ང་དང་ང་ཡི་ཁོར་ཡུག

བལ་དཀར་ལྟ་བུའི་བརྩེ་གླུའི་སྒུལ་ཤུགས་ཤིག་གིས
དགའ་རོགས་ཀྱི་བྲང་ཤ་ལྟ་བུའི་འཕྲང་ལམ་ནས
ཆེས་དབེན་ཐང་ཐང་གི་བྱེ་ཐང་བདག་པོར་བཀོད  
གནས་འདི་ན་་་་་ངས་རྨི་ལམ་མང་པོ་རྨིས་ཀྱང་
མེ་ལོང་གི་མདུན་ན་ངས་ང་རང་ཐེངས་གཅིག་བཀླགས་དུས
ཨ་མའི་འོ་དྲི་ད་དུང་ང་ཡི་དཔྲལ་བར་འཕྱུར

གཅོང་རོང་ནས་འཕྱུར་བའི་རླུང་འཚུབ་ཀྱིས  
ང་ཡི་དཔའ་རྟགས་གླེང་བཞིན་མཐེ་བོང་སྒྲེང་ཡང  
ང་དང་དང་ང་ཡི་ཁོར་ཡུག་གི་ས་་་་་ཐ་ན་རང་ཉིད་ཀྱི་རྡོག་སྣེ་ཡང་མི་གསལ་བས
ཉི་མ་ནུབ་ཕྱོགས་སུ་བྲེལ་འཚུབ་ཀྱི་རྒྱུ་དུས་འདིར  
ཤོག་ལྷེ་སྟོང་ཕྲག་གི་མདུན་ངོས་བཀླགས་པར་མ་བསྟོད་ཤིག
བག་ཕེབས་ཀྱི་རྐང་བྲོ་འཁྲབ་སར་དེ་བས་ཀྱང་འགྲོ་མི་ཉན

ཞོགས་དུས་སུ་་་་ཁ་ཏྰ་འགའ་ཡིས་ཅོ་སྒྲ་སྒྲོག་བྱུང  
དུ་ལོང་གསེབ་ཏུ་ནུབ་པའི་ང་ཡི་ཁོར་ཡུག
རྒྱལ་ཁའི་མིག་ཟུང་དེ ཆེས་ནག་ཐིང་ཐིང་འགྱུར་ནས
གནམ་རྒན་མོའི་བཀའ་ཡིག་ཀློག་བཞིན་  
རྐང་པའི་འདེགས་འཇོག་རེ་རེས་་་་ཐལ་འཚུབ་བརྡོལ་ཏེ
གནམ་ས་གཉིས་ཀ་མིགམཆུ་ཤོར་ཀྱང
ལང་འཚོ་དར་བའི་མཛེས་མ་ཡོད་ཚད་
ཁ་སང་གི་གཏམ་རྒྱུད་ཁྲོད་ཕྱིར་འབུད་བྱས

ཉི་མ་ནུབ་རི་དང་ཇེ་ཉེ་ཇེ་ཉེ་རེད
སྐྱ་རེངས་ཀྱི་ཁ་ཆེམས་བྲག་ངོས་སུ
མ་ཎི་བཞིན་བཀོད་བྱུང  
འོན་ཀྱང་་་ང་དང་ང་ཡི་ཁོར་ཡུག་་་་བགྲོད་ལམ་ཀྱི་ཐིགས་རིས་དེད་ནས  
མིག་ཟུང་ལ་ཁོམ་པ་གཏན་ནས་མ་སྤྲོད  
ཅི་ཁག་་་ཅི་ཁག་་ང་དང་ང་ཡི་ཁོར་ཡུག་ལ་འདི་སྲུང་བའི་དམག་མི་ཡིན་པས
མ་ཚར་ལ་བརྒལ་བའི་ཆོག་མཆན་མེད

ངམ་དང་ང་ཡི་ཁོར་ཡུག་ ཁ་བའི་འཇིག་རྟེན་ཡིན་ཡང
རྟག་པ་ཐེག་ཟུག་གི་ཁ་བའི་འཇིག་རྟེན་ཅི་ཕྱིར་ཡིན
མེ་ཕུང་གི་རེག་བྱ་མིག་སྔར་བབས་དུས
ང་དང་ང་ཡི་འཚེར་ཕུང་དུ་འགྱུར་འགྲོ  
དེ་དུས་གནམ་ས་གཉིས་ཀ་ང་ཡི་མལ་འཁྲི་ཡིན་དགོད་  
ཅེས་པའི་བསྒྲགས་གཏམ་སྤེལ་ངེས་རེད  

མཚན་ནམ་ཕྱེད་རེད མི་ཉལ་ཁྱི་ཉལ་བརྒྱབ་ཚར་སོང
ང་དང་ང་ཡི་ཁོར་ཡུག་གིས་ཁོ་མོ་ཡི་བ་སྤུ་རེ་རེ་བཞིན་བགྲང  
ནམ་མ་ལངས་བར་དུ ཁོ་མོས་ང་ལ་དམ་པོས་འཁྱུད་ནས་
འོ་ཡང་ཡང་བྱེད་བཞིན་ང་ཡི་འཇོན་ཐང་ཡང་ཡང་གླེང  
ནམ་ལངས་བྱུང ངས་ཁོ་མོར་ཁྱེད་ཀྱིས་འཛུབ་མོ་དགུ་པོ་དེ་བདག་གཅེས་ཡག་པོ་བྱོས་ཟེར་ཏེ  
སྒོར་འབུད་ནས་ཕྱིར་ལོག་དུས ཁོ་མོས་རང་གི་ལག་ཟུང་ང་ལ་སྟོན་བཞིན  
དེ་རིང་ནས་བཟུང་འུ་གཉིས་བར་གྱི་བརྩེ་གདུང་འབྲེལ་བ་གཅད་རྒྱུ་ཡིན་ཟེར  
བློ་གླིང་ཕྱུགས་གསོ་ཁང་དུ་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།