོམ་རིན་ལེན་པའི་དུས་ཚོད་ལ་སླེབས་མེད་ ཚུལ་དང་རྩོམ་སྒྲིག་པ་ལ་དཀའ་ངལ་ཡོང་ལུགས་སོགས་བཤད་ཅིང་རྩོམ་རིན་ལེན་རྒྱུ་ལ་ཁོ་མི་ཐད་ཅེས་བཤད་སོང་།

ཤེས་རབ་ཡེ་ཤེས། སྐུལ་འདེད་རྩོམ་སྒྲིག་པ། ད་རེབ་ཀྱི་ཚོགས་མི་དག་ཡུན་ཏུ་འབྲེལ་འདྲིས་དགོས་ཚུལ་དང་མིག་མདུན་གཅིག་པའི་ཐོག་བྱ་བ་མཉམ་བསྒྲུབ་ཀྱི་རེ་བ་ཞིག་སྟོནསོང་།

བསོད་དར། རྭ་རྒྱ་ཤེས་རིགས་སློབ་མའི་མཐར་ཕྱིན་སློབ་མ། རྩོམ་བདག་དབང་དེ་བརྗོད་བྱ་དང་བརྗོད་བྱིད་གཉིས་ཀྱི་ཐོག་ནས་གྲུབ་དགོས་ཚུལ་དང་རྩོམ་ཡིག་སྤྱི་ཚོགས་ ན་ནུས་པ་མེད་ན་རྩོམ་རིག་གི་བདག་དབང་མེད་ཅེས་དང་། རྩོམ་རིག་གི་ཚད་མེད་ན་རྩོམ་སྒྲིག་པས་བསྒྱུར་བཅོས་བྱེད་ཀྱང་སྐྱོན་མེད་ཅེས་བཤད་སོང་།

པད་མ་རྡོ་རྗེ། ཁྲོམ་ལྗོངས་ཡུལ་གྱི་གྲྭ་བཙུན་རྩོམ་པ་པོ་ཞིག འཆད་རྒྱུ་འདུ་འཛོམ་ན་ཡོད་པ་དག་གིས་རྩོམ་རིན་དགོས་མིན་དང་བདག་དབང་གང་ལྟར་ཡིན་ཐག་བཅོད་དགོས་ཅེས་ལབ་སོང་།

ཆོས་དཔལ་བཟང་པོ། བོད་ཁུལ་གྱི་གྲོང་སྡེའི་རྒྱུན་བསྲིང་འཐུས་པའི་འཕེལ་རྒྱས་ལས་གཞི། རྩོམ་རིག་བདག་དབང་ངེས་པར་དགོས་ལུགས་དང་རྩོམ་ཡིག་མང་ཚོགས་ལ་ཕན་པ་བྱུང་སོང་ན་ རྩོམ་རིན་དགོས་ཅེས་བཤད་མི་ཕོད་ཀི་ཡིན་ཡང་རྩོམ་རིན་སྟེར་ན་ངེས་པར་དུ་ལེན་དགོས་ཅེས་བཤད།

དཔལ་ལྡན་རྒྱ་མཚོ། རྫ་ཆུ་ཁའི་གྲྭ་བཙུན་རྩོམ་པ་པོ་ཞིག བཤད་རྒྱུ་རྩོམ་ཡིག་ནི་མི་རང་ཉིད་ཀྱི་རྣམ་ཤེས་ཀྱི་གྲུབ་ཆ་བེད་སྤྱད་པའི་བྱ་བ་ཞིག་ཡིན་པས།རྩོམ་ཡོན་ཆུང་ཆུང་ཞིག་ཚད་བཞག་ན་བོད་ཀྱི་རྩོམ་རིག་ལ་ཕན་ཡོད་པ་ལྟ་ཅི་ཙོམ་རིག་ལ་རྡོག་རྫིས་བཏང་བ་རེད་ཅེས་བཤད་སོང་།

གླུ་བ་རིག་དགའ། བོད་ཡུལ་ན་ཅུང་གྲགས་པའི་གླུ་བ་ཞིག ད་རེབ་འདུ་ཚོགས་འདི་ལ་ཐད་པ་དང་དགའ་བ་ཆེན་པོ་ཡོད་རབས་དང་གླུ་ཚིག་གི་བསྐོར་གྱི་ཉམས་མྱོང་སྐད་ཆ་འགའ་དང་མུ་མཐུད་ནས་བགྲོལ་གླེང་འདི་ཚོགས་པའི་རེ་བ་དང་རོགས་སྐྱོར་ཡོད་རབས་བཤད་སོང་།

ཡུག གསེར་རྟ་སློབ་འབྲེང་གི་དགེ་རྒན། འདུ་ཚོགས་འདི་ཡི་ཐོག་རྩོམ་རིག་གི་བདག་དབང་ངེས་པར་རང་ཉིད་ལེན་དགོས་པ་དང་ངེས་པར་འགན་འཁུར་དགོས་ཅེས་ལབ་སོང་།

སྒྲུབ་པ་སྐྱབས། གསེར་རྟའི་དགེ་རྒན། རྩོམ་རིག་བདག་དབང་བསྐོར་ལ་དམིགས་གང་མ་བཤད་ཐ། བློ་བཟང་བསྟན་འཕེལ། གསེར་རྟ་བོད་ཡིག་དཔར་ཁང་ཞིག་གི་གཙོ་འཛིན་པ། རྩོམ་རིག་གི་བདག་དབང་རྩོམ་ཡིག་རང་ངོས་ནས་དགོས་ཅེས་བཤད་སོང་།

གངས་དགའ་འཁྱམ་པོ། མདུན་བསྐྱོད་ལོ་དེབ་ཀྱི་རྩོམ་སྒྲིག་པ། ད་ཐེངས་འདུ་ཚོགས་ཀྱི་གཙོ་བསྒྲུབ་མི་སྣ། བཤད་དོན་རྩོམ་རིག་འདི་གོ་དང་ཐོབ་ཐང་ཁྱབ་རྒྱ་ཅན་ཞིག་གྱུར་དགོས་ངེས་པར་དུ་དཔལ་འབྱོར་ལམ་ནས་འགྲོ་དགོས་ཅེས་བཤད།

སྒོ་ཡོན། བོད་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་ད་ཐེངས་ཀྱི་མདོ་འཛིན་པ། གྲོས་གཞི་མང་པོ་སྟོན་པ་དང་བསམ་བློ་མི་འདྲའི་བར་ན་བསམ་ཚུལ་འགའ་བཤད་ཅིང་གཙོ་བོ་རྩོམ་རིག་མང་ཚོགས་ཀྱི་འདིང་འཇོག་དགོས་ན་རྩོམ་རིན་སོགས་དཔལ་འབྱོར་གྱི་ལམ་དཀའ་མོ་ཞིག་ནས་བརྒྱུད་དགོས་ཅེས་བཤད།

གཏམ་བཤད་མ་བྱས་པའི་ཚོགས་མི། སྟག་ལྷ་ཉི་མ། ཆབ་མདོ་ཡུལ་གྱི་ན་གཞོན་གླུ་བ་ཞིག

ཐུབ་བསྟན་སྒྲོན་མ། གསེར་རྟ་སློབ་འབྲེང་གི་སློབ་མ།

ཤེས་རབ་དཔལ་འབྱོར། གསེར་རྟའི་གྲྭ་བ།

སློབ་བཟང་ཆོས་འཕེལ། གསེར་ཟམ་རོགས་སྐྱོར་ཚོགས་པའི་ཚོགས་མི།

ད་དུང་ཚོང་བ་དང་གྲྭ་བཙུན་འགའ་ཞིག་ཚོགས་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༩༢༠༡༠༡༦༢༡
མི་རབས་གསུམ་པ་ཟེར་བ་དེ་ཚོ་ལས། ལྡབ་མང་པོས་དྲག་འདུག ཐྱུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།