ལྕགས་གོང་དམར་པོ་ཡིས་འཚིག་སྟངས།

མོ་པས་ཤོ་རྡོ་འཕེན་སྟངས་ཞིག་གིས་གྲོན་མེད་མིང་གཞི་གདོང་ངོས་ཕབ།
སྙིགས་རོ་དྲི་ངན་འཐུག་ས་ཞིག་ནས་དྲོད་འཇམ་གནས་མལ་ལག་ཏུ་སོན།།
གདོད་མའི་བ་ཚྭས་རྙོག་སྟངས་འདི་ཡིས་རི་བོ་ཡོད་ཚད་རྐང་འོག་ཚུད།།
གནམ་སའི་བར་ཐག་བློས་དཔོག་བྲལ་བས་ས་གཞིས་ནམ་མཁའི་ཚབ་བྱས་ཟེར།།

ཐོག་རེག་བྲལ་བའི་བྲག་ཅ་སྙན་པོས་འབར་འབུར་རི་བོའི་བ་སྤུ་སློང་།།
འཇམ་གཉེན་ཕྱག་གི་སྟངས་སྟབས་འོག་ན་ཕ་མའི་ཤ་ཁྲག་ཚ་རླངས་འཕྱུར།།
ཉི་འོད་བཀྲ་བའིི་གུར་ཁྱིམ་ནང་དུ་བཟོད་གླགས་བྲལ་བའི་འཁུན་སྒྲ་ལྕི།།
ཉི་ཐིགས་འདི་ཉིད་འཕར་སྟངས་བཞིན་དུ་གནམ་འོག་འདི་ན་གསལ་ཆ་དབེན།།

སྒྱུ་འཕྲུལ་ལྟ་བུའི་རོལ་མོའི་སྟེགས་བུར་ལྕགས་གོང་གསེར་གྱི་མཎཌལ་བཞིན།།
རབ་རིབ་སླད་པའི་སྤྱན་ཟུང་ཁ་ན་ཐོ་ཡོག་དར་གྱི་ཁ་བཏགས་བཞིན།།
སྒྱུ་མའི་ཁ་བཏགས་བག་མེད་འཐུང་ཏེ་སྒོ་གསུམ་བརླན་གཤེར་མེ་ཡིས་འཚིག།
དྭངས་གཙང་ཁ་བའི་བྲང་ཁ་དཀྱིལ་དུ་སོལ་ནག་ཕུང་པོས་རི་བོ་བསླངས།།

ཡན་ལག་ཞར་བའི་ནད་པ་བཞིན་དུ་འཁོར་ཚོགས་གཉའ་བ་གདན་དུ་བསྟིམས།།
ཁ་ཁོག་སྐེམ་པའི་འགྲུལ་པ་བཞིན་དུ་འཁོར་བའི་རྔུལ་ཆུ་རྔམས་འཐུང་བྱས།།
ཟས་སྐལ་ཆད་པའི་སྤྲང་པོ་བཞིན་དུ་གཤིན་པོའི་ཤ་ཁྲག་ཧམ་ཐོབ་རྒྱག
མིང་དོན་བྱེས་བའི་གཏན་ཚིགས་འདི་ཀོ་རང་ངོ་འཇོམ་པའི་ཐོ་བ་བཞིན།།

དུང་ཟླ་ཞལ་ནས་སོལ་ནག་སྐྱུག་རྐྱེན་ལྷད་མེད་རྩྭ་ཐང་གཉེར་མས་ཁེངས།།
གསེར་མདོག་ཕྱག་ལ་མེ་རླབས་མཆེད་དེ་ཏེ་སི་ཞལ་རས་རྩྭ་ལྡུམ་ཁེངས།།
ཤུལ་ལམ་རིང་པའི་འོད་ཟེར་ཞབས་རྗེས་སོལ་བའི་སྤིར་གྱིས་རྩྭ་གསུབ་བྱས།།
རེག་རྒྱུ་མེད་པའི་འཇའ་ཚོན་མཛེས་དཔྱོད་གླེང་སྟེགས་ངོགས་ནས་འབུད་ན་རན།།

་ཡ་མཚན་པའི་གནས་ཚུལ་འགའ་མིག་མཐོང་ལག་པས་ཟིན་ནས་འགོག་མི་ཐུབ་པའི་ཨག་སྐད་འདི་དབང་མེད་ཁ་ནས་ཤོར་ཐལ།༢༠༠༧ ༨ ༩ཉིན་སྐུ་རིང་དུ་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།