བསྟན་པའི་ཀ་ཆེན་གྱེལ་པའི་གདུང་དབྱངས།

གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ལ་རྗེས་དྲན་དུ་ཕུལ།
ངལ་བརྩོན་ཚོགས་ཀྱི་ཟུངས་ཁྲག་སྤྱད་དེ་རིན་ཆེན་གཞལ་མེད་ཁང་བརྩེགས་པའི།།
རྣམ་ཤེས་ཕྲེབ་བ་ཟས་སུ་རོལ་པའི་ལྷ་འདྲེའི་འཚོ་བ་ཁ་གྱེས་ཏེ།།
ཟང་ཟིང་དུག་ཆུའི་བརླན་གཤེར་བྲལ་བའི་རི་ཀླུང་སྟོང་གི་དབེན་གནས་སུ།།
བཤེས་གཉེན་དུ་མའི་རྐང་རྗེས་འཐུང་ཏེ་རྒྱལ་བའི་ཞིང་གི་བཙན་ས་ཟིན།།

རྒྱལ་བའི་ཞིང་གི་ཆུ་སྐྱེས་ཚལ་དུ་ཞི་བའི་སྦྲང་རྩིར་མ་འཁྲེན་པར།།
ཉམ་ཐག་འགྲོ་བའི་ངོ་གདོང་སྐྱུར་མོ་མངར་བའི་སྦྲང་བཞིན་བཞེས་ནས།།
ལྟོགས་སྐོམ་ནད་ཀྱིས་ཚ་གཟེར་བཏབ་པའི་ཉམ་ཐག་འགྲོ་བའི་མིག་སྔ་རུ།།
ཁོག་ཏུ་སྦས་པའི་ཉམས་རྟོགས་མཐའ་དག་ཕངས་པ་མེད་པར་སྐྱུག་འགོ་རྩོམ།།

གངས་རིའི་བུ་མོ་རྨས་སྐྱོན་ཐེབས་ཏེ་བསྟན་པའི་རྣ་རྒྱན་ས་ལ་ཟགས།
སྐུ་ངོས་ཤོ་ཕོར་རང་མགོ་སྐོན་ནས་ཆབ་སྲིད་མངའ་ཐང་རྒྱན་དུ་འཇོག།
ཀླད་པ་ལྗང་ཁུར་མེ་རླབས་མཆེད་དེ་གངས་རིའི་ལང་འཚོ་མར་བཞིན་བཞུར།།
འཁྲུག་ཆ་དོད་པའི་ཐན་རླུང་དེ་ཁྲོད་ཁྱེད་ཉིད་མ་གཟིམ་ས་མཐར་འབར།།

གནམ་ས་བོར་བའི་ངུ་སྐད་རྨས་མར་དྲོན་མོ་མཆུ་ཡིས་གསོན་ཉམས་སྤར།།
དཔལ་འབར་ཐོར་བའི་མེ་སྟག་ཕྲ་མོ་འཇམ་པོ་ཕྱག་གིས་མེ་ཕུང་བསྐྲུན།།
གཟིམ་ལ་ཉེ་བའི་བསྟན་པའི་མར་མེ་བཤད་སྒྲུབ་སྣུམ་གྱིས་ཚེ་སྲོག་གསོ།།
འཆད་རྩོད་རྩོམ་པའི་རྩིག་གདན་བསྟིམས་ནས་སྔ་འགྱུར་བསྟན་པའི་རྨང་གཞི་བསྐྲུན།།

ལུས་ཀྱི་དཀའ་ཁག་བརྒྱ་ཕྲག་གཤར་ཏེ་མཁས་པའི་འདུལ་སྡེའི་གཞི་གདན་རྒྱག།།
འཆད་པའི་མེ་ལྕེ་ཕྱོགས་བརྒྱ་མཆེད་དེ་ཤར་ནུབ་དད་ལྡན་དཀར་ངོགས་དྲངས།།
ཐུགས་རྗེས་ཟག་མེད་གཏེར་དུ་དྲངས་ཏེ་རྩོད་མེད་གྲུབ་པའི་དབང་པོར་བཞེངས།།
བརྗོད་ལས་འགོངས་པའི་དམ་པ་ཁྱེད་ནི་ང་ཡི་སེམས་ཀྱི་དྲོད་ཐིགས་ཅིག།

བསྟན་པའི་མངའ་ཐང་རྒྱ་བསྐྱེད་བཏང་སླད་ཤར་ནུབ་ཡུལ་དུ་བཙན་འཛུལ་བྱས།།
ལེགས་བཤད་གསུང་གི་ཉིགཟེར་རྣོན་པོས་སྣོན་ལྡན་ཚོགས་ཀྱི་བློ་གྲོས་བཞད།།
ཐུགས་བསྐྱེད་བཙན་པོ་ཆོ་འཕྲུལ་ངོམས་ཏེ་གོ་ལ་ཕྱག་གི་རྩེིརུ་བསྐོར།།
མཛད་འཕྲིན་འོད་དཀར་འབར་གས་སོང་ཏེ་གོ་ལ་ཟླུམ་པོར་འོད་ཀྱིས་ཁྱབ།།  

ཐབས་མཁས་སྤྱིད་པའི་མཛད་པ་ཁམས་རྒན་གླེན་པའི་དམོད་ཚིག་བསྲགས།།
རྒྱ་ཆེན་སྤྱོད་པའི་འབྲི་ཆུའི་རླབས་ཀྱིས་ཁམས་པའི་དཔའ་ངར་དར་རྩེར་སྒྲོན།།
རིས་སུ་བཅད་པའི་ལྕགས་དྲ་གཏོར་ཏེ་ཁམས་པའི་དྲངཚུགས་་བདེན་དཔང་བྱས།།
ཐུགས་བསྐྱེད་བློ་མིག་ཁོག་བརྒྱ་བསྐྱེད་དེ་ཁམས་པའི་བློ་ཁོག་ཁྲོམ་བསྒྲགས་གནང་།།

དྭངས་ཞིང་གཙང་པའི་པདྨ་འི་མཚོ་རུ་ཡིག་དྲུག་གཟུངས་ཀྱི་མཆོད་སྡོང་བསླངས།།
བྱིན་རླབས་འབར་བའི་མཆོད་རྟེན་དཀར་པོར་རིན་ཆེན་གསེར་གྱི་ཕྲ་ཚོམས་བཏབ།།
གནམ་ལ་འཕྱུར་བའི་མཚོ་རུ་འབྲི་མོ་འོ་མའི་ཁ་རྒྱན་སྤྲས།།
སྔ་འགྱུར་བསྟན་པའི་རྒྱལ་མཚན་རྩེ་རུ་དྭངས་གཙང་རླབས་ཀྱི་བརྙན་རིས་འཁོར།།

བར་བདོ་ཡུལ་གྱི་བཀོད་པ་མ་ལུས་འཇམ་པོའི་ཕྱག་གི་མཐིལ་ཕབ་ཏེ།།
ལྐོག་འགྱུར་གསང་བའི་ངོ་འཚར་འཚོལ་སླད་མི་ཚརར་རྡུལ་བཤར་པ་ཡི།།
མགོ་སེར་རྒན་པོའི་མིག་གི་མདུན་ན་གློག་བརྙན་བཞིན་དུ་བསྟན་ནས་བཟུང་།།
ནུབ་ཕྱོགས་པ་ཡི་སྐྱེ་འགྲོའི་མིག་ངོགས་གངས་རི་བོ་གསེར་དུ་འགྱུར།།

ལུས་ལ་ཡོད་པའི་ཟང་ཟིང་འབྱོར་བའི་ལོངས་སྤྱོད་ཅི་ཞིག་ཅི་མཆིས་དང་།།
ཁོག་ཏུ་ཞུགས་པའི་ལུང་དང་རྟོགས་པའི་ཡོན་ཏན་རྒྱ་མཚོའི་ཁར་འཁྱིལ་བ།།
འོ་མའི་རྒྱུན་བཟང་གནམ་ལ་ཕྱུར་འདྲའི་གཡས་འཁྱིལ་དུང་གི་གཟུགས་སྤྲུལ་ཏེ།།
བྱེ་ཐང་འདི་རུ་གསུབ་ཏུ་མེད་པའི་བསྟན་འགྲོའི་མཛད་རྗེས་བརྙན་རིས་དཔར།།

བསྟན་སྲིད་ཀ་ཆེན་འགྱེལ་ལ་ཉེ་བའི་དུས་མཐའ་ལོ་ནག་སྐར་ནག་འདིར།།
གངས་ཅན་འགྲོ་བའི་མིག་ཆུ་བོར་ནས་འདི་ལྟར་ཁྲེལ་མེད་གཤེགས་བཟོད་དམ།།
ཕྱིར་མིག་འོག་གི་སློབ་འབངས་རྣམས་ཀྱི་མིག་ཆུའི་གསོན་ཤུགས་ཆེས་འཕར་ཡང་།།
ཐུགས་རྗེའི་འོད་ཀྱི་ཞགས་པ་ལྷོད་ནས་ཞི་བའི་མལ་ཁྲོད་གཟིམ་ཕོད་དམ།།

བསྟན་པའི་ཀ་ཆེན་ས་ལ་འགྱེལ་པའི་མི་སྙན་བྱེ་མའི་ཐལ་འཚུབ་རྣམས།།
ཕྱོགས་མཐར་རྒྱུ་བའི་རླུང་བུའི་ཚོགས་ཀྱི་རྣ་བའི་བུ་གར་དེད་པ་ན་།།
མིག་སྔར་ལངས་པའི་གོ་ལ་ཟླུམ་པོ་མི་སྡུག་ཐལ་སྐྱ་གོ་རིལ་འགྱུར།།
རྣ་ཁར་ལྡིར་པའི་སྐད་སྒྲ་ཡོད་ཚད་མྱ་ངན་སློང་བའི་རོལ་དབྱངས་ཉིད།།  
༢༠༠༩ ༦ ༢༤ ཉིན་བློ་གླིང་ཕྱུགས་གསོ་ཁང་དུ་བྲིས།  

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།